སྙན་བཟང་གཡུང་དྲུང་ཚེ་རིང་།
—————–
གཅིག
དེ་རིང་ངས་ལོ་རབས་དགུ་བཅུ་པའི་བཙན་བྱོལ་བོད་ཀྱི་རྩོམ་རིག་གི་གནས་བབ་ལ་ཕྱིར་འདང་ཞིག་རྒྱག་སྐབས་འདི་འདྲ་ཞིག་དྲན་བྱུང་། སྐབས་དེར་བཙན་བྱོལ་དུ་བརྩམས་ཆོས་མང་པོ་མེད་ལ། རྩོམ་པ་པོའང་ཧ་ཅང་ཉུང་ཉུང་ཞིག་ལས་མེད། མི་བཅུ་སྐོར་འགའ་ལས་མེད་པའི་རྩོམ་པ་པོ་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་དང་བསམ་བློའི་ཤན་སྟོབས་མཐུག་པས། སྐབས་དེའི་རྩོམ་ཡིག་བྱེ་བྲག་པ་གང་ཞིག་ཡིན་རུང་བརྗོད་བྱའི་ནང་དོན་དང་། རྗོད་བྱེད་ཀྱི་ཚིག སྒྱུ་རྩལ་གྱི་ཉམས། མཚོན་བྱའི་བསམ་བློ་སོགས་ཕྱོགས་གང་ཐད་ནས་འབུར་ཐོན་རང་བཞིན་དུ་གྱུར་པ་ལ་བརྟེན་ནས། བཙན་བྱོལ་བོད་ཀྱི་རྩོམ་རིག་གི་དབུ་འདི་ཡང་ཅུང་ཚད་ལྡན་གྱིས་བརྙེས་འགོ་ཚུགས་ཤིང་། སྤྱི་ཚོགས་ཀྱི་ཁྲོད་དུའང་རིག་གནས་ཀྱི་སྡེའམ་རྩོམ་པ་པོ་དག་ལ་རང་བཞིན་མེད་པར་བརྩི་འཇོག་དང་དོ་སྣང་ཞིག་བྱུང་། ལྷག་པར་དུ་རྩོམ་པ་པོ་དེ་དག་གིས་རྩོམ་རིག་དུས་དེབ་དང་ཚགས་པར་སྣ་ཚོགས་སྤེལ་འགོ་ཚུགས་ཏེ། རིམ་བཞིན་སྒེར་དེབ་འདོན་པའི་ལམ་ཁ་གསར་པ་དེ་བཏོད་པ་ནས་བཟུང་། བཙན་བྱོལ་བོད་ཀྱི་རྩོམ་རིག་གི་རྩ་བ་རྒྱས་ཏེ་རྩེ་མོ་ཟུག་པ་དང་། ཁོང་ཚོ་ནི་བཙན་བྱོལ་གྱི་རྩོམ་རིག་གི་དབུ་སློང་མཁན་དུ་གྱུར་བར་མ་ཟད། བར་བརྒལ་དེའི་བོད་མི་བློ་རྒོད་ཅན་འགའ་རེད་ཅེས་བཤད་ནའང་མ་ཆོག་པ་མེད། རྐྱེན་དེ་ལ་བྱས་ཏེ་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ཞིག་སྐྱེད་སྲིང་བྱེད་པར་བསྙོན་དུ་མེད་པའི་ནུས་པ་ཐོན་པར་གྱུར་ཅིང་། <<སྙན་ངག་གི་གྲོང་ཁྱེར་>>ཞེས་པའི་དེབ་འདིའི་རྩོམ་པ་པོ་ཁ་སྒང་བསམ་གཏན་རྒྱ་མཚོས་ཀྱང་ཚིག་འགྲོས་ཀྱི་སྙན་ཆ་དང་། དབྱངས་འགྲོས་ཀྱི་དྲག་ཤུགས་སོགས་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་དོན་གྱི་སྙིང་པོ་དམར་རྗེན་དུ་སྟོན་པའི་སྙན་ངག་སྣ་ཚོགས་འབྲི་འགོ་བརྩམས།
