སྙན་བཟང་གཡུང་དྲུང་ཚེ་རིང་།
—————–
འདས་ལོའི་དབྱར་ཁར་ངས་ནུབ་ཕྱོགས་ཀྱི་སྒྲུང་རྩོམ་ཞིག་བོད་ཡིག་ཏུ་བསྒྱུར་གྲུབ་ནས་དེ་ལ་“གླེང་བརྗོད་ཀྱི་རྩོམ་སྐུལ་ཞིག་ཕྲན་གྱི་གྲོགས་པོ་ཞིག་ལ་ཞུས་པ་ཡིན། དུས་དེར་གླེང་བརྗོད་”ཅེས་པའི་སྐོར་ལ་གཞི་ནས་དོ་སྣང་ཞིག་སླེབས་བྱུང་། དོ་སྣང་སླེབས་དགོས་དོན་ནི་དེང་སང་བོད་ལ་གླེང་བརྗོད་ཅེས་པ་དར་ཁྱབ་ཆེན་པོ་རེད་ལ། ཉེ་ཆར་པར་སྐྲུན་བྱས་པའི་དེབ་རིགས་འདྲ་མིན་གྱི་མགོ་ན་གླེང་བརྗོད་མེད་པའི་དེབ་ཧ་ཅང་དཀོན། རྐྱེན་དེས་དྲངས་ཏེ་ཉེ་ཆར་ངས་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་ཚིག་མཛོད་སོགས་ཀྱི་ནང་དུ་གླེང་བརྗོད་ལ་ལམ་ལུགས་ཡོད་མེད་བཙལ་བ་ཡིན། ངའི་ལག་སྣེར་ཡོད་པའི་རྩོམ་རིག་ལོ་རྒྱུས་ཀྱི་དེབ་ཐེར་དེ་དག་གི་ནང་དུ་གླེང་བརྗོད་ཀྱི་གསལ་བཤད་ཡོད་པ་ཕར་ཞོག ཐ་ན་ཚིག་མཛོད་ཁག་ཏུའང་གླེང་བརྗོད་ཅེས་པའི་ཚིག་འདི་རྙེད་ཐབས་བྲལ། ཡིན་ནའང་ཚིག་མཛོད་ཅིག་ཏུ་“གླེང་གཞི་”ཞེས་པ་ནི་“རྩོམ་གཞུང་གི་ནང་དོན་དངོས་གཞིའི་སྔོན་དུ་བྲིས་པའི་གསལ་བཤད་ཀྱི་མིང་།”ཞེས་དང་། ཡང་ཚིག་མཛོད་གཞན་ཞིག་ཏུ་“བསྟན་བཅོས་ཀྱི་སྔོན་དུ་རྗོད་པའི་དོན་རྣམས།”ཞེས་བྲིས་འདུག
བོད་ཀྱི་ཚིག་མཛོད་ཁག་ཏུ་གླེང་གཞི་ཞེས་པའི་མིང་འདི་མཐོང་རྒྱུ་ཡོད་པ་ལྟར། བོད་ཀྱི་བསྟན་བཅོས་རྙིང་པ་ཁག་ཅིག་ཏུའང་གླེང་གཞི་ཞེས་པའི་མིང་འདི་མང་པོ་འབྱུང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་འོག་ཏུ་“གླེང་གཞིའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སམ། ལུང་དང་རྟོགས་པ། བཀའ་བསྟན་བཅོས་གཉིས་སུ་བསྡུས་པའི་སྐོར་”ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དུ་“ཤིས་བརྗོད་དང་འབྲེལ་བའི་གླེང་གཞི་”ཞེས་པ་ལྟ་བུ། ད་དུང་རབ་གསལ་གསེར་གྱི་སྙེ་མའི་ནང་དུ་“མཆོད་པར་བརྗོད་པས་སྐབས་ཕྱེ་སྟེ་ལྔ་པ་ཆེན་པོའི་རྟོགས་བརྗོད་དང་། སྤྲུལ་གཞི་གཅིག་གི་སྤྲུལ་པ་དུ་མས་འགྲོ་དོན་མཛད་པའི་སྐོར་གྱི་གླེང་གཞི་རྒྱས་པ་”ཞེས་སོགས་གསལ། སྐབས་རེར་བོད་ཀྱི་གནའ་རབས་ཀྱི་མཁས་པ་ཚོས་བསྟན་བཅོས་ཀྱི་ནང་དོན་དང་ངོ་སྤྲོད་སོགས་བསྟན་བཅོས་ཀྱི་དངོས་གཞིའི་སྔོན་དུ་མ་བྲིས་པར་བསྟན་བཅོས་ཀྱི་མཇུག་ཏུ་བྲིས་པའང་མཐོང་། དཔའ་བོ་གཙུག་ལག་ཕྲེང་བས་དེབ་ཐེར་སྔོན་པོའི་ཡན་ལག་ལྔ་པ་སྟེ་ཡུལ་སྤྱི་དང་ཤེས་བྱའི་གཙོ་བོ་རིག་གནས་ལྔ་བྱུང་ཚུལ་གསུངས་རྗེས། དེབ་འདིའི་ལེའུ་རེ་རེའི་མིང་དང་། དེབ་དེ་ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་གྱིས་བསྐུལ་ངོར་མཛད་པ། གནས་གང་དུ་བྲིས་པ་སོགས་གླེང་གཞིའི་ཚུལ་དུ་གསུངས་འདུག་ལ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུའང་ཉང་ཉི་མ་འོད་ཟེར་གྱིས་བསྟན་བཅོས་དེ་ཉིད་མཛད་དགོས་པ་རྒྱུ་མཚན་སོགས་མཇུག་བསྡུའི་གཏམ་དང་མཛད་བྱང་གི་ནང་དུ་གསུངས་ཡོད།
འོན་ཀྱང་། གནའ་རབས་ཀྱི་བསྟན་བཅོས་ཁག་ལས་མཐོང་བ་ནི། སྔོན་བྱོན་མཁས་པ་ཚོས་བསྟན་བཅོས་ཤིག་མཛད་རྗེས་དེ་ལ་རང་གི་བླ་མ་དང་། མཁས་པ། ཡང་ན་སློབ་མ་གང་རུང་ཞིག་གིས་བསྟན་བཅོས་དེའི་ཆེ་བ་རྗོད་པའི་རྗོད་ཚིག་དེ་འདྲ་བསྟན་བཅོས་དང་མཉམ་དུ་སྦྱར་ནས་ཤིང་པར་དུ་འདེབས་པའི་ལུགས་སྲོལ་ཞིག་ཧ་ལམ་བྱུང་མི་འདུག་སྙམ།
བོད་དུ་བསྟན་བཅོས་ཁག་གི་རྩོམ་གཞུང་གི་དངོས་གཞིའི་སྔོན་དུ་མི་གཞན་གྱིས་གླེང་གཞི་འབྲི་བའི་ལུགས་སྲོལ་བྱུང་བའི་དུས་ནི་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ཡིན། དེའི་རྒྱུ་མཚན་ནི་བོད་ཀྱི་དཔེ་སྐྲུན་ཁང་དག་གིས་གནའ་རབས་ཀྱི་དཔེ་རྙིང་གླེགས་བམ་ཁག་པར་སྐྲུན་བྱས་པ་དེ་དག་གི་མགོ་ན་ཉེ་རབས་ཀྱི་མཁས་པ་ཚོས་དཔེ་རྙིང་དེ་དག་ལ་བསྐྱར་ཞིབ་གནང་བའི་རྩོམ་ཡིག་གམ་ངོ་སྤྲོད་རྩོམ་ཡིག་མཐོང་རྒྱུ་ཡོད་པ་དེ་དག་གི་མིང་ལ་“གླེང་གཞི་”ཞེས་མིང་འདི་བསྐྱར་ཟློས་ཀྱིས་བཀོད་ཡོད་ལ། སྐབས་རེར་“ནང་དོན་སྙིང་བསྡུས་ངོ་སྤྲོད་”ཅེས་པ་ལྟ་བུའང་འདུག