ཞོ་ར་བསྟན་པ།
དགེ་འདུན་ཆོས་འཕེལ། ཁ་བྱང་གི་འགྲེལ།
གཅིག
ཨ་མ་པདྨ་སྐྱིད་ཀྱི་རྣ་ལམ་དུ་ཨག་སྐད་ཕྲ་མོ་ཞིག་གིས་གསལ་འདེབས་བྱས་པ་ནས་བཟུང་། འཇིག་རྟེན་འདིར་ཇི་འདྲའི་དྲི་བ་མང་བོ་ཞིག་བྱུང་ཨང་། རིག་འཛིན་རྣམ་རྒྱལ། ཡབ་བླ་མ་རྒྱལ་བོའི་ཞལ་ངོ་དཀར་ནག་གི་ཉིན་སྲིབ་འཚོལ་བཞིན་ཀ་ཁའི་དབྱངས་རྟ་དང་འཇོལ་མོའི་གྲེ་འགྱུར་གྱི་ཁྲོད་ནས་ནར་སོན། རིག་ལོ། མ་རྒན་མོའི་གཅེས་ཕྲུག་གཅིག་བུ། བཀའ་ལུང་བཙན་པོ་ཞིག་གི་དབང་ཤེད་ཀྱིས་ཡང་སྤྲུལ་གཉོམ་པོ་ཞིག་གི་སྟེགས་བུ་བསྩལ། ཐམས་ཅད་ཀྱིས་ཨ་ལགས་རིག་ལོ་རིག་རྩལ་ཆེ་ཟེར། གཡའ་མ་བཀྲ་ཤིས་འཁྱིལ་གྱི་དགུན་གཞུང་སྐྱ་བོ་སྟེ་ཁ་བ་དང་ཁྭ་ཏ་ལྷན་དུ་འབབ་པའི་ཉིན་མོ་དེར། ཅི་ཞིག་ལ་འཇིག་རྟེན་དང་བར་ཐག་རིང་བའི་ཡབ་ཆེན་དྲན་དྲགས་པ་ཡིན་ནམ། ཨ་མ་གྲོང་ཡུལ་ལ་བསྙེགས། སྐུ་ལོ་གཞན་ཡུལ་ལ་འཁྱམས། འདི་ནི་མི་ཚེ་སྡུག་ཐག་ལ་བསྟར་བའི་གཏམ་རྒྱུད་ཐོག་མ་ཡིན།
གཉིས།
རིག་འཛིན་རྣམ་རྒྱལ་ངྷི་ཚ་ལ་སྐྱེལ་དུས་དང་། དགེ་འདུན་ཆོས་འཕེལ་བླ་བྲང་ལ་ཕེབས་དུས། ངྷི་ཚ་སྐམ་པོ་དབུས་ཕྱོགས་ལ་ཆས་དུས། བཤད་མི་ཚར་བའི་གཏམ་རྒྱུད་གྲངས་མེད་ཅིག་བཞག་པ། ཁྱེད་ལ་རྣམ་དཔྱོད་ཀྱི་ཚ་རླབས་ཆེ་དྲགས་པས་ལན་ནམ། བན་རྒན་ཚོའི་ཁ་ལྕེ་དལ་ཆེ་བས་ལན། དམ་པ་ཞིག་གིས་བཀས་བཅད་པའི་ས་རྟགས་ཀྱི་ར་བ་ལས་བརྒལ་བའི་ཉིན་མོ་ནས། གནས་ཆུང་འཕྲིན་ལས་རྒྱལ་བོའི་ཀོ་ལོང་རུ་ངའི་བྱིན་འབེབ། དབུ་ཟླུམ་གཟན་གྱིས་བཏུམས་པའི་བཙུན་པ་ཡ་རབས་འགའི་སྙིང་གར་བབས། ཆོས་སྡེ་ཆེན་པོ་ཞིག་གི་སྲང་བར་ན་དབྱུག་པས་དབང་བསྐུར་བྱེད་པའི་དུས་ལ་བབས་པ་ལུང་བསྟན་ཡིན་ནམ། ངྷི་ཚ་སྐམ་པོ་བསམ་བློ་འཁོར་ཨེ་བྱུང་། ཡིད་ཚིམ་པའི་སྐད་ཆ་དེའི་ཤུལ་ན། འདར་སིག་སིག་གིས་འོང་བའི་ཁྱེད་རང་གྲྭ་ཤག་སྐྱོ་བོ་ཞིག་གི་གོ་ཁར་ལྷུང་། ངྷི་ཚ་སྐམ་པོས་རིག་གནས་ཤེས་འདུག ངྷི་ཚ་སྐམ་པོས་དབྱིན་ཡིག་སྦྱང་འདུག ངྷི་ཚ་སྐམ་པོ་རྩོད་ལ་བྱང་འདུག ངྷི་ཚ་སྐམ་པོས་སྙན་ངག་བྲིས་འདུག ངྷི་ཚ་སྐམ་པོས་བཀའ་འགྱུར་ཡང་ཤེས་འདུག ངྷི་ཚ་སྐམ་པོ་ད་རུང་ཉལ་འདུག ངྷི་ཚ་སྐམ་པོ་དེ་རིང་ཡང་རྒྱལ་འདུག ངྷི་ཚ་སྐམ་པོ་་་་་་་་་་་་་་་། དུང་གླིང་མཁར་རྔ་ཡི་སྒྲ་ཚོགས་འདྲེས་མའི་ཁྲོད་དུ་ཅི་འདྲའི་ཤབ་ཤུབ་མང་བོ་ཞིག
གསུམ།
ཨ་མའི་སྤྱན་ཆབ་ལས་གྱེས་གདུང་གི་ཁྲེས་པོ་སྣོན་མ་འགའ་བསྐྱོན་ནས་དབུས་གཙང་ཆོས་ཀྱི་ཞིང་ཁམས་ལ་མངགས། པོ་ཏཱ་ལའི་དཔལ་ཡོན་དང་ཇོ་ཁང་གི་གཟི་བྱིན་གཞིབས་ཏེ་ཨ་སྐྱོ་བའི་ངལ་དུབ་གསོས། འབྲས་སྤུངས་རྡོ་གཅལ་ཐང་དུ་སོག་རིགས་སེར་མོ་འགའ་ཡིས་རྩད་གཅོད་བྱེད་སྐབས། གཉོམ་ཆེ་བའི་མིག་ཟུང་རྡོག་སྣེར་ཕབ་ཅིང་བློ་ཕམ་པའི་དབུགས་རིང་སྣ་སྒོར་འགྲིམས་དུས། མི་ཆེན་ལ་ཚིག་དང། བྱ་ཆེན་ལ་རྡོ་་་་་ཞེས་ཆིག་ལབ་རྒྱག་བཞིན་ཨ་མདོ་བའི་གོམ་ཁ་ཅི་འདྲའི་བྲེལ་བ་ལ། ལྷ་སའི་གྲོང་གི་གྲུ་ག་རེ་རེ་ནས་རྫོགས་མེད་ཀྱི་བརྗོད་གཞི་དུ་མས་ཁྱེད་ཀྱི་སེམས་ལ་འཚང་ཁ་བརྒྱབ། དུས་དེ་ནས་ཁྲེལ་གཞུང་མེད་པའི་མི་རིགས་ཤིག་གི་ལས་དབང་རྨས་མ་དེས་ཁྱེད་ཀྱི་སེམས་ཁམས་ལ་བཙན་འཛུལ་ཐོག་མ་ཐེབས། ད་དུང་སོས་དལ་བའི་མི་ཚོགས་དང་ལྷོད་ཆེ་བའི་གྲྭ་ཚང་གི་དབུས་ན་གང་ལའང་མི་ཐེ་བའི་ཨ་མདོ་ཁྱད་མཚར་ཞིག སྐབས་རེར་མི་ཉག་སྐྱོར་དཔོན་ལ་རིག་འཕྲུལ་སྟོན་ཅིང་། ལན་རེར་དགེ་བཤེས་གསེར་ཉ་ལས་གད་མོ་འཐུ་ཞོར་མི་ལོ་བདུན་གྱི་སྡོམ་རྩིས་བརྒྱབ།
བཞི།
ར་ཧུ་ལའི་མངའ་ཐང་ལ་འགྲན་པའི་ཡུལ་གྱར་བ་སྙིང་ཁམས་ཅན། སྲིན་འབུ་མཚོ་དཀྱིལ་དུ་ལྷུང་བའི་སྐྱོ་ཉམས་བསྟན་ཅིང་། ལྷོ་ལམ་བྱེ་ཐང་གིས་མནར་བའི་སྨྲེ་ངག་འདོན་བཞིན་རྒྱལ་ཁམས་ལ་ལྟད་མོར་ཆས། མེད་མུག་གིས་དེད་པའི་བྱང་ཐང་སྐྱ་མོར་ཡེ་ཤུའི་ཨ་མ་རྒན་མོའི་སྐོམ་ཆུ་ཕོར་བ་གང་གིས་ཡུལ་གྱར་བའི་དྲན་པ་སྔར་བཞིན་སོས། རྒྱ་ཡིག་བོད་ཡིག་ཏུ་ཕབ། བོད་ཡིག་དབྱིན་ཡིག་ཏུ་བསྒྱུར། ལེགས་སྦྱར་བོད་ཡིག་ཏུ་བཀོད། ད་དུང་མགངྷ་ནས་ལོ་ཙ་བས་དགྱེས་གླུ་བླངས་ཤིང་། བྷངྒ་ལ་ནས་ཡུལ་གྱར་བས་སྡུག་གླུའང་ཤོར་མྱོང་། གནས་བརྟན་པའི་དགེ་སློང་དག་གིས་ཁྱེད་ལ་མིག་ཆུ་ཡང་ཡང་དཀུ་བ། རྒྱལ་བསྟན་ལ་དུང་ཞེན་ཆེ་དྲགས་པས་སམ། ལོ་ཙ་བའི་སེམས་ཁམས་གཉོམ་དྲགས་པས་ཡིན། མུ་ཏིག་འཁྲི་ཤིང་ལ་བསྩལ་བའི་ཕྱག་རྟགས་ཟབ་མོ་ཁ་བ་གངས་ཅན་ལ་སྐྱེས་སུ་འདེགས་དུས་དངོས་གནས་ངལ་དུབ་ཀྱིས་དཀྲིས་པའི་ཞལ་རས་ན་རྒྱལ་ཁའི་འཛུམ་མདངས་རྒྱས་འདུག འདི་ནི་ལོ་ཙ་བའི་འཛུམ་མདངས་ཐོག་མའང་ཡིན་ལ། འདི་ནི་ལོ་ཙ་བའི་འཛུམ་མདངས་ཐ་མའང་ཡིན། ཞབས་ཐང་ཁེར་རྐྱང་ཞིག་གི་རྡོག་རྗེས་བཀོད་ནས་གནའ་བོའི་སྟོན་པ་ཞིག་གི་བསྟན་པ་གླེང་བཞིན། སྤྱན་རས་གསོན་པོར་འཁོད་པའི་འཇིག་རྟེན་རེ་ནས་མེས་པོའི་བླ་མཁར་བཙན་པོའི་ལྕགས་རི་འཐུས་ནས། ད་དུང་མ་མཐོང་གྲོགས་པོ་དག་ལ་སྨོན་པ་བསུ་བཞིན་རྒྱང་རིང་གི་ལམ་ཁ་བཙན་གྱིས་བསྙེགས།
ལྔ།
ཆོས་བློན་བཙན་པོ་ཞིག་གིས་ནན་ཞུ་དང། བླ་མ་འདང་ཅན་ཞིག་གིས་རེ་སྐུལ་གྱིས་རྒྱལ་ཁམས་པ་བཙན་པོ་སྐྱིའི་ར་ས་ཐང་གི་ཕྱག་སྦལ་ལ་བསུས། རྐང་ལག་ལྕགས་ཐག་གིས་སྦྲེལ་བའི་སིལ་སྒྲའི་ཁྲོད་ན་བདེན་དོན་གྱིས་གཏམས་པའི་སྙིང་ཆུང་གི་འཕར་སྒྲ་རེ་རེ་དང་། མ་རྗེ་བཙུན་སྒྲོལ་མར་ཞུ་གཏུགས་ཀྱི་ཚིག་འབྲུ་རེ་རེ་ཅི་འདྲའི་གསལ་བ་ལ། སྐུ་ངོ་དད་ཅན་ཞིག་གི་དབུ་ལྕོག་ནང་དུ་ལྡེམ་དུས། བླ་རྒན་ལ་རྒྱ་ཅན་འགས་ཡིད་ཚིམ་པའི་དགོད་སྒྲ་སྣང་རྩེ་ཤག་གི་མཁའ་དབྱིངས་བརྒྱུད་ནས་བཙོན་བསྲུང་བ་ཁ་ཤོ་ཞིག་གི་རྣ་བར་ལྷུང་། ལྕག་ཚན་ལྔ་བཅུའི་བུ་ཡུག་གི་གསེང་ན་མི་ལོ་བཞི་བཅུའི་ཚེ་སྨད་ནས་ཤོར་བའི་སྨྲེ་ངག་གི་འབོད་སྒྲ་རིང་མོ། ཡུལ་མདོ་སྨད་ཀྱི་ཁང་མིག་གྲུ་བཞིའི་མཁའ་དབྱིངས་ནས་དལ་གྱིས་ཡལ། ང་ཨ་མདོ་བ་མགོན་མེད་ཅིག་བཙོན་ཁང་དུ་ལྷུང་བ་སྡུག་བསྔལ་ཆེ་ཟེར། རེད། ཁྱོད་ཡུལ་གྱར་བ་ཉེས་མེད་ཅིག་བཙོན་ཁང་དུ་ལྷུང་བ་སྡུག་བསྔལ་ལོས་ཆེ། བདེན་དཔང་སྟོན་པ་ལ་བཅོལ་ནས། སྡུག་ཡུས་སྒྲོལ་མ་ལ་འདོན་བཞིན་དབུ་སྐྲ་ཕྲག་གོང་ལ་སླེབས།
དྲུག
ལྷ་སའི་བར་བསྐོར་ན་ཨམ་ཕྲུག་ཉམ་ཆུང་ཞིག་གིས་བཙོན་པ་ཉེས་མེད་ཅིག་བསྐྱོར་ནས་མི་ཚོགས་ཀྱི་བར་གསེང་བརྒལ་དུས། དར་བའི་དུས་ན་ཐམས་ཅད་གྲོགས།། རྒུད་པའི་དུས་ན་ཐམས་ཅད་དགྲ།། ཞེས་བསྐྱར་ཟློས་ཐེངས་གཅིག་ཤོར། ཡུལ་མདོ་སྨད་ཀྱི་ཕ་ཁྱིམ་གྲུ་བཞི་ན་བྱམས་ལྡན་གྱི་མ་ལོ་དང་།བརྩེ་ལྡན་གྱི་གཅེན་མོ་་་་་་་་། ད་དུང་ཁྱེད་རང་ཆུང་དུས་ཀྱི་རྩེད་ར་ཡང་ཞིག་མེད་སྐད། ཆོས་རྒྱལ་ཉི་མའི་ཁྱིམ་གཞིས་ནས་སྐད་ངན་གྱི་མུ་ཅོར་བརྒྱབ་པ་སྐུ་ངོ་ལ་ཐུགས་སྤྲོ་བཏང་བ་ཡིན་ནམ། རང་ཉིད་ཀྱི་སྙིང་རླུང་བསླངས་པ་ཡིན། དགའ་རུ་ཤག་ནས་ཨ་རག་ཚོད་མེད་བཏུང་བ་འུ་ཐུག་གི་ངོ་རྒོལ་ཡིན་ནམ། རང་ཉིད་ཀྱི་ལེ་བདའ་ཡིན། ཅི་ཡང་མ་རྟོགས་པའི་མི་ཚོགས་དཀྱུས་མ་ཞིག་གིས། དགེ་འདུན་ཆོས་འཕེལ་སྨྱོས་འདུག་ཟེར། དཔལ་ཆོས་ཀྱི་གྲགས་པས་ཕྲག་དོག་ལ་ཕྱག་འཚལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ན་མཚམས་མ་ཆོད་པའི་ཅི་འདྲའི་སྤྱན་ཆབ་མང་བོ་ཞིག སྲུ་མོ་ཚེ་བརྟན་གཡུ་སྒྲོན་གྱིས་རྒྱབ་ངོས་བཏེགས་ཏེ་འཁྲོལ་ལ་མ་འཁྲོལ་བའི་གསུང་ཚིག་ནན་གྱིས་བཙིར་དུས། ད་དུང་བོད་ཆོས་ལྡན་རྒྱལ་ཁབ་ཀྱི་དགེ་ཁ་བསྟད་ནས། བོད་སྤྱི་འབངས་བདེ་སྡུག་གི་ཕུགས་རེ་བཙལ། ངོ་མ་ཁྱོད་སྨྱོས་ཟིན་པ་ཡིན་ནམ། ར་བཟི་བ་ཡིན།
བདུན།
ཤིང་ལོར་སེར་ཐིག་ལྷུང་བའི་སྟོན་གཞུང་གི་དུས་ཚིགས་ཤིག་ལ་ར་བཟི་བ་འདར་ཤིག་རྒྱག་བཞིན། ད་ཁྱོད་ཚོས་གང་དགའ་གྱིས། ཞེས་ཁ་ཆེམས་ལྕི་མོ་ཞིག་གི་སྣེ་ལ་འཐམས་ནས་ཆེས་མི་འདོད་པའི་ལམ་ཁ་ཞིག་ལ་གོམ་ཁ་བཙན་གྱིས་བཞག རྒན་མོ་ཁེར་རྐྱང་ཞིག་གི་ངུ་སྐད་ལས་ཁོར་ཡུག་གི་ལྷང་འཇགས་དཀྲོགས། འགའ་རེས་ཡིད་ཚིམ་པའི་མིག་ཟུང་ཕན་ཚུན་ལ་འཕངས་ནས་ཞེ་བློ་དལ་ལ་བབས། ལ་ལས་བློ་ཕམ་པའི་གདུང་ཡུས་ཟབ་མོས་གནམ་ལ་དྲི་བ་བཏང་། ཁ་ཤས་ཐང་ཆད་པའི་སྙིང་རྗེའི་ངང་ནས་དབུགས་རིང་ཕྱི་ལ་བཏོན། གཙུག་ལག་ཁང་གི་དུང་སྒྲ་དང་། སྣང་རྩེ་ཤག་གི་དགོད་སྒྲ་སྔར་བཞིན་གསལ་ན་ཡང་། དགའ་རུ་ཤག་གི་ར་བཟི་བའི་ངུ་སྐད་གཏན་ནས་འཇགས་སོང་།
བརྒྱད།