བར་སྐབས་དེ་ནས་བཟུང་། ངས་ཁ་སྒང་བསམ་གཏན་རྒྱ་མཚོས་བྲིས་པའི་སྙན་ངག་ཁག་བཙན་བྱོལ་གྱི་དུས་དེབ་དང་ཚགས་པར་ཁག་ལས་མཐོང་ཞིང་། ཁོང་གིས་བྲིས་པའི་སྙན་ངག་མང་པོ་ཞིག་བཀླག་བྱར་གྱུར། སྙན་ངག་པ་རྣམས་ཀྱི་རིག་གནས་ཀྱི་ཡོན་ཏན་དང་རྩོམ་རིག་ཆུ་ཚད་མི་འདྲ་བ་དང་། མཛེས་དཔྱོད་ཀྱི་ལྟ་བ་དང་ཚོར་བའི་མྱོང་སྣང་མི་གཅིག་པ་བརྟེན་ནས་སོ་སོའི་བརྩམས་ཆོས་ཀྱི་ཁ་སྟབས་དང་དེ་ལས་འཕྲོས་པའི་བརྗོད་བྱའི་ནང་དོན་སོགས་ཀྱང་མ་གཅིག་པ་བྱུང་བ་རེད། ཁ་སྒང་བསམ་གཏན་རྒྱ་མཚོས་བྲིས་པའི་སྙན་ངག་གི་བརྗོད་བྱ་ཕལ་མོ་ཆེ་ནི་བརྩེ་དུང་གི་སྐོར་ཡིན་ཞིང་། འཚོ་བའི་བརྩེ་དུང་གི་བརྗོད་བྱ་རྨང་གཞིར་བྱས་ཏེ་སྙན་ངག་གི་ཕྱོགས་ངོས་མི་འདྲ་བ་དང་ཟུར་ངོས་མི་འདྲ་བ་གང་རུང་ལས་རང་ཉིད་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་དང་བསམ་བློའི་གཤིས་ཀ་ཞིག་གསལ་སྟོན་གནང་ཡོད། འདི་ནི་གཤིས་རྒྱུད་དང་དགའ་ཕྱོགས་ཀྱི་དབང་གིས་ཡིན་པ་དང་། ཕྱིས་སུ་བསམ་བློ་གཏོང་སྐབས་ཀྱང་འདི་ལ་བདེན་པའི་ཆ་མང་པོ་ཡོད་པ་འདྲ།
གཉིས།
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་སྟེང་དུ། ཁོ་བོས་སྙན་ངག་པ་ཁ་སྒང་བསམ་གཏན་རྒྱ་མཚོ་དངོས་སུ་མཐོང་ཞིང་། ཚོགས་ཆེན་དེའི་མཚན་ཚོགས་སྤྲོ་སྐྱིད་ཀྱི་སྐབས་སུ་གཟུགས་གཞི་སྐམ་ཞིང་ངོ་མདངས་སྨུག་ཅིང་། གདོང་ཉག་གཟར་བའི་སྟེང་དུ་མིག་ཤེལ་གྱིས་བརྒྱན་པར་བྱས་པའི་གསར་རྒོད་འདིས་སྙན་ངག་གི་ལྟ་གྲུབ་གླེང་ཞིང་། མགྲིན་པ་གཟེངས་སུ་བཏེགས་ནས་ཨ་མདོའི་དམངས་གླུ་ལེན་པའི་ཉམས་སྣང་དེས་ཁོ་བོར་བག་ཆགས་བཞག ཚོགས་འདུ་གྲོལ་རྗེས་ངེད་གཉིས་ཡང་བསྐྱར་ངོ་མ་ཐུག་ཀྱང་། ཁོང་གིས་བྲིས་པའི་སྙན་ངག་དག་ནི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་ཆད་མེད་དུ་མཐོང་བ་དང་། ངའི་དྲན་ངོགས་ནས་ཀྱང་སྙན་ངག་པ་ཁོང་ཡལ་རྒྱུ་ཞིག་མ་བྱུང་།
ཕྱིས་སུ་ངའི་གོ་ཚོད་ལ་ཁོང་གིས་གསོག་སྒར་སློབ་གྲྭའི་བོད་དགེ་གནང་གི་ཡོད་པ་ཐོས། སྐབས་དེར་ཁོང་གིས་<<སྐྱིད་སྣང་མེད་པའི་འཚོ་བ་>>ཞེས་པའི་སྙན་དེབ་ཅིག་དཔར་སྐྲུན་བྱས་པ་དང་། སྙན་དེབ་དེའི་རང་ངོས་ཀྱི་བསམ་བློ་དང་སྒྱུ་རྩལ་མཚོན་ཐབས་སོགས་ལ་ཀློག་མཁན་མང་པོ་ཞིག་གིས་དགའ་བསུ་དང་གདེངས་འཇོག་བྱས་པར་གྲགས། ལྷག་པར་དུ་ཁོང་གིས་ལོ་ངོ་འགར་གསོག་སྒར་སློབ་གྲྭའི་གསར་སློབ་པ་དག་ལ་<<སྙན་ངག་མེ་ལོང་མ་>>ཁྲིད་པའི་ཉམས་མྱོང་དང་དེས་དྲངས་པའི་བློ་སྤོབས་ལ་བརྟེན་ནས་<<སྙན་ངག་གི་བསྟན་བཅོས་ཆེན་མོ་མེ་ལོང་མ་ལས་བྱུང་བའི་རྒྱན་གྱི་དབྱེ་འབྱེད་དང་། དཔེར་བརྗོད་ཀྱི་དོགས་སློང་ཟིན་བྲིས་སུ་བཀོད་པ་བློ་གསལ་འཇུག་བདེ་>>ཞེས་པའི་སྙན་གཞུང་དཔྱད་བརྗོད་ཀྱི་དེབ་ཅིག་བརྩམས་ཤིང་། དེབ་འདིའི་ནང་དུ་མེ་ལོང་མར་གསལ་བའི་རྒྱན་གོང་འོག་གི་ཁྱད་པར་འདྲེས་ལ་ཁད་དུ་གྱུར་པ་དཔེར་ན། རིགས་རང་བཞིན་བརྗོད་པ་དང་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ཀྱི་ཁྱད་པར། སྔ་ན་མེད་པའི་བྱེད་རྒྱུ་དང་དཔའ་བའི་ཉམས་ཀྱི་ཁྱད་པར་ལ་སོགས། མདོར་ན་མདོར་ན་ལྷོ་བའི་ལུགས་ཀྱི་སྦྱར་བ་དང་གཞོན་པའི་རྒྱན་སོགས་ཀྱི་ཁྱད་པར་དང་དབྱེ་བ་གསལ་པོར་ཕྱེ་བའི་སྐོར་ཡིན་ཞིང་། དེབ་འདི་ནི་སྙན་ངག་རིག་པར་འཇུག་མཁན་དང་། སྙན་ངག་རིག་པའི་དགེ་རྒན་དག་གི་ཁྲིད་སྟོན་གཞུང་ལུགས་ཀྱི་བསྟན་བཅོས་ལྟ་བུར་གྱུར།
མི་ལོ་ཁ་ཤས་ཀྱི་གོང་དུ། གློག་ཀླད་ཀྱི་མཐུན་རྐྱེན་ཁྱབ་གདལ་བྱུང་སྟེ་བོད་ཡིག་དྲ་རྒྱ་ཁག་ཏུ་རྩོམ་ཡིག་གི་མཐོ་རླབས་ཤིག་འཕྱུར་བ་དང་། སྙན་ངག་གི་གྲངས་འབོར་ཀྱང་བློ་ཡུད་དུ་འདས་པ་ཞིག་བྱུང་། བོད་ཡིག་གི་དྲ་རྒྱ་ཡོད་ཚད་ཀྱི་སྟེང་དུ་སྤེལ་བའི་རྩོམ་ཡིག་དང་ལྷག་པར་དུ་སྙན་དེབ་ཁག་ཀློག་རྒྱུ་ནི་ཧམ་པ་ཆེ་བའི་ཚོད་དུ་གྱུར་པ་རེད། མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་བཙན་བྱོལ་གྱི་སྒོ་དང་སྒེའུ་ཁུང་ནས་སྙན་དེབ་བཏོན་ཡོང་གི་འདུག་ཅེས་གསུང་སྐད་ཤོར། དེ་དང་ཆབས་ཅིག་སྙན་ངག་ཕལ་མོ་ཆེའི་ནང་དོན་དང་། ཚིག་སྦྱོར། བཟོ་བཀོད་རང་བཞིན་སོགས་ཀྱི་ཁ་སྟབས་ཧ་ཅང་སྐྱོ་སྟབས། སྙན་ངག་ཅེས་པ་འདི་ལ་ཡི་ག་འགག་མཁན་ཀྱང་ཇེ་མང་དུ་གྱུར་པ་དང་། སྙན་ངག་ནི་བསམ་བློ་གཏོང་ཙམ་གྱིས་ཆོག་པ་དང་ལག་འགུལ་ཙམ་གྱིས་འཐུས་པ་ལྟ་བུའི་སྒྱུ་རྩལ་རིག་པ་ཞིག་ཏུ་འཁྲུལ་མཁན་གྱི་མི་མང་པོ་བྱུང་བ་རེད། ཡིན་ནའང་སྙན་ངག་གི་རང་སྟེང་ནས་བཤད་ན་རིག་པ་འདི་ནི་ཆད་མཐའ་དང་རྟག་མཐའ་ལྷུང་བའི་གྲུབ་མཐའ་ལྟ་བུ་ཞིག་ནི་མིན་པ་འདྲ། དོན་དངོས་སུ་སྙན་ངག་གི་བརྗོད་བྱ་ནི་སེམས་ཀྱིས་དབང་དུ་སྡུད་མི་ཐུབ་པའི་མཐའ་བྲལ་བ་ཞིག རྗོད་བྱེད་ཀྱི་ཚིག་སྦྱོར་དང་བསམ་བློའི་བཟོ་བཀོད་སོགས་ཅི་ཙམ་གྱིས་ཆེ་བའམ། ཅི་ཙམ་གྱིས་འཁྱོངས་ན་རོལ་རྩེད་ཀྱི་རྣམ་པ་དང་། ཡིད་འགུག་གི་ནུས་པ་སོགས་ཀྱང་དེ་བཞིན་དུ་མེ་སྟག་མཆེད་ཅིང་། རྣོ་དབལ་འབར་བའི་སྒྱུ་རྩལ་གྱི་རིག་པ་ཞིག་རེད།
གསུམ།
བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཚད་ལྡན་སྙན་ངག་པས་ཕོངས་པ་མ་རེད། གོང་ཞུས་ལྟར་ལོ་རབས་དགུ་བཅུ་བའི་ནང་དུ་སྙན་ངག་པ་ཚད་ལྡན་འགའ་རེ་ཡོད་པ་རྣམས་ལོ་ན་རྒན་པར་གྱུར་པ་དང་གཅིག བུ་ཕྲུག་དང་ཁྱིམ་ཚང་གི་བདག་པོར་གྱུར་པ་དང་གཉིས། སྤྱི་ཚོགས་དང་ཁོར་ཡུག་བརྗེས་པའི་གནས་སྟངས་སོགས་ལ་རྐྱེན་བྱས་ཏེ་སྙུག་རྩེ་ནས་སྙན་ངག་བརྡོལ་དཀའ་བར་གྱུར། ང་ཚོར་སྙན་ངག་ཚད་ལྡན་འབྱུང་གི་མེད་པའི་རྐྱེན་རྩ་གཅིག་ནི་ཧ་ལམ་འདི་ཡིན་པ་འདྲ། ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྙན་ངག་ཅི་ལྟར་བྲིས་ཀྱང་སེམས་ཤུགས་ཆད་མེད་དུ་ཡོད་པའི་སྙན་ངག་པ་རྒན་པ་རེ་ཟུང་ཡོད། དེའི་ནང་གི་གཅིག་ནི་འབའ་སྲས་ཡིན་པ་དང་། འབའ་སྲས་ཞེས་པ་ནི་ཁ་སྒང་བསམ་གཏན་རྒྱ་མཚོའི་སྙུག་མིང་ཡིན་པ་ངས་ཡུན་རིང་པོར་ཤེས་མ་ཐུབ། དེང་སང་དྲ་ཐོག་ཏུ་རྩོམ་ཡིག་འབྲི་མཁན་མང་པོ་ཞིག་གིས་སྙུག་མིང་བེད་སྤྱོད་བྱེད་ཅིང་། སྙུག་མིང་འོག་ཏུ་བཀབ་པའི་མི་ཡོད་ཚད་ཤེས་འདོད་པ་དེ་ནི་སྟོང་བསམ་གྱི་གནས་སུ་གྱུར། ཁ་སྒང་བསམ་གཏན་རྒྱ་མཚོས་ཀྱང་འབབ་སྲས་ཀྱི་མིང་འོག་ནས་རྩོམ་ཡིག་སྣ་ཚོགས་བྲིས་པ་དང་། ཁོང་གི་སྙན་ངག་ཕལ་ཆེ་བའི་བརྗོད་དོན་ལེགས་ཤིང་ཚིག་སྦྱོར་མཛེས་པས་སྙུག་མིང་འོག་གི་མི་འདི་སུ་ཡིན་ནམ་སྙམ་པའི་བློ་ཞིག་བཅོས་མིན་དུ་སྐྱེས་མྱོང་།
འབའ་སྲས་ལགས་ཤར་ནས་མཆོངས་ཏེ་ནུབ་ཕྱོགས་སུ་ཡོང་བ་དང་། ནུབ་ཕྱོགས་ཀྱི་གྲུ་ག་ཞིག་ནས་ངེད་གཉིས་ཆ་ཡོད་དུ་གྱུར། ཉིན་ཞིག་ཁ་བརྡ་གློད་སྐབས། ཁོང་གིས་འབའ་སྲས་ཞེས་པ་ནི་ཁོང་གི་སྙུག་མིང་ཡིན་པ་དང་། ཁོང་སྲོལ་རྒྱུན་སྙན་ངག་གི་རྩོམ་སྲོལ་ལ་མོས་པ་འདི་སྔོན་ཆད་<<སྙན་ངག་མེ་ལོང་མ་>>སློབ་ཁྲིད་བྱས་པའི་ཤུགས་རྐྱེན་དང་། སྐབས་རེར་སྙན་ངག་དམར་འབྲི་བྱེད་སྐབས་རྒུན་ཆང་དམར་པོ་འཐུང་ན་རིག་པ་ཇེ་དྭངས་དང་སྙུག་རྩེ་ཇེ་རྣོ་འགྱུར་བའི་སྐོར་ལས་འཕྲོས་ཏེ་ཁ་བརྡ་རིན་ཐང་ཅན་མང་པོ་བཤད་སྐབས། ངས་ནི་འབའ་སྲས་ལགས་ནི་བྱིས་པ་གསུམ་གྱི་ཕ་རྒན་དང་། ཁྱིམ་ཚང་གི་བདག་པོར་གྱུར་པར་མ་ཟད། ལྷག་པར་དུ་རྩམ་དྲི་དང་མར་དྲི་མི་བྲོ་བའི་ཧྥ་རན་སིའི་སྤྱི་ཚོགས་འདི་ལྟ་བུ་ཞིག་གི་ནང་དུ་གནས་བཞིན་དུའང་རྩོམ་ཡིག་འབྲི་བར་སེམས་ཤུགས་མ་ཆགས་པར་ཡོད་པ་དེར་ཧ་ལས་པར་གྱུར།