འདིའི་ཤུགས་རྐྱེན་ལ་བརྟེན་ནས་ཉེ་རབས་ཀྱི་མཁས་པ་ཚོས་བསྟན་བཅོས་ཤིག་རྩོམ་སྐབས་དེ་ལ་རང་གིས་གླེང་གཞི་འབྲི་བའི་ལུགས་སྲོལ་ཞིག་བྱུང་བར་མ་ཟད། ཐ་ན་དཔྱད་རྩོམ་འབྲི་མཁན་དག་གིས་ཀྱང་རྩོམ་ཡིག་གི་དངོས་གཞི་སྔོན་དུ་གླེང་གཞི་འདི་སྤྱོད་འགོ་ཚུགས་ཡོད། འོན་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་སོགས་སུ་“གླེང་བརྗོད་”ཅེས་པའི་མིང་འདི་བཀོད་མེད་པ་ལ་བལྟས་ན། བོད་དུ་གླེང་བརྗོད་དང་དེའི་ལམ་ལུགས་དར་ནས་དུས་ཡུན་རིང་པོ་འགོར་མེད་པ་ཤེས་ཐུབ། ལོ་རབས་བརྒྱད་ཅུ་དང་ལྷག་པར་དུ་ལོ་རབས་དགུ་བཅུ་པའི་ནང་དུ་མི་སྒེར་བའི་ངོས་ནས་དེང་རབས་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་སོགས་འདོན་སྐབས། དེ་ལ་རྩོམ་པ་པོའམ་སྙན་ངག་པ་ཞིག་གིས་ཡ་རབས་ཀྱི་སྒོ་ནས་དེབ་དེའི་རྩོམ་པ་པོ་དང་དེབ་ཀྱི་ཁྱད་ཆོས་སོགས་ཀྱི་སྐོར་ལ་རྩོམ་ཡིག་འབྲི་བའི་ལམ་སྲོལ་བྱུང་བ་དེ་ལ་“གླེང་བརྗོད་”ཅེས་པའི་མིང་འདི་གསར་དུ་བཏགས་ཡོད་ལ། ཡང་སྐབས་རེར་“སྔོན་གླེང་”ཞེས་པའི་མིང་གི་རྣམ་གྲངས་གཞན་ཞིག་ཀྱང་སྤྱོད་བཞིན་ཡོད་སྟབས། འདི་ལ་གཅིག་གྱུར་གྱི་མིང་ཞིག་ད་བར་དུ་བྱུང་མེད། ཡིན་ནའང་དེང་སང་ང་ཚོའི་ཁ་ན་འབྱམས་ཡོད་པ་ནི་གླེང་བརྗོད་ཅེས་པ་འདི་ཡིན།
ང་ཚོར་གླེང་གཞི་དང་། གླེང་བརྗོད། སྔོན་གླེང་སོགས་ཀྱི་སྐོར་ལ་ལམ་དང་ལུགས་སྲོལ་གྱི་གཞུང་ལུགས་ལྟ་བུ་མེད་སྟབས། སྐབས་རེར་མིང་འདི་དག་ཁྱད་མེད་དུ་སྤྱོད་བཞིན་ཡོད། དེར་བརྟེན་ངས་ནུབ་ཕྱོགས་པར་འདི་ལ་ལམ་དང་ལུགས་སྲོལ་ཡོད་མེད་འཚོལ་ཆེད་འབྲེལ་ཡོད་ཀྱི་རྩོམ་ཡིག་རེ་ཟུང་དང་ཚིག་མཛོད་འགའ་བསྔོགས་པ་ཡིན།
ཧྥ་རན་སིའི་སྐད་དུ་བྲིས་པའི་ཚིག་མཛོད་ཅིག་ཏུ་གླེང་གཞི་(Introduction)ནི་“བསྟན་བཅོས་རྩོམ་མཁན་ཞིག་གིས་བསྟན་བཅོས་ཀྱི་སྔོན་དུ་གླེང་བའི་གཏམ་ལ་གོ་”ཞེས་དང་། གླེང་བརྗོད་(Préface)ཅེས་པ་ནི་“རྩོམ་ཡིག་གི་སྔོན་དུ་གླེང་བའི་རྗོད་པ་ལ་ཟེར།”ཞེས་བྲིས་འདུག དྲ་རྒྱའི་རྩོམ་ཡིག་ཅིག་ཏུ་གླེང་གཞིའི་འགྲེལ་བཤད་འདི་ལྟར་བྲིས་ཡོད། གླེང་གཞི་ནི་བསྟན་བཅོས་རྩོམ་མཁན་གྱི་རྩོམ་པ་པོས་འབྲི་སྲོལ་ཤུགས་ཆེ་ལ། གླེང་གཞིའི་ནང་དུ་གཙོ་བོ་རང་གི་བསྟན་བཅོས་ཀྱི་སྤྱི་ཁོག་ཙམ་ཞིག་ངོ་སྤྲོད་བྱེད་རྒྱུ་དེ་རེད་ཅེས་བྲིས་འདུག