རེབ་གོང་ཞོ་འོང་གི་དུད་ཁྱིམ་སྐྱ་བོ་ཞིག་ན་དགུང་ལོ་བརྒྱད་ཅུ་སོན་པའི་ཨ་མ་བགྲེས་མོ་ཞིག་གིས་ཁྱེད་ཀྱི་གཏམ་རྒྱུད་མཆི་མ་དང་ལྷན་དུ་བསྲེས་ཤིང་། ཁྱེད་ཀྱི་རྣམ་ཐར་གསང་བ་ཡི་གསེབ་ནས་བཙལ། ཨ་མ། ཨ་ཅེ། ལོ་གཅིག་གི་རྗེས་ནས་ང་ཕ་ཡུལ་ལ་ཡོང་། གསུང་དྲོན་མོའི་ཁས་ལེན་རྫུན་མ་འདིས་ཁ་ལྷོ་བལྟར་གཏད་པའི་ཁང་ཆུང་གི་ཁྱམས་རར། ལོ་གཅིག ཟླ་ངོ་དགུ། ཉི་མ་ལྔ། ད་ཉིན་གཅིག་ལས་མི་འདུག་ཅེས་མཛུབ་མོ་ནང་བཀུག་གི་ལོ་ཟླ་ཐོ་འགོད་བྱས་ཀྱང་་་་་་་་་་་། ཡིད་ཨ་ཐང་ཆད་པའི་ཨ་མ་དང་། སེམས་རེ་བས་ཁེངས་པའི་གཅེན་མོ་གཉིས་ལྷགས་རླུང་དང་ཐལ་རྡུལ་ཁྲོད་ནས་སྟོད་ཉི་མ་ལྷ་སའི་ཁ་ཕྱོགས་སུ་ཅེར། ནུབ་རླུང་ནག་པོ་ཞིག་གིས་བྱིན་པའི་གཉེན་ཉེ་ཚོའི་གསང་རྒྱ་འཐུག་པོ། ཨ་ཡེ་སྐྱ་ཀ་ཁས་སྲང་མདོའི་གཏམ་ཡན་གྱིས་གཏོར། དུས་དེ་ནས་མ་རྒན་མོའི་སེམས་རྩ་རྣག་གིས་ཟོས་ཤིང་། ཞེ་གཉོམ་པའི་གཅེན་མོའི་མིག་ཟུང་ལ་མུན་ནག་གིས་ཁྲམ་རྟགས་བཀོད། འདི་ནི་ཁྱོད་ཀྱིས་གཉེན་ཉེ་ཚོར་བཞག་པའི་བཞི་ཤད་འཁྱོག་མོ་ཡིན།
དགུ
གཏན་ཚིགས་འཇོག་མི་ནུས་པའི་རབ་རིབ་ཀྱི་ལོ་ཟླ་དུམ་བུའི་ནང་།ཁྱེད་རང་ཉིན་མོར་འཁྲུངས་ནས་མཚན་མོར་འདས། ཡང་ན་ཁྱེད་རང་འཇིག་རྟེན་དུ་འཁྲུངས་པ་འཕྱིས་དྲགས་སོང་། ཡང་ན་ཁྱེད་རང་འཇིག་རྟེན་ནས་བཞུད་པ་སྔ་དྲགས་འདུག གང་ལྟར། ཁྱེད་འཇིག་རྟེན་འདིར་འཁྲུངས་པ་ཁྱོད་ཀྱི་ཕམ་ཁ་རེད་ལ། ཁྱེད་འཇིག་རྟེན་ནས་བཞུད་པ་ང་ཚོའི་ཕམ་ཁ་ཡིན། ཁྱོད་ཕེབས་ཤུལ་ན་བླ་རྒན་ཀླད་དམར་ཞིག་གིས། དགེ་འདུན་ཆོས་འཕེལ་ལྟ་ལོག་རེད་ཟེར། ནང་བསྟན་ལ་དུང་ཞེན་འཁྲིགས་པའི་ཕྱི་རོལ་བ་སྔར་མེད་ཅིག ཡང་། སྐུ་དྲག་བརྗིད་པོ་ཞིག་གིས། དགེ་འདུན་ཆོས་འཕེལ་རྒྱལ་བཙོང་བ་རེད་ཟེར། རྒྱལ་དོན་ལ་མི་ཚེ་བསྟིམས་པའི་རྒྱལ་བཙོང་བ་གོ་ལོག་ཅིག དོན་ངོ་མ་ཁྱེད་རང་ཅི་ཞིག་ཡིན་ནམ། ཨ། གངས་ལྗོངས་ཀྱི་བུ།།
དོན་ངོ་མར་ང་རིགས་ཞེན་ཅན་གྱི་གངས་ཅན་པ་ཞིག་ཡིན།
=ང་རིགས་པ་སྨྲ་བ་པོ་ཞིག་་་་
=བདེན་པར་སྨྲ་བ་པོ་ཞིག་་་་
=སྙན་ངག་པ་ཞིག་་་་
=གསར་གཏོད་པ་ཞིག་་་
=ལོ་རྒྱུས་སྨྲ་བ་པོ་ཞིག་་་་་
=འཆལ་པོ་ཞིག་་་་་
དོན་ངོ་མར་ང་རྒྱལ་ཁམས་མྱུལ་ཏེ་ལྟོ་གོས་མི་འཚོལ་བར་གནས་ལུགས་འཚོལ་མཁན་ཞིག་ཡིན།
དོན་ངོ་མར་ང་ལས་འབྲས་ལ་ཡིད་རྟོན་མཁན་ཞིག་ཡིན།
སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཁན་དེས།
༄༅། བོད་ལྗོངས་མུན་པའི་གླིང་དུ། ཤེས་རིག་སྒྲོན་མེ་སྤར་མཁན།
གངས་ལྗོངས་ཡི་གེའི་བྱེད་པོ། དྲིན་ཆེན་སློབ་དཔོན་ཐོན་མི།
ངོ་མཚར་ཆེ།
མདོ་སྨད་གསེར་མོ་ལྗོངས་ནས། རྒྱལ་ཁམས་ཕྱོགས་ཡོངས་འགྲིམས་མཁན།
རྣམ་་དཔྱོད་རིག་པའི་དཔའ་བོ། མཁས་ཆེན་དགེ་འདུན་ཆོས་འཕེལ།
ངོ་མཚར་ཆེ།
བཀླགས་སོ།། ལེགས་སོ།།
དགེ་ཆོས་ལགས་ཀྱིས་རང་རྣམ་བྲིས་པ།
་
ཆུང་དུས་དགོས་པའི་མནའ་མ་ངས་མ་བླངས། །
རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །
སྤྲང་པོའི་མི་ཚེ་ལྕགས་སྨྱུག་ལྷན་གཅིག་ཏུ། །
རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ། །
་
ཀརྡོས་ངག་ཐོག་ནས་བྲིས་པའོ།།
Beri Jigmey Wangyal
March 23, 2019 ·
ཀླུ་སྒྲུབ་དགོངས་རྒྱན་ལ་ཆེ་ལོང་དུ་བརྟགས་པ་མི་འཇིགས་སེངྒེའི་ང་རོ་ཞེས་བྱ་བ་བཞུགས་སོ།།
༼ཚན་བཤུས།༽
རྡོ་སྦིས་པཎྜི་ཏ་ཤེས་རབ་རྒྱ་མཚོ།
གཞལ་བྱའི་ཡུལ་དང་འཇལ་བྱེད་ཚད་མ་གཉིས། །ཕན་ཚུན་གཅིག་གིས་གཅིག་ལ་མི་བསླུ་བས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །མ་བརྟགས་འཇིག་རྟེན་པ་དང་གྲུབ་པའི་མཐའ། ། གཅིག་གིས་གཅིག་ལ་འཐད་པའི་རྒྱན་བྱེད་པས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །སྣང་བ་ཙམ་དང་ངེས་པའི་གཤིས་ལུགས་གཉིས། །རང་རང་ས་ན་བདེན་པའི་སྟོབས་རྫོགས་པས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །སྔ་ཕྱིའི་རྒོལ་བའི་རྒྱལ་ཕམ་དམ་བཅའ་དང་། །སྒྲུབ་བྱེད་རིགས་པའི་རྩལ་ལ་རག་ལས་པས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །སྣང་རུང་རྟགས་ཀྱིས་མེད་པར་ཐག་གཅོད་ཅིང་། །མི་སྣང་རྟགས་ཀྱིས་འོལ་ཚོད་འགོག་བྱེད་པས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །མ་དམིགས་གཏན་ཚིགས་གཉིས་པོ་གཅིག་གིས་གཅིག །འཇིག་ཅེས་སྨྲ་བའི་དམ་བཅའ་རྣམ་དག་འདིས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །སྲིད་པ་སྐྱེད་བྱེད་མཚན་འཛིན་ཚད་མ་གཉིས། །མེད་པར་རིགས་པའི་ལམ་ནས་ངེས་པ་འདིས། ། ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། ། བདེན་འཛིན་ཚད་མ་གཉིས་ལ་ཐུན་མོང་དུ། །ཞེ་སྡང་སྐྱེད་པའི་ནུས་པ་མཐོང་བ་འདིས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །རྗེས་དཔག་ཚད་མ་མངོན་སུམ་ལས་སྐྱེས་ཤིང་། །མངོན་སུམ་བདེན་རྫུན་རྗེས་དཔག་གིས་འབྱེད་པས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། ། བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །ཕ་ཡི་དཔང་པོ་བུ་ཡིས་བྱས་པ་ལས། །ཕ་ལ་བདེན་པའི་རྒྱལ་ཁ་ཐོབ་པ་འདིས། །ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི། །བློ་མ་བདེ་བ་ལོག་པའི་བློ་ཡི་སྐྱོན། །དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན་དགོས་ན། ། བསླུ་བ་མེད་པར་སུས་ཤེས་མ་འདྲི་ཞིག །ཤིང་རྟ་ཆེན་པོས་རིགས་པས་སྒྲུབ་ནུས་ན། །ཚད་གྲུབ་མེད་པའི་ཁས་ལེན་མི་འཆོར་རམ། །རང་ཐག་ཆོད་ནས་སངས་རྒྱས་སྤོང་དགོས་སམ། །རང་ཐག་མ་ཆོད་དམ་པ་བསྟེན་ན་འཚེངས། །ཡང་དག་རིགས་པ་ཡེ་ནས་མ་མཆིས་པས། །ངེས་དོན་ལུང་ལས་རྙེད་པ་ག་ལ་སྲིད། །རིགས་པས་གྲུབ་དང་ཚད་མས་གྲུབ་པ་དང་། །རི་བོང་རྭ་གསུམ་ཡོད་པ་མིན་པར་མཉམ། །སོ་སྐྱེའི་བློ་ལ་རྩ་བ་གཏད་ན་ཡང་། །དྲང་ངེས་ཁྱད་པར་འབྱེད་ནུས་ཨེ་མ་ཧོ། །ཚུལ་གསུམ་རྟོག་གེའི་རིགས་པ་སེངྒེའི་ཁྲིར། །དེ་རིང་གཟའ་སྐར་དགེ་བས་བཀོད་དམ་ཅི། །རིགས་པས་ཤེས་ན་ངེས་དོན་ངེས་པར་ཚོལ། །རིགས་པས་མ་ཤེས་ངེས་དོན་མི་རྙེད་བདེན། །བྱམས་མགོན་ཁྱི་མོར་མཐོང་བའི་ངང་ཚུལ་འདིས། །ལས་སྣང་བསམ་མི་ཁྱབ་ལ་གཏིང་ནས་གུས། །མ་བརྟགས་ལྷན་སྐྱེས་ཚད་མིན་མ་དམིགས་པ། །ཁྱོད་དང་ཟླ་བཟང་ལས་གཞན་སུ་ཡིས་ཤེས། །གཞན་དབང་བདེན་མེད་བདེན་གྲུབ་མཐུན་ལུགས་འདིས། །དཔྱོད་ལྡན་མཁས་པའི་བློ་ལ་ངོ་མཚར་སྐྱེས། །ཕལ་བ་དྲང་པོའི་རྗེས་སུ་འབྲངས་པ་ལས། །ལྷན་སྐྱེས་བདེན་འཛིན་རྙེད་པ་འོས་སུ་ཆེ། །མཁས་པ་དྲང་པོའི་རྗེས་སུ་མ་འབྲངས་ན། །ཀུན་བཏགས་བདེན་འཛིན་གདོན་གྱིས་བརླག་པར་འགྱུར། །ཡོད་མིན་མེད་མིན་བདེན་འཛིན་ལ་སོགས་པའི། །རྩོད་ངག་འབྲུག་སྟོང་ལྡིར་བའི་གངས་ཅན་འདིར།། དུང་དཀར་སེར་པོར་འཛིན་པ་ལོག་ཤེས་དང་། །ཡོངས་དག་དམ་པའི་ཉམས་མྱོང་ཚད་མར་བཞེད། །རྟག་མཐོང་ཤེས་བྱ་རྒྱུན་གོམས་ཚད་མ་ཞེས། །མདོ་རོང་འགྲིམ་པའི་མཁས་པ་ཁ་ཅིག་སྨྲ། །མི་མང་དགའ་ལ་བདེན་པས་ཁྱབ་པ་དང་། །ཁ་མང་མཐུན་ལ་གྲུབ་མཐས་ཁྱབ་པ་གཉིས། །ཁོང་ན་མི་མཐུན་ཚད་མ་མེད་པས་འདོད། །རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་དཔལ་དུ་ཆེ། །སྒང་རེའི་མདུན་ན་ཁ་ཆེ་ཕ་ལུ་རེ། །ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ། །རྗེས་ཕྱོགས་ཧར་རྒྱུག་བྱེད་པའི་ལུག་ཁྱུ་རེ། །ང་ཉིད་བདེན་ལ་ངའི་འདིས་མི་བསླུ་ཞེས། །རང་གིས་རང་ལ་བདེན་ཁ་སྟོང་བྱིན་པ། །ཉག་རོང་ཉམས་དགུའི་གར་ལ་རོལ་བའི་རྒྱུ། །མཁས་པའི་གྲྭ་ལ་འགྲིམ་ན་ཞེ་རེ་ཁྲེལ། །མི་མཐུན་རིགས་དྲུག་གྲོང་གི་འདུན་ས་ན། །བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་པས། །བཅུ་ཡི་འདོད་པ་ཁས་ལེན་མེད་པས་སྐྱོངས། ། བརྒྱ་ཡི་འདོད་པ་ཡོད་མིན་མེད་མིན་གྱིས། །བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་པས། །རང་རང་ལུགས་ཀྱི་བརྟག་དཔྱད་བྱས་པར་ངེས། །དེ་ནི་ཐ་སྙད་ཚད་གྲུབ་ཡོད་པའི་རྟགས། །དེ་ལ་བློ་མི་བདེ་ན་བླུན་པོ་ཡིན། །བྱེ་སྨྲས་འདོད་པ་མདོ་སྡེས་མི་འདོད་ཅིང་། །སེམས་ཙམ་འདོད་པ་དབུ་མས་མི་བཞེད་པ། །དེ་ཡང་ཐ་སྙད་ཚད་གྲུབ་ཡོད་པའི་རྟགས། །དེ་ལ་བློ་མི་བདེ་ན་བླུན་པོ་ཡིན། །མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །མི་ལ་འོ་མ་ལྟ་བུའི་ཐོས་བསམ་དང་། །ལྷ་ལ་བདུད་རྩི་ལྟ་བུའི་སྒོམ་བསྟན་ན། །འདོད་འཇོ་ནོར་བུའི་གཏེར་དང་འགྲོགས་པར་འགྱུར། །མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །སོ་སོའི་ལས་སྣང་བསམ་མི་ཁྱབ་པར་ཤེས། །དེ་ནི་ཉམས་མྱོང་ཚད་གྲུབ་ཡོད་པའི་རྟགས། །དེ་ལ་བློ་མི་བདེ་ན་བླུན་པོ་ཡིན། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཟླ་བ་གྲགས་པས་ཚད་མས་གྲུབ་པ་སྟེ། །དེ་ནི་ལས་ཚུལ་ཚད་གྲུབ་ཡོད་པའི་རྟགས། །དེ་ལ་བློ་མི་བདེ་ན་བླུན་པོ་ཡིན། །ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང་། །ཞེས་པ་འཕགས་མཆོག་ཀླུ་ཡི་ཚད་གྲུབ་སྟེ། །དེ་ལ་བློ་མི་བདེ་ན་བླུན་པོ་ཡིན། །བདེན་རྫུན་ཚད་མའི་ཁྲིམས་ཐག་མི་ཆོད་ན། །ཚུལ་གསུམ་རྟོག་གེའི་རིགས་པས་ཐད་ཀར་ཆོད། །ཁས་ལེན་མེད་ཅེས་ཅི་ཡང་མི་སྨྲ་ན།། བཅུ་བདུན་སྡེ་ལ་ག་ག་ཚིལ་ཞུས་ཤིང་། །ད་དུང་མཉམ་གཞག་གཉུག་མའི་ཟོལ་འཛིན་ན། །རེ་ཞིག་ཁྲོ་གཏུམ་རྡོ་རྗེའི་ཐོ་བ་ཕྱིར། །བུམ་པ་བུམ་པ་ཀ་བ་ཀ་བ་དང་། །ཡོད་པ་ཡོད་པར་སྨྲས་པ་འདི་ཙམ་ལས། །ཁས་ལེན་རྭ་ལྡན་བདག་ལའང་ཡོད་མིན་ན། །ཁས་ལེན་མེད་པའི་མིང་གིས་ཅི་ཞིག་བགྱིད། །རིགས་པས་བདེན་གྲུབ་འགོག་གི་བུམ་པ་མིན། །ཚད་མས་བུམ་པ་འཇོག་གི་བདེན་གྲུབ་མིན། །ཐོ་བས་སྦྲང་འཇོམས་ཕ་ཡི་མགོ་མིན་པས། །ཡོད་མིན་མེད་མིན་མིང་གིས་ཅི་ཞིག་བགྱིད། །མཆོག་གསུམ་ཚད་མར་ཡང་དག་རིགས་པའི་སྒོ། །གང་ནས་ཇི་ལྟར་དཔྱད་ཀྱང་གྲུབ་པས་ན། །ཐ་སྙད་ཚད་གྲུབ་མེད་པའི་ངག་འཆལ་གྱིས། །སྐལ་བ་ངན་པར་མ་བྱེད་ཨ་མའི་བུ། །རང་ལ་དམ་བཅའ་བ་དང་ཕྱོགས་གཞན་སོགས། ། ཁས་ལེན་མེད་ཅེས་བྱ་བའི་ཚིག་སྒྲོམ་གྱིས། །ངེས་དོན་ཀླུ་སྒྲུབ་ཡབ་སྲས་མགྲིན་གཅིག་ཏུ། །ཡོད་གཉིས་མེད་གཉིས་སོ་སོར་མ་ཕྱེ་འམ། །རྣལ་མའི་གནས་ཚུལ་མ་ཐོས་མ་རྟོགས་པས། །ཀྱེ་མ་རྣ་བ་མེད་དང་སྙིང་མེད་ཅེས། །ཟླ་བའི་ཞབས་ཀྱི་བཀའ་བཀྱོན་མ་མཐོང་ངམ། །ད་དུང་བསྙོན་ན་དེ་ལས་བླུན་པ་སུ། །བཀར་བཏགས་ཕྱག་རྒྱའི་ཁས་ལེན་མ་མཆིས་པའི། །ནང་པའི་གྲུབ་མཐའ་སྨྲ་བ་ཡོད་དམ་ཅི། །དཔྱད་བཟོད་བཀག་པའི་འཇིགས་ཟིལ་མ་བཟོད་པར། །སྒྱུ་མའི་གཡོ་འཕྲུལ་ལྷུར་ལེན་འདི་སྤོངས་ཤིག །དཔྱད་པས་མི་རྙེད་བདེན་པར་མེད་པ་ཡིན། ། ལག་པ་ཁབ་དང་འཕྲད་པ་ཀུན་རྫོབ་ཡིན། །རིགས་པས་དཔྱད་ན་ལག་པ་ག་ལ་རྙེད། །ཁབ་ཀྱིས་ཚ་བའི་རྟེན་འབྲེལ་སུ་ཞིག་འགོག །ཡོད་མིན་མེད་མིན་ཁོ་ཐག་འདི་ནས་ཆོད། །མིག་མེད་སྔོན་པོ་མཐོང་བའི་རེ་བ་ཕྲ། །མྱོང་བ་མངོན་སུམ་ཡིན་ཡང་འཁྲུལ་བ་རུང་། །སྣང་བ་འཁྲུལ་ཡང་ངེས་ངོ་བདེན་པ་ཡོད། །བློ་གྲོས་ཆུང་ངུའི་དཔྱད་པ་ཕྱོགས་རེ་བས། །ཡིན་ཡིན་མིན་མིན་ཐག་གཅོད་མ་སྔ་ཞིག །ཡོད་པའི་རྩ་བ་བདེན་གྲུབ་ཡིན་ན་མེད། །མེད་པའི་རྩེ་མོ་ཀུན་རྫོབ་ཡིན་ན་ཡོད། ། འདིས་ཀྱང་ཡོད་མེད་གཙང་མར་ཐག་ཆོད་པས། །ཡོད་མིན་མེད་མིན་མཆིལ་མ་བཞིན་དུ་བོར། །བདེན་པའི་ས་བོན་རྫུན་པར་ཤེས་པ་མེད། །རྫུན་པ་མྱོང་ཚེ་བདེན་སྣང་དེ་ག་རང་། །འདི་ཡང་ཐ་སྙད་ཚད་གྲུབ་མེད་པ་དང་། །ཡོད་མིན་མེད་མིན་འཇོམས་པའི་སྟ་རེས་ཡིན། །གྲུབ་མཐའ་མཁན་པོར་འཁྲུལ་བ་མ་མཆིས་ན། །རྣལ་འབྱོར་པ་ཡི་བློ་ཁྱད་ཅི་ཡིས་འབྱེད། །རང་དགར་བླ་རྡོལ་སྨྲ་བ་འདི་ལྟ་བུ། །རང་གི་དེ་ཉིད་འདོམས་པ་ཁོ་ནར་ཟད། །འཇིག་རྟེན་བླུན་པོའི་བློ་ཡི་སྣང་བ་ལ། །ཚད་མ་བགྲང་ལས་འདས་པ་རྒྱལ་བས་གཟིགས། །མཁོ་ཚད་བཟང་ཚད་ཚད་མར་འདོད་པ་དེས། །སྒྱུ་མའི་གྲོང་ཁྱེར་ཞིག་གམ་མ་ཞིག་རུང་། །མིག་གི་དབང་པོ་འཁྲུལ་ལམ་མ་འཁྲུལ་རུང་། །ནོར་བུའི་དཀོར་མཛོད་རྙེད་པར་གདོན་མི་ཟ། །ཤེས་བྱ་ཤེས་བྱའི་གཟུགས་བརྙན་ཡིན་པ་འདི། །ཁྱོད་ལས་གཞན་དུ་རྣ་བས་མ་ཚོར་ཏེ། །མཐའ་ལ་ཡལ་བའི་རྨི་ལམ་ཙམ་ཡང་མེད། །ཀུན་མཁྱེན་མངའ་ཐང་གསེར་རི་བཞིན་དུ་བརྟན། །སྨྲ་ངན་འདི་ལ་རིགས་པའི་ཤན་ཤོར་བས། ། རྟོགས་ལྡན་ཐོལ་གླུ་དོ་ཧའི་ཉམས་ཀྱང་མེད། །སྤོམ་བཤད་ཁྱབ་ཆེའི་གཞུང་གི་ཤན་ཤོར་བས། །ཕྲ་ཞིབ་ཆུ་ཐུབ་རིགས་པའི་ཟིལ་ཡང་མེད། །གར་འགྲོ་འདི་འགྲོ་མེད་པའི་ཀུན་ཏུ་རྒྱུ། །གང་ཡིན་འདི་ཡིན་མེད་པའི་ཅེ་རེ་ལོང་། །ཅི་བཤད་འདི་བཤད་མེད་པའི་བླ་རྡོལ་པ། །གསར་མིན་རྙིང་མིན་ཕྱི་མིན་ནང་པའང་མིན། །
(སློབ་སྦྱོང་དང་རིགས་ལམ་ཡོད་མཁན་ཚོས་འདི་ཚར་གཅིག་ཀློགས་དང་སྙན་པོ་འདུག དེ་སྔོན་རང་ལོ་ཉི་ཤུའི་སྐབས་ཐེངས་མང་བཀླགས་མྱོང་པ་ཞིག་དེ་རིང་འདི་ན་གཤོམ་བཞག་ཡོད)
་་་་་་་་་ སྨྲ་ངན་འདི་ལ་རིགས་པའི་ཤན་ཤོར་བས། ། རྟོགས་ལྡན་ཐོལ་གླུ་དོ་ཧའི་ཉམས་ཀྱང་མེད། །སྤོམ་བཤད་ཁྱབ་ཆེའི་གཞུང་གི་ཤན་ཤོར་བས། །ཕྲ་ཞིབ་ཆུ་ཐུབ་རིགས་པའི་ཟིལ་ཡང་མེད། །གར་འགྲོ་འདི་འགྲོ་མེད་པའི་ཀུན་ཏུ་རྒྱུ། །གང་ཡིན་འདི་ཡིན་མེད་པའི་ཅེ་རེ་་ལོང་། །ཅི་བཤད་འདི་བཤད་མེད་པའི་བླ་རྡོལ་པ། །གསར་མིན་རྙིང་མིན་ཕྱི་མིན་ནང་པའང་མིན། ། ་་་་་་་་་་
་
འདི་ལ་སྨྲས་པ།
སྨྲ་བཟང་འདི་ལ་རིགས་པའི་བྱིན་ཤོར་བས། །
རྟོགས་ལྡན་ཐོལ་གླུ་དོ་ཧའི་ཉམས་ཀྱང་ཡོད། །
ཞིབ་བཤད་ཁྱབ་ཆེའི་གཞུང་གི་སྤྱན་ཤོར་བས། །
ཕྲ་ཞིབ་ཚུགས་ཐུབ་རིགས་པའི་ཟིལ་མང་འདུག །
གར་འགྲོ་འདི་འགྲོ་མེད་པའི་ཀུན་ཏུ་རྒྱུས། །
གང་ཡིན་འདི་ཡིན་མེད་པའི་སྐད་མང་སྦྱངས། །
ཅི་བཤད་འདི་བཤད་མེད་པའི་ཀློང་རྡོལ་པ། །
གསར་ཞེན་རྙིང་ཞེན་ཕྱི་ཤེས་ནང་པའང་ཡིན། །
་
བདག་ཀྱང་ཐ་སྙད་ཚད་གྲུབ་ཁས་བླངས་པས། །
ཀླུ་སྒྲུབ་དགོངས་རྒྱན་ཀླུ་སྒྲུབ་དགོངས་པ་མིན། །
འོནད་ཀྱང་རྡོ་སྦིས་ཤེས་རྒྱས་ཅོལ་གཏམ་ཡང་། །
དགེ་ཆོས་བཀའ་དྲིན་དྲན་ཕྱིར་ང་མི་མགུ །
ཀརྡོས།