ཕྱིས་སུ་ཁོང་གིས་<<སྙན་ངག་གི་གྲོང་ཁྱེར་>>ཞེས་པའི་དྲ་རྒྱ་ཞིག་བཟོས་ཏེ་གསར་དུ་བྲིས་པའི་རྩོམ་ཡིག་དང་སྙན་ངག་ཁག་དྲ་རྒྱ་དེའི་སྟེང་དུ་སྤེལ་འགོ་ཚུགས། དྲ་རྒྱ་དེའི་ནང་དུ་རྩོམ་ཡིག་སྣ་ཚོགས་སྤེལ་འདུག་ཅིང་། རྩོམ་ལུས་མང་ཆེ་བ་ནི་བཅད་མའི་སྙན་ངག་རེད། ངས་བཅད་མའི་སྙན་ངག་འདི་དག་ལ་རོལ་མྱོང་བྱེད་བཞིན་པའི་ཉིན་ཞིག འབའ་སྲས་ལགས་ཀྱིས་ཕྲན་ལ་<<སྙན་ངག་གི་གྲོང་ཁྱེར་>>གྱི་སྟེང་དུ་སྤེལ་ཟིན་པའམ་མ་སྤེལ་བའི་སྙན་ངག་ཁག་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་སུ་དཔར་སྐྲུན་འགྲེམ་སྤེལ་བྱེད་འདོད་ཡོད་པ་དང་། སྙན་ངག་དེ་དག་ལ་ལྟ་ཞིབ་ཀྱིས་བསམ་ཚུལ་ཞིག་ཕྲིས་ཞེས་སྐུལ་བྱུང་།
བཞི།
<<སྙན་ངག་གི་གྲོང་ཁྱེར་>>ཞེས་པའི་དེབ་འདིའི་རྩོམ་སྲོལ་ནི་<<སྙན་ངག་མེ་ལོང་>>གི་ལུགས་ལྟར་བྱས་ཤིང་། བརྗོད་བྱའི་ནང་དོན་ནི་བརྩེ་དུང་ཁོ་ནས་མ་གྲུབ་པར་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བསམ་གཞིགས་དང་། ནུབ་ཕྱོགས་སྤྱི་ཚོགས་ཀྱི་འཚོ་བའི་མཐོང་ཐོས་སོགས་ཞིབ་འབྲི་བྱས་འདུག་པར་མ་ཟད། ཚིག་གི་སྡེབ་སྦྱོར་དང་ཉམས་འགྱུར་རྒྱས་སྤྲོས་ཀྱིས་བརྗོད་བྱའི་དངོས་བསྟན་དང་ཤུགས་བསྟན་གང་རུང་གི་དོན་སྙིང་གལ་གནད་དུ་བཟུང་སྟེ། མངོན་བརྗོད་དང་། བརྡ་རྙིང་། ཆོས་ཀྱི་ཐ་སྙད་སོགས་ཀྱིས་མ་བཅིངས་པར་ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་བརྩམས་པ་ཞིག་རེད། དེ་ཡང་ཅུང་གསལ་པོར་བཤད་ན། རྒྱ་ནག་དམར་གཞུང་གིས་བོད་བཙན་འཛུལ་བྱས་ནས་བཟུང་། བོད་ཀྱི་ཐུབ་བསྟན་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་སོགས་ཀྱི་གནས་བབ་ནི་‘‘སྦྲུམ་མ་མངལ་ཤོར་’’ལྟ་བུའི་ཆག་འཇིག་གི་གནས་སུ་གྱུར་འགོ་ཚུགས་པ་དང་། བོད་མིའི་རང་དབང་ནི་ཚལ་བ་ཚལ་ཕྱེད་དུ་གྱུར་ཏེ་བོད་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་། འབའ་སྲས་ལགས་ཀྱིས་ཀྱང་བོད་ཀྱི་ལས་དབང་དང་དེས་བསྐྱེད་པའི་ན་ཟུག་སྙན་ངག་ཏུ་བརྒྱུས་འདུག་པ་དཔེར་ན། ‘‘ང་ངུ་བཞིན་ཡོད་’’ཅེས་པའི་སྙན་ངག་གིས་མཚོན་པའི་‘‘བོད་མི་སྐྱབས་བཅོལ་བ་ཚོ།’’་དང་། ‘‘ཆོལ་ཁ་གསུམ་གྱི་སྤུན་ཟླ།’’ ‘‘བོད་ཕྱི་ནང་གཉིས།’’ ‘‘ཁ་བ་ཅན།’’སོགས་བྲིས་ཏེ་བསམ་བློའི་རྒྱང་འབོད་བྱས་ཤིང་། སྙན་ངག་པའི་རང་བྱུང་ལྷུན་གྲུབ་ཀྱི་ངག་གི་ཕྲེང་བ་ལས་ཐོན་པའི་སྙན་ངག་འདི་དག་ལས་ད་ལྟའི་བོད་ཀྱི་གནས་སྟངས་ཉག་ཕྲ་བ་དེའི་ཟུར་དང་ངོས་ཀྱི་ཆ་ཕྲ་མོ་རེ་རེ་བསྟན་ཡོད། ཁྱད་པར་དུ་༸རྒྱལ་དབང་བཅུ་བཞི་བ་ཆེན་པོའི་མཛད་པའི་ཆ་ཤས་རེ་རེ་སྙན་ངག་མེ་ལོང་མའི་ནང་དུ་བྱུང་བའི་དོན་རྒྱན་སོ་ལྔའི་ལུགས་སུ་བྱས་ཏེ་‘‘བསྟོད་པ་དོན་རྒྱན་སོ་ལྔ་བ་”ཞེས་པའི་སྙན་ངག་བྲིས་པ་འདིས། སྙན་ངག་པ་ཁོང་ནི་སྙན་ངག་རྐྱང་བ་འབྲི་མཁན་ཙམ་མིན་པར་སྙན་ངག་གི་གཞུང་ལའང་ཐུགས་བསམ་ཆེན་པོ་ཡོད་པའི་ཚུལ་མངོན་པར་བྱས་འདུག ཁོང་གིས་སྙན་ངག་འདི་བྲིས་རྗེས་དེས་ཀྱང་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་མཛད་པ་བརྗོད་པར་ཡིད་མ་ཚིམས་པར། ‘‘༸སྤྱི་ནོར་༸གོང་ས་བཅུ་བཞི་བ་ཆེན་པོའི་མཛད་རྣམ་བསྡུས་དོན་ས་ལེ་སྦྲམ་གྱི་སྙིང་པོ་ཞེས་བྱ་བ་”བརྩམས་པ་དང་། སྙན་ངག་རིང་མོ་འདི་ནི་མེ་ལོང་མ་ལས་བསྟན་པའི་བསྡུས་བརྗོད་ཀྱི་རྒྱན་དང་། སྒྲ་རྒྱན། རབ་རྟོག་གི་རྒྱན། ཕུལ་བྱུང་གི་རྒྱན། གབ་ཚིག་གི་རྒྱན་སོགས་ཀྱིས་ཆེར་མ་སྤྲས་པར། ཕལ་ཆེར་རང་བཞིན་བརྗོད་པའི་རྒྱན་གྱི་ལམ་ནས་བརྗོད་ཡོད་པ་དང་། སྙན་ངག་འདིའི་ཚིག་སྦྱོར་ལྷོད་ཅིང་། བརྗོད་དོན་གསལ་བ། སྙན་པའི་ཉམས་དང་ལྡན་པས་སྙན་ངག་བཟང་པོ་ཞིག་ཏུ་སེམས།
དེ་བཞིན་དུ་<<སྙན་ངག་གི་གྲོང་ཁྱེར་>>གྱི>>་ནང་དུ། ས་མཐའ་ནས་ས་མཐར་འགྲིམ་པའི་སྙན་ངག་པ་འདིས་རྒྱང་རིང་གི་ཨ་མ་དྲན་པའི་གདུང་སེམས་ཀྱི་འབོད་སྒྲ་དང་། གློག་བཞིན་འཁྱུག་པའི་ཡིད་འགྱུར་གྱི་སྣང་བརྙན་གསོན་པོ་རེ་རེ་ཤོག་ངོས་སུ་འབྲི་འགོ་བརྩམས་ཏེ། ‘‘ཨ་མ་ལགས།’’ ‘‘ཨ་མའི་བསྐྱངས་པའི་བུ་ཕྲུག་གསུམ།’’ ‘‘ཨ་མ་ལགས། ལོ་གསར་བཟང་།’’ ‘‘ཨ་མ་ལགས། ང་ལ་བཟོད་སྒོམ་གནང་རོགས་’’སོགས་ཀྱིས་མཚོན་པའི་བརྗོད་དོན་གསལ་ལ་སྙན་འཇེབས་ལྡན་པའི་སྙན་ངག་འདི་དག་བྲིས་པར་མ་ཟད། ‘‘རྒྱང་རིང་གི་ཆུང་མ་’’དང་། ‘‘བུ་མོ་སྒྲོལ་མ།’’ ‘‘ལ་མོ་རྒྱབ་ཀྱི་མཛེས་མ།’’ ‘‘རྒྱང་རིང་གི་མཛའ་མོ་’’སོགས་ལའང་ཆགས་ཤིང་བརྩེ་བའི་ནང་སེམས་ཀྱི་ཚོར་བ་ཕྱི་རུ་བཏོན་ནས་རང་གི་ན་ཟུག་བརྗོད་ཡོད་པ་འདི་དག་བརྗོད་གཞི་གསར་པ་དང་རྣམ་པ་གསར་པ་མིན་ནའང་། སྙན་ངག་པས་གང་བརྗོད་པར་འདོད་པའི་བསམ་བློའི་རླབས་ཕྲེང་རེ་རེ་སྙན་ངག་གི་གྲུ་ག་རེ་རེར་འཕྱུར་འདུག