ཡང་རྩོམ་གཞན་ཞིག་ཏུ་གླེང་གཞི་ནི་བསྟན་བཅོས་རྩོམ་མཁན་གྱིས་མི་འབྲི་བར་མཁས་པ་ཞིག་གིས་འབྲི་བར་བྱེད་ཅིང་། གཙོ་བོ་བསྟན་བཅོས་ཀྱི་ནང་དོན་དང་སྤུས་ཀ་སོགས་དབྱེ་ཞིབ་ཡོད་པའི་སྒོ་ནས་ངོ་སྤྲོད་དང་། བསྐྱར་ཞིབ་ལྟ་བུ་བྱེད་པ་དེ་རེད་ཅེས་གསལ་ལ། གླེང་བརྗོད་ནི་རྩོམ་རིག་སྒྱུ་རྩལ་དང་འབྲེལ་བའི་དེབ་རིགས་ལ་སྤྱོད་ཅིང་། གླེང་བརྗོད་འབྲི་མཁན་ནི་དེབ་རྩོམ་མཁན་མིན་པར་མི་སྣ་གཞན་ཞིག་ཡིན། མི་སྣ་དེ་ནི་མི་སྐད་གྲགས་ཅན་ཞིག་གམ་ཡང་ན་དེབ་དེའི་བརྗོད་གཞིའི་སྐོར་ལ་ཕྱག་ལས་གནང་མཁན་དང་ཉམས་མྱོང་ཡོད་མཁན་ཞིག་ཡིན། དེ་ལྟ་བུའི་མི་དེས་དེབ་གང་རུང་ཞིག་གི་གླེང་བརྗོད་འབྲི་སྐབས་རྩོམ་པ་པོ་ངོ་སྤྲོད་དང་འབྲེལ་བའི་སྒོ་ནས་དེབ་དེའི་དམིགས་བསལ་གྱི་ཁྱད་ཆོས་དང་རིན་ཐང་གཙོ་འདོན་གྱིས་ཀློག་པ་པོ་དག་ལ་ངོ་སྤྲོད་གནང་དགོས་པ་དང་། དེས་དེབ་དེ་སྐད་གྲགས་འབྱུང་བའམ་ཡང་ན་དེབ་དེ་བྲིན་པར་ཕན་ཐོགས་ཆེན་པོ་ཡོད་ཅེས་བྲིས་འདུག
ངས་གླེང་གཞི་དང་གླེང་བརྗོད་གཉིས་ཀྱི་སྒྲ་བཤད་དང་གསལ་བཤད་འདི་དག་བཀླགས་རྗེས། སྔོན་གླེང་(Avant-propos)གི་སྐོར་རྙེད་བྱུང་བ་འདི་ལྟར། སྔོན་གླེང་ནི་“གླེང་བརྗོད་དང་འདྲ་བར་རྩོམ་ཡིག་གི་སྔོན་དུ་གླེང་བའི་རྗོད་ངག་ཅིག་རེད།”ཅེས་བྲིས་འདུག་ལ། སྔོན་གླེང་ནི་དེབ་འབྲི་མཁན་གྱི་རྩོམ་པ་པོས་འབྲི་སྲོལ་ཆེ་ཞིང་། རྩོམ་པ་པོས་གླེང་བརྗོད་ཀྱི་ནང་དུ་དེབ་དེ་ལྟ་བུ་ཞིག་འབྲི་དགོས་པའི་རྒྱུ་མཚན་དང་། དེབ་དེ་འདྲ་ཞིག་འབྲི་བའི་བསམ་བློ་ཇི་ལྟར་འཁོར་བ། དེ་བཞིན་དུ་དེབ་ཀྱི་ནང་དོན་སོགས་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་ཀློག་པ་པོ་ཚོར་གསལ་བཤད་དང་། དེབ་དེར་རོགས་རམ་བྱེད་མཁན་གྱི་མི་སྣ་དག་ལའང་ཐུགས་རྗེ་ཆེ་ཞུ་ཆོག་པ་རེད་ཅེས་གསལ་ཞིང་། འགྲེལ་བཤད་འདི་དག་རྩོམ་ཡིག་རེ་ཟུང་ལས་བཏུས་པ་ཡིན་སྟབས། དཔྱད་གཞིར་འགྲོ་མིན་ངས་མི་ཤེས།
ནུབ་ཕྱོགས་ཀྱི་རིག་གཞུང་ཁྲོད་དུའང་གླེང་གཞི་དང་གླེང་བརྗོད། སྔོན་གླེང་འབྲི་བའི་ལམ་སྲོལ་འདི་ལ་རྣམ་གཞག་ཅིག་མེད་པ་འདྲ། ཡིན་ནའང་ནུབ་ཕྱོགས་པར་ལམ་སྲོལ་འདི་ཐོག་མར་དར་སྐབས་གླེང་གཞི་དང་གླེང་བརྗོད་གཉིས་རྩོམ་མཁན་རང་ཉིད་ཀྱིས་འབྲི་བ་ལས་མི་གཞན་གྱིས་འབྲི་བའི་ལམ་སྲོལ་མེད་ནའང་། རིམ་གྱིས་གླེང་གཞི་དང་གླེང་བརྗོད་གཉིས་ཀ་མི་གཞན་ཞིག་གིས་འབྲི་བ་དང་། སྔོན་གླེང་ནི་རྩོམ་པ་པོ་རང་ཉིད་ཀྱིས་འབྲི་བའི་འཕོ་འགྱུར་ཞིག་བྱུང་འདུག དེ་བཞིན་དུ་རྒྱ་ནག་ལའང་གླེང་བརྗོད་(前言)ཀྱི་ལམ་སྲོལ་འདི་བོད་ཡུལ་དུ་མ་དར་བའི་སྔོན་ལ་བྱུང་ཡོད་པ་མ་ཟད། ༡༩༦༠ལོར་པར་སྐྲུན་བྱས་པའི་བོད་ཡིག་གི་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་ཀྱི་མགོ་ན་ཡོད་པའི་གླེང་བརྗོད་ནི་མི་རིགས་གཞན་གྱིས་བྲིས་པའི་གླེང་བརྗོད་ཅིག་བོད་ཡིག་ཏུ་བསྒྱུར་བ་ཐོག་མ་ཆགས་ཀྱི་ཡོད།
དེང་སང་བོད་ལ་དར་ཁྱབ་ཆེ་བ་ལྟར་ནུབ་ཕྱོགས་སུའང་རྒྱུགས་ཆེ་བ་ནི་གླེང་བརྗོད་ཡིན། སྤྱིར་བཏང་གླེང་བརྗོད་ནི་གོང་དུ་གསལ་བ་ལྟར་མི་ཞིག་གིས་བྲིས་པའི་དེབ་ལ་མི་གཞན་ཞིག་གིས་ཡ་རབས་ཀྱི་སྒོ་ནས་ཀློག་པ་པོ་ཚོར་དེབ་རྩོམ་མཁན་གྱི་ལོ་རྒྱུས་དང་། དེབ་ཀྱི་ནང་དོན། ཁྱད་ཆོས་སོགས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རྒྱུ་དེ་རེད། དེབ་གཟིགས་མཁན་རྣམས་ཀྱིས་ཀྱང་གླེང་བརྗོད་ལ་བརྟེན་ནས་དེབ་ཀྱི་སྤྱི་ཁོག་ཙམ་མིན་པར་རྩོམ་པ་པོའི་ལོ་རྒྱུས་དང་། རྩོམ་པ་པོས་དེབ་དེ་བྲིས་པའི་གོ་རིམ་སོགས་རགས་རམ་ཙམ་ཞིག་ཤེས་ཐུབ་པ་མ་ཟད། དེབ་དེ་ཀློག་འདོད་ཡོད་མེད་དང་། ཉོ་འདོད་ཡོད་མེད་ཀྱང་གླེང་བརྗོད་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། ཡང་། གླེང་བརྗོད་འབྲི་མཁན་ཞིག་གིས་གླེང་བརྗོད་ཀྱི་ནང་དུ་དེབ་འབྲི་མཁན་ལ་བསྟོད་བསྔགས་དང་བརྩམས་ཆོས་ལ་གདེངས་འཇོག་ཆེན་པོ་བྱས་ཡོད་ཚེ། དེས་རྩོམ་པ་པོ་དེར་སེམས་ཤུགས་འཕར་བ་དང་བློ་སྟོབས་རྒྱས་པར་ཕན་ཐོགས་ཡོད་སྟབས། གླེང་བརྗོད་ནི་ཧ་ཅང་དགོས་ངེས་ཅན་ཞིག་རེད་ལ། གླེང་བརྗོད་ཀྱི་དགེ་མཚན་ཀྱང་འདི་ཡིན།
