རྔ་བ་རྒྱལ་ཁམས་པ།
གླིང་སྒྲུང་ནི་སའི་གོ་ལའི་རྩོམ་རིག་ལོ་རྒྱུས་ནང་དཔའ་བོའི་རྟོགས་བརྗོད་རིང་ཤོས་ཀྱི་མཚན་སྙན་ཡོད་པ་ཞིག་རེད། དེ་ནི་རྩོམ་སྒྲུང་དང་། བབ་སྒྲུང་གཉིས་ལས་བབ་སྒྲུང་གི་ཁོངས་སུ་གཏོགས་པ་ཤིག་རེད།
རྒྱུས་ལོན་བྱུང་བ་ལྟར་ན་གླིང་སྒྲུང་ལ་ཁྱོན་སྡོམ་སྒྲུང་སྣ་མི་འདྲ་བ་བདུན་ཅུ་དོན་བརྒྱད་ཡོད་པ་དང་། གླེགས་གྲངས་ཀྱི་དབང་དུ་བྱས་ན་པོ་ཏི་བརྒྱ་ཅུ་རྩ་བརྒྱད་ཡོད་པར་བཤད་ལ། ད་ལྟའི་དུས་སུའང་ཕྱོགས་འདིར་བག་ཆགས་སད་པའི་སྐྱེས་བུ་ངོ་མཚར་ཅན་འགའ་རེ་བྱུང་སྟེ་རྩོལ་མེད་ཀྱི་གཏམ་རྒྱུད་རིང་མོ་འདིའི་འཕྲིན་ལས་ཀྱི་འཇུག་པ་མུ་མཐུད་སྐྱོང་བཞིན་ཡོད་འདུག འཛམ་གླིང་འདིའི་སྒྲུང་གཏམ་ལོ་རྒྱུས་ཀྱི་ཁྲོད་ནས་ཧྥ་རན་སིའི་སྒྲུང་གཏམ་རིང་མོ་རྒྱལ་བོ་ཆེན་མོ་སེ་རོ་རི་དང་། ང་ཚོར་གོ་ཐོས་ཡོད་པའི་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ཀྱིས་མཚོན། སྒྲུང་གཏམ་རིང་མོ་ཕལ་ཆེར་ཞིག་རྟག་ཆུ་ཆད་པའི་རྫིང་བུ་ལྟར། ཚིག་དོན་གཉིས་ཆ་རྫོགས་ནས་ལོ་རྒྱུས་ཀྱི་རྩིག་ལྡེབ་གསེང་ཕལ་ཆེར་སྐམ་ཟིན། གླིང་རྗེ་གེ་སར་གྱི་རྟོགས་བརྗོད་དེ་ནི་རྒྱ་ཆེ་ས་ནས་འཛམ་གླིང་འདིར་སྐད་གྲགས་ཆེ་བའི་རྒྱལ་བོ་ཆེན་པོ་དང་། གཡུལ་འཁྲུག་པ་ཆེན་པོ་རེའི་ལོ་རྒྱུས་ཀྱི་ཤུགས་དང་འབྲེལ་བ་ཡོད་ཚུལ་བཤད་པར་བདེན་པའི་ཆ་རེ་ཡོད་སྲིད་ནའང་། རྒྱ་ཆུང་ས་ནས་ནི་བོད་ཡུལ་རང་ནས་བྱུང་བའི་རྒྱལ་བློན་དཔའ་བོའི་དངོས་དོན་གྱི་ལོ་རྒྱུས་ལ་ལྷ་སྣང་ལྟ་བས་མཚར་སྡུག་གིས་སྤྲས་པའི་སྒྲུང་གཏམ་རིང་མོ་ཞིག་ཡིན་པར་ཐེ་ཚོམ་བྱ་མི་དགོས་སྙམ། གང་ལགས་ཤེ་ན། སྒྲུང་གཏམ་གྱི་ལུས་ཧྲིལ་བོར་སངས་རྒྱས་ཆོས་ལུགས་ཀྱི་་བསམ་བློའི་ལྟ་བ་འོ་ཆུ་བཞིན་དུ་འདྲེས་ཤིང་། གླིང་གི་ཡུལ་བཀོད་ཕལ་ཆེར་བོད་ཡུལ་རང་ནས་ངོས་འཛིན་ཐུབ་ཀྱི་ཡོད་པ་དང་། སྒྲུང་གཏམ་ནང་ཡོད་པའི་མིང་བརྡ་ཐ་སྙད་ཕལ་ཆེར་བོད་མི་རིགས་ཀྱི་ཡུལ་སྐད་དང་ཆོས་སྐད་འདྲ་འདྲེ་ལས་བྱུང་ཡོད་པ་དང་། གླིང་སྒྲུང་འདིར་བག་ཆགས་སད་ནས་རྫོགས་མཐའ་མེད་པའི་གླིང་སྒྲུང་གི་རྟོགས་བརྗོད་ཤོད་ཐུབ་མཁན་ཡང་ང་ཚོ་བོད་པ་ལས་མི་རིགས་གཞན་ཞིག་ཡོད་པ་ད་སྔ་ཐོས་མ་མྱོང་། བོད་པས་རྩོལ་མེད་ངང་སྒྲུང་གཏམ་འདི་ངང་ངམ་ཤུགས་ཀྱིས་བཤད་ཐུབ་པ་འདིར། ཆོས་ལུགས་དང་སྐྱེ་བ་སྔ་ཕྱིའི་བག་ཆགས་ཀྱི་རིམ་པ་གཏིང་ཟམ་མོ་ཞིག་བརྒྱུད་ནས་འབྱུང་གིན་ཡོད་པར་བསམ་གཞིག་བྱས་ན་རྟོགས་ཐུབ་པ་ཞིག་ཡིན། ང་ཚོའི་སྙན་ངག་པའི་སྡེར་བཙུར་ནས་བྱུང་བའི་སྙན་ངག་དང་། ཤུགས་འབྱུང་གི་སྙན་ངག་གཉིས་ཀར་ཉམས་འགྱུར་དང་། བརྗོད་བདེ་མིན་གྱི་ཁྱད་པར་ལས་དེའི་རིན་ཐང་ཆེ་ཆུང་ཡང་དཔོག་ཐུབ་པའི་ལྟ་ཚུལ་ཞིག་ཡོད་པ་ལྟར། གླིང་གེ་སར་གྱི་སྒྲུང་འདི་སྤྱིར་བཏང་གི་སྙན་རྩོམ་ལྟར་མ་བྲིས་ན་བཟང་སྙམ། གལ་ཏེ་སྐྱེ་བོ་སྒེར་བ་རེ་རེས་གླེང་རྗེའི་རྟོགས་བརྗོད་རེ་རྩོམ་ཡོང་ན་གླེང་སྒྲུང་རྩོལ་མེད་དུ་འབབ་པའི་ངོ་མཚར་བའི་རིན་ཐང་འདིར་དོ་ཕོག་འབྱུང་སྲིད། བག་ཆགས་སད་སྟོབས་ལས་བྱུང་བའི་གླིང་གི་རྟོགས་བརྗོད་ནི། ཤོད་མཁན་གྱིས་བོད་ཡིག་ཤེས་མིན་དང་། གླིང་སྒྲུང་བཀླགས་ཡོད་མེད་ལ་མ་ལྟོས་པར་སྒྲུང་གང་ཞིག་ཉམས་འགྱུར་ཕུན་སུམ་ཚོགས་པའི་ལམ་ནས་ལེན་ཐུབ་ཀྱི་ཡོད་པ་འདི་རེད། འདི་ལ་ཚེ་སྲོག་གི་རིན་ཐང་དང་། བྱིན་རླབས་ཀྱི་ཚན་ཁའང་མི་འདྲ་བ་རེད་ཡོད་རྒྱུ་རེད་བསམ།
སྒྲུང་མཁན་གཅིག་རེས་ཀྱང་སྒྲུང་སྣ་མི་འདྲ་བ་ཉིས་བརྒྱ་ཙམ་བཤད་ཐུབ།
དཔེར་ན་ངག་རིག གཡུ་སྨན། གྲགས་པ། གུ་རུ་རྒྱལ་མཚན། མང་ངོ་།།
ཡག་པོ་བྲིས་གནང་འདུག གླིང་གེ་སར་གྱི་སྒྲུང་འདི་ལྷ་སྒྲུང་ལྟུ་བུ་ཞིག་ཡིན་ནམ། ཡང་ན་སྔོན་ཆད་བྱུང་མྱོང་བའི་ལོ་རྒྱུས་ཤིག་ཡིན། ང་ཆུང་དུས་གེ་སར་སྒྲུང་ཐེངས་མང་པོ་བཀླགས་མྱོང་། གོ་ཚོད་ལ་གེ་སར་སྒྲུང་བཀླག་ན་གནས་ཆུང་དགའ་ཡི་མི་འདུག་ཟེར། མི་དགའ་དགོས་པའི་རྒྱུ་མཚན་ནི། གནས་ཆུང་ནི་ཧོར་གུར་དཀར་རྒྱལ་པོ་རེད་ཟེར། བདེན་པ་ཡིན་མིན་མི་ཤེས། །
བབ་སྒྲུང་གཉིས་ལས་བབ་སྒྲུང་གི་ཁོངས་སུ་གཏོགས་པ་ཤིག་རེད།་ཟེར་
དེ་ཟེར་ན་གླིང་སྒྲུང་ལ་རྒྱུས་མེད་རྒྱུས་གཏམ་རང་རེད། གླིང་སྒྲུང་ལ་བབ་སྒྲུང་དང་པྲ་སྒྲུང་ཐོས་སྒྲུང་ངམ་ངག་སྒྲུང་སོགས་རིགས་མང་ཡང་འདི་གསུམ་གྱི་ནང་དུ་འདུས།
སྒྲུང་བཤད་ན་གནས་ཆུང་མི་དགའ་བའི་སྐད་ཆ་གོ་མ་མྱོང་། ཧོར་གླིང་གཡལ་འགྱེད་བྱེད་ན་གནས་ཆུང་མི་དགའ་ཟེར་སྲོལ་ཡོད། དེ་གླིང་སྒྲུང་ལ་ཉན་ན་ཤེས། ཧོར་པས་གླུ་ལེན་སྐབས་ཐོག་མར་པེེ་ཧར་རྒྱལ་བོ་ལ་གུས་མཆོད་བྱེད་དང་གསོལ་འདེབས་བྱེད། པེེ་ཧར་ནི་སྐབས་དེའི་ཧོར་བ་རྣམས་ཀྱི་དགྲ་ལྷ་ཡིན་པས་སོ།།
གླིང་སྒྲུང་གི་ཅང་མི་བཤད།
༼པཻ་ཧར་ནི་སྐབས་དེའི་ཧོར་བ་རྣམས་ཀྱི་དགྲ་ལྷ་ཡིན་པས་སོ།༽ ཟེར་བའི་ཐད་བསམ་ཚུལ་ཞིག་ཞུས་ན།
སྤྱིར་པཻ་ཧར་རམ་བེ་ཧེ་ཞེས་པའི་ཡི་གེ་དག་ཆ་ཅན་འདིའི་ཐོག་མའི་འབྱུང་ཁུངས་དབའ་བཞེད་ཡིན་པ་འདྲ། ད་དུང་ཏུན་ཧོང་ཤོལ་དྲིལ་ཡང་ཡོད།
དབའ་བཞེད་ལའང་དབའ་བཞད་དང་སྦ་བཞེད། རྦ་བཞེད། སྦ་བཞེད་ཞབས་བཏགས་མ། ད་དུང་འབའ་བཞེད་ཀྱང་ཡོད་དམ་སྙམ། དབའ་བཞེད་རྣམས་ལས་གང་དག་མ་དང་དངོས་མ་ཡིན་མིན་ཡང་མི་བཤད།