<<སྙན་ངག་གི་གྲོང་ཁྱེར་༽༽ལ་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། སྙན་ངག་པ་འབའ་སྲས་ལགས་ནུབ་ཕྱོགས་སུ་བསླེབས་རྗེས། ཁོང་གིས་ཕྱིར་དྲན་གྱི་ཚུལ་དུ་བོད་ཀྱི་གནམ་འོག་དང་དེའི་སྤྱི་ཚོགས་ཀྱི་གཟུགས་བརྙན་རྐྱང་པ་ཙམ་མ་བརྗོད་པར། ཟང་ཟིང་ཆེ་བའི་ནུབ་ཕྱོགས་སྤྱི་ཚོགས་འདི་རང་གི་མིག་ཟུང་ལ་བརྟེན་ནས་ལྟ་ཞིབ་དང་། རང་གི་རྟོག་ཤེས་ལ་བརྟེན་ནས་ཚོར་སྡུད། རང་གི་ཀླད་པར་བརྟེན་ནས་བསམ་གཞིག རང་གི་མྱོང་བ་ལ་བརྟེན་ནས་རོལ་མྱོང་བྱས་པའི་མཐོང་ཐོས་མྱོང་གསུམ་སོགས་བརྗོད་བྱའི་ཡུལ་དུ་དྲངས་ཏེ་‘‘ཕྱི་རྒྱལ་གྱི་གྲུ་ག་ཞིག་’’ཅེས་པ་དང་། ‘‘ཕྱི་རྒྱལ་ཡུལ་ན་ཅི་ཡང་མེད།’’ ‘‘ཧྥ་རན་སིའི་རྒུན་ཆང་’’སོགས་ཀྱི་སྙན་ངག་བྲིས་པར་མ་ཟད། ‘‘མཇེ་ཡི་ཐོབ་ཐང་རྩོད་པ་’’དང་། ‘‘མཚན་མོའི་ཞབས་བྲོ་ཁང་།’’ ‘‘འདོད་དོན་ལག་ལེན་གྱི་སློབ་ཁྲིད།’’ ‘‘སྐྲ་སེར་མ་ཞིག་གྲོགས་སུ་བཀུགས་’’ཞེས་པའི་རྣམ་པ་གསར་ཞིང་བརྗོད་གཞི་གསར་པའི་སྙན་ངག་མང་པོ་བྲིས་ཡོད། ‘‘སྐྲ་སེར་མ་ཞིག་གྲོགས་སུ་བཀུགས་’’ཞེས་པ་འདི་ནི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཅིག་ཡིན་པར་མ་ཟད། ནུབ་ཕྱོགས་སུ་གསར་དུ་འཕྱོ་བའི་དེང་རབས་རིག་གནས་བྱེ་བྲག་པ་ཞིག་ཀྱང་ཡིན་སྟབས། སྙན་ངག་འདི་དང་‘‘ཕྱི་རྒྱལ་གྱི་གྲུ་ག་ཞིག་’’སོགས་ཀྱིས་མཚོན་པའི་སྙན་ངག་དེ་དག་གིས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ངོ་མི་ཤེས་པའི་བོད་ཀྱི་ཨ་གསར་ཆེ་བའི་ཕོ་གསར་དང་མོ་གསར་རྣམས་ལ་ཡིད་འགུག་གི་ནུས་པ་ལྡན་ཞིང་རོལ་མྱོང་གི་རིན་ཐང་ཆེ་བའི་རིག་གནས་ཤིག་ངོ་སྤྲོད་གནང་བ་རེད།
ད་དུང་<<སྙན་ངག་གི་གྲོང་ཁྱེར་>>གྱི་ནང་དུ། སྙན་ངག་པ་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་། ཐོད་བརྒལ་གྱི་སྐྱོ་གདུང་། རང་སྒེར་གྱི་བསམ་གཞིག ཚོར་བའི་སྣང་ཚུལ་རེ་རེ་ཉམས་འགྱུར་ཡིད་འོང་གི་ལམ་ནས་ཁོང་གི་སྙུག་རྩེར་འདྲེན་ཅི་ཐུབ་བྱས་ཏེ་“བདག་དང་འོད་ཀྱི་ཕུང་པོ།’’ ‘‘ས་མཐའི་སྐྱོ་གླུ།’’ “བདག་དང་དཔྱིད་ཀ’’ ‘‘བརྗེད་དཀའ་བའི་རྡ་རམ་ས་ལ།’’ ‘‘འཇིག་རྟེན་འཁོར་བ་མི་སྐྱིད་ཀི་” “བཟང་པོ་བཅུ་འཛོམས་དང་ངན་པ་དགུ་འཛོམས’’སོགས་བྲིས་ཤིང་། སྙན་ངག་འདི་དག་ཀྱང་ཁོང་གི་སྙན་ངག་ཕལ་མོ་ཆེ་ལྟར། ཚིགས་བཅད་བཅུ་གྲངས་ཀྱིས་སྙན་ངག་རེ་རེ་གྲུབ་པར་བྱས་འདུག་ནའང་། བརྗོད་བྱའི་བསམ་དོན་ཅུང་ཟབ་ཅིང་ཚིག་སྦྱོར་གསལ་བའི་སྟེང་དུ་གོ་སླ་བ། བརྩེ་དུང་ཟབ་ལ་ཡིད་འགྱུར་དྲག་པའི་ཁྱད་ཆོས་ལྡན། ཡིན་ནའང་<<སྙན་ངག་གི་གྲོང་ཁྱེར་>>དུ་གསལ་བའི་སྙན་ངག་འགའ་རེའི་ཚིག་སྦྱོར་ཉོམས་དྲགས་པ་དང་། འོད་ཤོམ་གྱིས་མ་འདང་བ། གསར་བཏོད་ཀྱི་གོམ་འགྲོས་དལ་བ་སོགས་ནི་སྙན་དེབ་འདིའི་མི་འདང་ས་དང་སྐྱོན་ཆ་འགའ་རེད་སྙམ་བྱུང་།
གང་ལྟར། སྙན་ངག་པ་འབའ་སྲས་ཀྱིས་‘‘བཙན་པོའི་གདོང་ལས་མཆེད་པའི་བོད་པ་ཞིག། འཛམ་གླིང་ཡུལ་གྲུ་གང་དུ་གནས་ནའང་།། རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ཤིག། ཡ་ཆུང་སེམས་ལ་དགོས་པའི་སྙན་ངག་འབྲི།།’’ཞེས་བྲིས་དོན་བཞིན། སྲོལ་རྒྱུན་སྙན་ངག་ལ་བག་ཆགས་ཟབ་ཅིང་དེའི་རྩོམ་སྲོལ་ལ་ཤིན་པའི་གོམས་པའི་འབའ་སྲས་ལགས་ཀྱིས་ནུབ་ཕྱོགས་ཀྱི་གྲུ་ག་ཞིག་ནས་རང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་ཚད་སྙན་ངག་ཏུ་བརྒྱུས་ཏེ་བསམ་བློའི་རྒྱང་འབོད་བྱེད་པ་ལ་བསམས་ན། ཤར་ནས་འཁྱུག་འོངས་པའི་གཡུ་འབྲུག་ཅིག་གི་ངར་སྐད་ནུབ་ནས་ལྡིར་གྱིན་ཡོད་པའི་སྣང་བ་ཞིག་བདག་ལ་སྐྱེས་ཤིང་། མ་འོངས་པ་ནའང་ཤར་གྱི་གཡུ་འབྲུག་འདིའི་ངར་སྐད་ཀྱིས་ཤར་ནུབ་ཀྱི་གནམ་ས་སྒུལ་ཐུབ་པའི་རེ་སྨོན་དང་བཅས།
ཞེས་སྙན་བཟང་གཡུང་དྲུང་ཚེ་རིང་གིས་༢༠༡༡ལོའི་སྤྱི་ཟླ་༡༠པའི་ཚེས་༢༠ཉིན་ཧྥ་རན་སིའི་ལྷོ་བྱང་གི་མཚམས་ཀྱི་གྲོང་ཁྱེར་ཆེན་མོ་སྦོག་ཊོ་ནས་བྲིས་པ་དགེ་ལེགས་འཕེལ།
ད་རུང་རྩོམ་མཇུག་ཏུ་”དགེ་ལེགས་འཕེལ་”འཇོག་མཁན་འདུག གསར་བརྗེའི་ཕ་ས་ཧྥ་རན་སི་ནས་ཀྱང་དེ་ལྟར་རེད། བག་ཆགས་ཡིན་ན་འདིའི་ངོ་རྫོགས།
སྙན་ངག་གི་གྲོང་ཁྱེར་གྱི་སྙན་ངག་པ་སྙན་བཟང་ལ་ཡིད་སྨོན་འཆོར་བཅུག་ཡོད་ས་རེད།
སྙན་ངག་གི་གྲོང་ཁྱེར་གྱི་སྙན་ངག་པ་སྙན་བཟང་ལ་ཡིད་སྨོན་འཆོར་བཅུག་ཡོད་ན་སྙན་ངག་པ་སྙན་བཟང་སྙན་ངག་པ་ཞིག་ཡིན་ས་མ་རེད།