འོན་ཀྱང་། གླེང་བརྗོད་གལ་ཆེན་པོ་ལོས་ཡིན་ཀྱང་། གླེང་བརྗོད་འབྲི་མཁན་ནི་དེ་ལས་ཀྱང་གལ་ཆེན་པོ་ཡིན། མི་ཞིག་གིས་བྲིས་པའི་དེབ་ལ་རིན་ཐང་ཡོད་མེད་ལ་མ་ལྟོས་པར་སྙན་གྲགས་རྒྱས་པའི་མི་ཞིག་གིས་གླེང་བརྗོད་བྲིས་ཡོད་ཚེ། དེས་ཀློག་མཁན་མང་པོ་འབྱུང་བར་ཕན་ཐོགས་ཡོད་ལ། ཞོར་དུ་དེབ་འབྲི་མཁན་ཀྱང་ཁྱབ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ནུབ་ཕྱོགས་ཀྱི་དེབ་མང་པོ་ཞིག་གི་མདུན་ཤོག་ན་རྩོམ་མཁན་གྱི་མིང་ཡོད་པ་མ་ཟད། གླེང་བརྗོད་འབྲི་མཁན་གྱི་མིང་ཡང་ལྷན་ཐབས་སུ་འགོད་པའི་འགྱུར་བ་ཞིག་བྱུང་འགོ་ཚུགས་ཡོད། སྐབས་རེར་དཔེ་སྐྲུན་ཁང་དག་གིས་ཀྱང་དེབ་ཀྱི་སྤུས་ཀ་ལ་མི་གཟིགས་པར་གླེང་བརྗོད་འབྲི་མཁན་སྐད་གྲགས་ཅན་ཞིག་ཡིན་ཚེ་ཚམ་ཚོམ་མེད་པར་པར་སྐྲུན་བྱེད་ཀྱི་ཡོད།
བོད་དུའང་གླེང་བརྗོད་ཡག་པོ་འབྲི་མཁན་མེད་པའི་དཀའ་ངལ་ཡོད་པ་མ་རེད། ཡིན་ནའང་ང་ཚོའི་དཀའ་ངལ་ནི་དེབ་ཉོ་མཁན་གྱི་ཀློག་པ་པོ་མེད་པ་དེ་རེད། བོད་ཕྱི་ནང་གི་པར་སྐྲུན་བྱས་པའི་དེབ་རིགས་འདྲ་མིན་གྱི་དཔར་ཐེངས་དག་ལ་བསམས་དུས་ཧ་ཅང་ཡིད་མུག་པ་ཡོད། ང་ཚོའི་རྩོམ་འབྲི་བ་ཚོས་དཀའ་ངལ་བརྒྱབ་ནས་འགྲོ་སོང་བའི་དེབ་དེ་དག་བརྒྱ་སྐོར་ཞིག་ལས་བྲིན་གྱི་མེད་ནའང་། ད་དུང་སེམས་ཤུགས་མ་ཆགས་པར་ཡོད་པ་འདི་དགའ་འོས་པ་ཞིག་ཡོད། འདི་དག་ལ་བསམས་སྐབས་ང་ཚོའི་མི་རབས་འདིའི་ཤེས་ཡོན་པ་ཚོའི་ལས་ཀ་དེ་ཡང་དེབ་དང་གླེང་བརྗོད་བྲིས་ནས་མི་ཚེ་སྐྱེལ་བ་མ་གཏོགས། དེབ་དང་གླེང་བརྗོད་ལ་བརྟེན་ནས་ཞོ་ཤས་ཉུང་ཙམ་འཐོབ་པའི་ལས་ཀ་དེ་མ་རེད་འདོད་བྱུང་།
བདེན་པ་རེད། ཕྱི་ལོགས་སུ་དེབ་ཉོ་མཁན་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་། འབྲི་གུང་རིན་པོ་ཆེ་ཡིས་བརྩམས་པའི་བཙན་པོའི་རྒྱལ་རབས་དང་ཆུང་ཚེ་རིང་ལགས་ཀྱིས་བསྒྱུར་བའི་འབའ་བ་ཕུན་དབང་གི་ལོ་རྒྱུས་གཉིས་བརྐུས་དཔར་གྱི་ལམ་ནས་བོད་ནང་ཧ་ཅང་གི་འགྲིམས་འདུག དེའང་རྩོམ་མཁན་ལ་ཡོང་སྒོ་མེད་པ་མ་གཏོགས་དེབ་ཀྱི་སྤུས་ཀ་ཡག་ན་བོད་ནང་འགྲིམས་ངེས་རེད།
ཨ་རོགས་ཧོར་ནག་རོ། མགོ་ནས་སྔ་མ་ཐེངས་གཅིག་ཀློག་ཡོད། རྒྱུན་རིང་པོ་ཞིག་ལ་ཁྱེད་ཀྱི་བྲིས་རྩོམ་མ་མཐོང་པའི་དེ་རིང་མཐོངབ་དགའ་ནས་བཀླགས་ཡོད།
དེབ་ཀྱི་སྔོན་གླེང་་མང་པོ་འབྲི་མཁན་ཞིག་ལ་རྒྱལ་བ་རིན་པོ་ཆེ་ལྟ་བུ་དཀོན་པོ་ཡིན་ངེས་རེད། དབྱིན་ཡིག་གི་སྟེང་དུ་རྒྱལ་བ་རིན་པོ་ཆེ་དང་བོད་དོན་ལ་འབྲེལ་བ་ཡོད་པའི་དེབ་སྟོང་ཕྲག་ཁ་ཤས་མེད་ན་ཡང་བརྒྱ་ཕྲག་ཁ་ཤས་ལ་ནི་རྒྱལ་བ་རིན་པོ་ཆེའི་སྔོན་གླེང་བསྩལ་འདུག
ནམ་དུས་བཞི་ནི།
དབྱར་ཁ།
སྟོན་ཀ
དཔྱིད་ཀ
དགུན་ཁ
ཞེས་ཚིག་མཐར་ཀ་དང་ཁ་གཉིས་ཀ་མ་བྲིས་པར།
ནམ་དུས་བཞི་གའི་དག་བྱར།
དབྱར་ཀ
སྟོན་ཀ
དཔྱིད་ཀ
དགུན་ཀ
ཞེས་མིང་མཐར་ཀ་གཅིག་ཉིད་ཀྱིས་འཐུས་པར་བྱས་ནས་བྲིས་ན། མི་རབས་གསར་པས་ཤེས་བདེ་སྦྱོང་བདེ་མི་འདུག་གམ། ལགས།
ཡང་། ངས་འདོད་པ་ལྟར་བྲིས་ན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དབྱར་ཁར་་་་་ དབྱར་༼ཀར་༽
དེང་སང་བོད་ལ་་་་ ༼དིང་སང་༽བོད་ལ་
འོན་ཀྱང་། འོན༼ད་༽ཀྱང་།
བཅུ་ཕྲག་ཁ་ཤས་ཀྱི་སྔོན་ཡིན། བཅུ་ཕྲག་ཁ་ཤས་ཀྱི་སྔོན་༼ལ་༽ཡིན།
སྙན་ངག་པ་་་་ སྙན་༼དངགས་༽པ་
ང་བརྗོད་ཅེས་པ་འདི་ཡིན། ང་བརྗོད་ཅེས་པ་འདི་༼རེད།༽
རྩོམ་མཁན་གྱིས་མི་འབྲི་བར་མཁས་པ་ཞིག་གིས་་་་ རྩོམ་མཁན་གྱིས་མི་འབྲི་བར་མཁས་པ་༼གཞན་༽ཞིག་གིས
ར་ལ་ཕྱག་ལས་གནང་མཁན་དང་ཉམས་མྱོང་ཡོད་མཁན་ཞིག་ཡིན། ར་ལ་ཕྱག་ལས་གནང་མཁན་དང་ཉམས་མྱོང་ཡོད་མཁན་ཞིག་ཡིན་༼དགོས།༽
བོད་ཡིག་ཏུ་བསྒྱུར་བ་ཐོག་མ་ཆགས་ཀྱི་ཡོད། བོད་ཡིག་ཏུ་བསྒྱུར་བ་ཐོག་མ་ཆགས་༼བགྱིད་༽ཡོད།
བརྩམས་ཆོས་་་་་ ༼རྩོམ་༽༼དེབ།༽
གླེང་བརྗོད་ཀྱི་དགེ་མཚན་ཀྱང་འདི་ཡིན། གླེང་བརྗོད་ཀྱི་དགེ་མཚན་ཀྱང་འདི་༼རེད།༽
ལ་ཆེན་པོ་ལོས་ཡིན་ཀྱང་། ལ་ཆེན་པོ་ལོས་ཡིན༼ད་༽ཀྱང་།
དེ་ལས་ཀྱང་གལ་ཆེན་པོ་ཡིན། དེ་ལས་ཀྱང་གལ་ཆེན་པོ་༼རེད།༽
ཡིན་ནའང་ང་ཚོའི་དཀའ་ངལ་ནི་དེབ་ཉོ་མཁན་༼གྱི་༽ཀློག་པ་པོ་མེད་པ་དེ་རེད། ཡིན་ནའང་ང་ཚོའི་དཀའ་ངལ་ནི་དེབ་ཉོ་མཁན་༼དང་༽ཀློག་པ་པོ་མེད་པ་དེ་རེད།
སྙན་བཟང་ལགས་སུ། སྙན་གསེང་བསམ་འཆར་ཙམ་མོ།།
སྔོན་གླེང་། གླེང་གཞི། གླེང་བརྗོད། གསུམ་གྱི་གོ་དོན་མི་འདྲ་བ་རེད། འོན་ཀྱང་ཤེས་ཡོན་ཅན་དུ་རློམ་པ་རེ་འགས་མིང་རྗོད་འདི་གསུམ་གྱི་གོ་དོན་ཞིབ་མོར་མ་ངེས་པའི་རྟགས་མང་བོ་སྟོན་གྱིན་པ་ཉེ་བའི་ཆར་ཐོན་དང་འཐོན་བཞིན་པའི་དེབ་རིགས་ཁག་ལས་ཤེས་གསལ་རེད་ལ། གོང་གི་ཚིག་རྗོད་འདི་གསུམ་བོད་ཀྱི་ཚིག་མཛོད་ཁག་གི་ནང་དུ་བསྡུས་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག ཚིག་གསར་རྙིང་གང་ཡིན་ཡང་རུང་བོད་ཚིག་རྣལ་མ་ཡིན་པ་ལས་ཕྱི་ཚིག་བོད་བསྒྱུར་མ་ཞིག་མ་རེད།