པཻ་ཧར་རམ་བེ་ཧར་ཞེས་པའི་ཐད་ནས་ཀྱང་དག་ཆ་མ་འདྲ་བ་མང་པོ་བྱུང་ཡོད་མོད། མཐར་དེད་མ་འབྱུང་ཁུངས་སམ་མ་ཕྱི་གཅིག་ལ་གཏུགས་དགོས་སམ་སྙམ། དེ་ཡང་དབའ་བཞེད་དང་ཏུན་ཧོང་ཤོལ་དྲིལ་གཉིས་རེད།
པཻ་ཧར་ཞེས་པའི་དག་ཆ་འདི་ཡང་བོད་ཀྱི་དཔེ་མང་པོར་དག་ཆ་འདྲ་མིན་བྲིས་ཡོད་པ་ནི་འདི་ལྟར། ཐོག་མས་༼ ར་ས་པེང་ཁང་།༽ ༼ར་ས་པེ་ཧར།༽ ༼ལྷ་ས་དཔེ་དཀར།༽ ༼ཧེན་ཁང་དཔེ་དཀར། ༽༼ཧེན་ཁང་བི་ཧར།༽ ར་ས་བེ་ཧར།༽ སྟོང་ཁང་དཔར་ཧར།༽ སོགས་ཅི་རིགས་སུ་བཀོད་འདུག་ལས། ཐ་གཅིག་ཏུ་འདི་ནི་དག་དང་འདི་ནི་མི་དག་གོ་ཟེར་ནུས་བྲལ་སྙམ།
འོ་ན་གང་ཞིག་ལ་གཞི་འཛིན་དགོས་པའམ་གང་ཞིག་ནི་དག་མར་འདོད་ན་ལོ་རྒྱུས་ཀྱི་འགྲོས་དང་སྐབས་དོན་ལ་འཁེལ་བ་ཡིན་ནམ་ཞེ་ན། དེ་ཡང་དབའ་བཞེད་རྣམས་ཀྱི་ཕྱི་མོ་དབའ་བཞེད་དང་། དེར་འཁོད་པའི་དག་ཆ་དང་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་གཉིས་ནི་གཅིག་མཚུངས་སུ་འདུག་པར་མ་ཟད། དེ་གཉིས་སུ་འཁོད་དོན་ལྟར་བོད་ཀྱི་སྔ་རབས་ལོ་རྒྱུས་མང་པོར་འགྲེལ་བཤད་ཀྱང་དག་ཆ་དེ་རང་ལ་མཛད་གནང་འདུག་སྟབས། དབའ་བཞེད་དམ་སྦ་བཞེད། རྦ་བཞེད་འབའ་བཞེད་སོགས་དང་། ཏུན་ཧོང་གི་བོད་ཡིག་ཤོག་དྲིལ་དང་། ཆོས་འབྱུང་མཁས་དགའ་སོགས་སུ་གསལ་བ་རྣམས་དག་ཆའི་ཐད་ནས་མི་མཐུན་པ་ཅུང་ཙམ་སྣང་ཡང་། རྒྱ་གར་སྐད་ཀྱི་ལྦིཧཱར་ཞེས་པ་དང་དོན་གཅིག་ཡིན་པ་དང་། དོན་ལ་ནི་པེང་ཁང་ངམ་ཧེན་ཁང་སྟེ། བོད་ཀྱི་མཁས་པའི་གཙུག་རྒྱན་ལྟ་བུ་དཔའ་བོ་གཙུག་ལག་འཕྲེང་བས་ཀྱང་། འདིའི་ཐད་སོར། དེའི་ཚེ་རྒྱལ་པོས་སྐུའི་བཀོད་པ་ལྔ་སྟོང་བཀྱེ་ནས་རྒྱའི་ཧེན་ཁང་བི་ཧར་ལ་དཔེ་བླངས་ཞེས་གསུང་འདུག་པ་ལས་པེང་ཁང་ངམ་ཧེན་ཁང་ཞེས་པ་རྒྱ་གར་གྱི་ལྦིཧཱར་ཞེས་པར་གོ་བ་དང་། ༼ཧེན་ཁང་ངམ་པེང་ཁང་ཞེས་པའི་ལྷ་ཁང་འདི་ནི་བོད་རྣམས་ཀྱིས་འདོད་པའི་རྒྱ་གར་གྱི་ལྷ་ཁང་གི་དཔེ་ལྟར་བཞེངས་པའི་ལྷ་སའི་ཇོ་ཁང་གི་མིང་གཞན་ཞིག་ཡིན་ན་ཡང་མིང་འདི་བརྗེད་དེ་བོར་བརླག་ཏུ་སོང་ནས་ཡུན་རིང་མི་ཞིག་སོང་བ་ཡང་རྟོགས་ཐུབ་བོ། ཞེས་དབྱིན་ཇིའི་རྒྱལ་གཞུང་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་པའི་འབུམ་རམས་པ་དང་ཏུན་ཧོང་ཡིག་ཚང་ཞིབ་འཇུག་པ་ཆེན་མོ་Sam Van Schailk དང་། ཡང་འཇར་པན་གྱི་འབུམ་རམས་པ་ནི་ཧོང་གི་ཏུན་ཧོང་ཡིག་ཚང་ཞིབ་འཇུག་པ་ཆེན་མོ་KaZushu Iwao གཉིས་ཀྱིས་ཏུན་ཧོང་གཏེར་ཡིག་ལས་སྦ་བཞེད་ཀྱི་ཤོག་ཧྲིལ་ཡི་གེའི་སྐོར་ཞེས་པར་དབྱེ་ཞིབ་གནང་འདུག
འདི་ནི་པཻ་ཧར་ཞེས་པའི་དག་ཆ་དང་གོ་དོན་སྐོར་རོབ་ཙམ་ཞུས་པ་ཡིན་ལགས།
དགེ་སར་དམག་གི་དམག་གཡང་དེ་།
དེ་རིང་འདི་རུ་གཡང་ལ་ལེན་།
ཧོར་གླིངགཡུལ་འགྱེད་སྐབས་ལ་ཧོར་བ་དུར་ཚོའི་འབོད་རྒྱུའི་ལྷ་ནི་དེ་ཐེའུ་རང་དཀར་ནག་ཁྲ་གསུམ་རེད།
གླིང་སྒྲུང་ནི་རྟོགས་བཟོ་རང་རེད།
གླིང་སྒྲུང་སུས་རྟོགས་བཟོ་བྱས་པ་རེད། རྟོགས་བཟོ་ཡིན་ཚུལ་ཅུང་ཙམ་གསུང་དང་།
ངས་ནི་གླིང་སྒྲུང་འདི་ཆོས་ལུགས་ཞིག་ཡིན་ནམ་བསམ་ནས་མཚམས་ལན་རེར་དད་པ་སྐྱེས་ས་ཞིག་ཆགས་ཡོད།
ལྦིཧཱར་ནི། ནང་པའི་དགོན་པ་ལ་གོ་དགོས།
ངས་གོ་ནོར་ཐལ་འདུག ཧོར་ཀུར་དཀར་རྒྱལ་པོ་འདས་ནས་པེ་ཧར་གྱི་སྐྱེ་བ་བླངས་པ་ཡིན་ས་རེད་བསམ་ཡོད། ད་བཤད་དུས་པེ་ཧར་ཧོར་གྱི་སྲུང་མར་བསྟེན་གྱིན་ཡོད་པ་རེད། ཧོར་གླིང་གཡུ་འགྱེད་ཀྱི་འཁྲུགས་པར་ཧོར་ཕམ་པར་བཟོས་ཡོད་སྟབས་གནས་ཆུང་དགའ་ཡི་མེད་པ་རེད། དོན་ངོ་མར་ཧོར་ཕམ་པ་ཡིན་ན་གནས་ཆུང་མི་དགའ་དགོས་པའི་རྒྱུ་མཚན་མི་འདུག དེ་ལོ་རྒྱུས་ངོ་མ་རེད གལ་ཏེ་སྒྲུང་འདི་ཚང་མ་རྫུན་མ་ཡིན་ན་དགའ་རྒྱུ་མ་རེད་སྙམ། །