སྔོན་གླེང་། འགོ་བརྗོད། སྔོན་དུ་གླེང་བའི་གཏམ་སོགས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད། བརྩམས་ཆོས་སོགས་དཔེ་དེབ་དུས་དེབ་ཀྱི་རིགས་དང་ཡང་ན་ཡིག་ཆ་འདྲ་མིན་གྱི་འགོ་འམ་སྔོན་དུ་འབྲི་སྲོལ་ཡོད་པའི་རྩོམ་པ་པོ་འམ་ཡང་ན་ཡིག་ཆ་བསྡུ་སྒྲིག་མཁན་གྱིས་རང་ཉིད་ཀྱི་རྩོམ་སྒྲིག་བསྡུ་སྒྲིག་བྱས་པའི་བྱ་བའི་གོ་རིམ་དང་དེའི་བརྒྱུད་རིམ་གྱི་དཀའ་སྡུག་སོགས་འབྲི་བ་དང་། དེ་དང་འབྲེལ་ཐོགས་ཀྱི་གང་ཟག་དང་བྱ་དངོས་ཀྱི་མཐུན་རྐྱེན་སུས་སྦྱོར་དུས་ཀྱི་འགྱུར་ལྡོག་ལ་སོགས་པ། ཡང་ན་བྱ་བའི་རྒྱུ་རྐྱེན་གྱི་འཕེལ་རིམ་སོགས་བརྩམས་ཆོས་གང་ཞིག་འགྲུབ་པའི་རྒྱུ་རྐྱེན་ལ་གོ་བ་ལས་བརྩམས་ཆོས་དངོས་གནས་པའི་ནང་དོན་འདིར་བརྗོད་པ་སྐབས་སུ་མ་བབ་པ་ཞིག་རེད། དེར་བརྟེན་འདི་རྩོམ་མཁན་རང་ཉིད་ཀྱིས་འབྲི་དགོས་པ་ཞིག་ལས་གཞན་སུས་ཀྱང་ཚབ་བྱེད་ཐུབ་པ་ཞིག་མ་རེད་སྙམ། གླེང་གཞི། བརྩམས་ཆོས་གང་ཞིག་གི་ཐོག་མའི་ས་བོན་དང་དེ་འབྲི་དགོས་པའི་རྒྱུ་རྐྱེན་རྒྱབ་ལྗོངས་ཇི་ལྟར་འབྲི་བའི་འདུན་པ་སྐྱེས་ཚུལ་སོགས་བརྩམས་ཆོས་ཀྱི་ནང་དོན་དང་འབྲེལ་བའི་རྩོམ་པ་པོའི་དམིགས་འདུན་གླེང་བ་ཞིག་རེད། འདི་བདག་གཞན་སུས་བྲིས་ཀྱང་ཆོག་པར་སེམས།
གླེང་བརྗོད། འདི་འབྲི་མཁན་ནི་ངེས་པར་དུ་བརྩམས་ཆོས་གང་ཞིག་འབྲི་བའི་རྩོམ་པ་པོ་རང་ལས་ལྷག་པའི་ཤེས་ཡོན་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པ་ཞིག་ཡིན་དགོས། རྒྱུ་མཚན་ཅི་ཡིན་ཟེར་ན། བརྩམས་ཆོས་གང་དེའི་སྤྱི་ཁོག་དང་ནང་དོན་ཕྱིས་ཕྱིན་པ་ངེས་པའི་ཐོགས་ནས་དེ་ལ་དཔྱད་བརྗོད་སྤེལ་བའི་གདེང་འཇོག་བྱེད་པ་དང་བརྩམས་ཆོས་ཀྱི་ལེགས་ཉེས་སོགས་ཕྱོགས་ཀུན་ལ་དཔྱད་པ་གཏོང་བའི་དཔྱད་བརྗོད་མདོར་བསྡུས་འབྲི་བ་ལ་གོ འདི་འབྲི་མཁན་ནི་དམིགས་བསལ་ཀྱི་ཆེད་ལས་རང་བཞིན་ལྡན་པ་ཞིག་ལས་གང་བྱུང་གི་འབྲི་ཐུབ་པ་ཞིག་གཏན་ནས་མིན་ནོ། །