དྲྭ་གྲོགས་ཚོར་མཚམས་འདྲི་ཞུ། ཁྱེད་རྣམ་པའི་དགོངས་ཚུལ་མང་བོ་ཞིག་གསུངས་སོང་། དེ་ཚོ་རེ་རེར་ལན་འདེབས་མ་དགོས་པར་དཀྱུས་གཅིག་ཏུ་རང་གི་བསམ་ཚུལ་ཞུ་བར་བྱའོ།། སྤྱིར་བཏང་གུས་པས་རྩོམ་ཐུང་འདི་འབྲི་དགོས་པའི་དམིགས་ཡུལ། གླིང་སྒྲུང་ལ་བྱེ་བྲག་འབྱེད་པ་དང་། དེའི་བརྗོད་བྱ་བདེན་རྫུན་ཡིན་མིན་སོགས་མིན། དམིགས་གཏད་ས་གཙོ་བོ་གླིང་སྒྲུང་དག་མ་ཞིག་ཡིན་ཚེ་བབ་སྒྲུང་ངམ་རྩོལ་མེད་རང་ཤུགས་ཀྱིས་འབྱུང་བའི་ངག་གི་རིག་བྱེད་ཅིག་ཡིན་དགོས་པར་སྙམ། རྩོམ་པ་པོ་དག་གིས་གླིང་གི་རྟོགས་བརྗོད་འདི་བབ་པ་མ་ཡིན་པར་སྤྱིར་བཏང་རྩོམ་རིག་གི་འགྲོས་ལྟར་བྲིས་བསྡད་པ་ཡིན་ན། དེ་རྩོལ་མེད་དུ་ཐོན་པའི་གླིང་སྒྲུང་གི་ངོ་མཚར་བའི་རིན་ཐང་ལ་དོ་ཕོག་འབྱུང་སྲིད་དམ་མི་སྲིད་ཅེས་པ་འདི་ཡིན། དེའི་ཐད་ནས་དགོངས་ཚུལ་རེ་གསུང་རོགས། ལོ་རྒྱས་ཐོག་བོད་ཀྱི་རྩོམ་པ་པོའི་ནང་གླིང་སྒྲུང་རྩོམ་རིག་གི་ལམ་ནས་རྩོམ་མཁན་བྱུང་ཡོད་མོད། ངས་ནི་གླིང་སྒྲུང་དག་མ་ཞིག་ཡིན་ཚེ་ཡི་གེ་ཤེས་མིན་དང་། སློབ་སྦྱོང་ཡོད་མེད་ལ་མ་ལྟོས་པར་གླིང་སྒྲུང་སྣ་ཚོགས་རྗོད་འདོད་ཀྱི་ཀུན་སློང་དབང་མེད་གཡོ་སྟོབས་ལས་འབྱུང་བའི་ངག་གི་རྣམ་པར་རིག་བྱེད་ཅིག་ཡིན་པར་འདོད། ཐོས་སྒྲུང་། བབ་སྒྲུང་། པྲ་སྒྲུང་ལྟ་བུའི་རྣམ་དབྱེ་ཇི་ལྟར་བྱས་རུང་། མཐའ་མའི་ཁུངས་གཏུགས་ས་ངོ་མ་བབ་སྒྲུང་རང་ཐུག་མེད་དམ་སྙམ་པ་ནི་ངའི་བསམ་འཆར་ཙམ་མོ།།