ཨ་འདུས་སྐལ་བཟང་རྒྱ་མཚོས།
དེ་རིང་དྲ་ལམ་ནས་དྲན་དབང་ཨ་ཁུ་འཇིགས་མེད་ཐེག་མཆོག་ཚང་གི་སྐུ་པར་འདི་མཇལ་དུས་མི་ལོ་ཉི་ཤུའི་གོང་གི་ཕྱི་དྲོ་ཞིག་དྲན་འོང་གི་འདུག ངས་ཚོད་དཔག་བྱས་པ་ནོར་མེད་ན། དེ་ནི་ཕལ་ཆེར་ཕྱི་ལོ་ ༡༩༩༩ ལོར་ཡིན་པ་འདྲ། ཨ་ཁུ་འཇིགས་མེད་ཐེག་མཆོག་ཀིརྟིའི་ནང་བསྟན་གཞོན་ནུའི་སློབ་གླིང་དུ་གདན་ཞུས་བྱས། སྤྱི་ལོའི་དུས་རབས་དགུ་བཅུ་བའི་སྐབས་དེར་རྔ་ཡུལ་ན་ཚོང་ལས་ཙག་ཙིག་ཙམ་ལས། དེང་སང་ནང་བཞིན་ཆོས་དང་རིག་གནས་སློབ་གཉེར་གྱི་ཁོར་ཡུག་གཞི་རྒྱ་ཆེ་བ་དེ་འདྲ་མེད་ཅིང་། ཀིརྟིའི་དྲུང་ཡིག་ཆེན་མོ་ཨ་ཁུ་ཆོས་འཕེལ་དང་། ཨ་མཁར་བ་དགེ་འདུན་བསྟན་འཛིན། ཨ་ཁུ་བློ་གསལ་སོགས་བོད་ཀྱི་སྐད་ཡིག་རིག་གནས་ལ་ཆེ་མཐོང་གནང་མཁན་གྱི་རྒན་རབས་པ་འགའ་རེ་ཡོད་པ་ནི་ཉེ་རབས་བོད་ཀྱི་མཁས་པའི་དབང་པོ། འགྲན་ཟླ་བྲལ་བའི་སྙིང་སྟོབས་དང་། མཚུངས་པ་མེད་པའི་ཤེས་རབ། རྣམ་པར་དཀར་བའི་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་ཨ་ཁུ་དམུ་དགེ་བསམ་གཏན་རྔ་བར་ཕེབས་ཏེ་བོད་ཀྱི་སྐད་ཡིག་དང་། རིག་གནས་ཀྱི་ས་བོན་བསྐྱར་འཛུགས་གནང་བའི་བཀའ་དྲིན་ཉག་ཅིག་ལ་བསྟེན་ནས་བྱུང་བར་སྣང་ཞིང་། དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་དམུ་བསམ་གཏན་ལགས་ཀྱིས་རྔ་ཡུལ་ཏུ་བཏབ་པའི་ཤེས་རིག་གི་ས་བོན་ནི། བོད་ཀྱི་ལར་ཞེན་ཆེ་བའི་རྔ་བ་མི་མང་དང་། རྔ་བའི་ལོ་རྒྱུས་ཀྱིས་ནམ་ཡང་བརྗེད་དཀའ་བ་ཞིག་ཡིན།
གང་ལྟར་ཨ་ཁུ་འཇིགས་མེད་ཐེག་མཆོག་ང་ཚོའི་སློབ་གླིང་དུ་ཕེབས་པའི་ཉིན་མོ་དེར་ཀིརྟིའི་དྲུང་ཡིག་ཆེན་མོ་ཨ་ཁུ་ཆོས་འཕེལ་ཚང་སོགས་སློབ་གླིང་དེའི་དགེ་སློབ་མང་པོ་ཞིག་ཞིག་གིས་དམ་པ་འདི་བའི་མདུན་ནས་ཐོན་མིའི་ཞལ་ལུང་དང་། སྙན་ངག་སྤྱི་དོན་སོགས་ཐུན་མོང་རིག་གནས་སྐོར་ཞུ་སྐབས་རང་ཉིད་ཀྱང་བཅར་རྒྱུའི་གོ་སྐབས་བྱུང་བའི་ཉིན་མོ་དེ་དྲན་ངོགས་སུ་འཆར་བྱུང་།
སྐབས་དེར་རང་ལོ་བཅུ་བཞི་ཡིན་པས་སློབ་ཁྲིད་ཀྱི་ནང་དོན་ལ་བསམ་གཞིགས་ནན་པོ་ཞིག་བྱ་མ་ཐུབ་རུང་། བདག་ལ་མཚོན་ན། ཨ་ཁུ་འཇིགས་མེད་ཐེག་མཆོག་ཚང་གི་མདུན་ནས་དཔེ་ཁྲིད་ཞུས་པ་ནི། གཞོན་དུས་ཀྱི་འཚོ་བའི་ཁྲོད་ཧ་ཅང་གོམས་འདྲིས་སུ་གྱུར་པའི་རྔ་སྐད་དང་འབྲོག་སྐད་གཉིས་ཀ་མིན་པའི་སྐད་གདངས་གཞན་ཞིག་གི་ཐོག་སློབ་ཁྲིད་ཞུས་པ་ཐོག་མ་ཡིན་པས། ཨ་ཁུ་འཇིགས་མེད་ཀྱི་རེབ་གོང་གི་གསུང་སྐད་དེ་ཧ་ཅང་གོ་དཀའ་བའི་ཚོར་སྣང་བྱུང་བར་མ་ཟད། གཅོད་མཚམས་དང་། སྐད་གདངས་སོགས་ཕྱོགས་མང་པོ་ནས་ཐ་དད་གྱུར་པས་ལན་རེར་དབང་མེད་དུ་དགོད་ཤོར་བའང་བྱུང་། འཛིན་གྲྭ་གྲོལ་རྗེས་རང་ཉིད་ཐེ་བའི་སློབ་ཚོས་ཁོང་གིས་དབུས་སྐད་དང་། ཨ་མདོའི་སྐད་ཀྱི་དབྱངས་གསལ་ཀློག་སྟངས་ལ་ཁྱད་པར་ཡོད་པའི་དཔེ་མཚོན་འགའ་གསུངས་པ་ལ་ལད་མོའི་འཁྲབ་སྟོན་གྱིས་པྲ་ཆལ་བྱས་པའང་གསལ་པོར་དྲན་གྱི་འདུག གང་ལྟར་དེ་དག་ནི་ནང་གི་བསམ་བློ་མ་སྨིན་པའི་ཆུང་དུས་ཀྱི་འཚོ་བའི་གོ་རིམ་རེད། ཕྱི་ལོ་ ༡༩༩༩ ལོའི་ ༡༡ ནང་གུས་པ་རྒྱ་གར་དུ་འབྱོར་ཞིང་། དེའི་ལོ་གཉིས་ཀྱི་རྗེས་དེར་གསེར་མདོག་གི་སྒྲོན་མེ་ལྟ་བུའི་དམ་པ་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་ནའང་། དེ་དུས་དེང་སང་ནང་བཞིན་ཉིན་རེའི་ཤར་ནུབ་ཀྱི་གསར་འགྱུར་དག་གོ་རྟོགས་ཐུབ་པའི་སྟབས་བདེའི་འཕྲིན་ལམ་མེད་པ་དང་། རང་ཉིད་ཀྱང་ལོ་མང་རིང་ས་དཀྱོགས་ཤིག་ཏུ་སློབ་གཉེར་བྱ་ཁུལ་གྱིས་བསྡད་པས་སྐུ་གཤེགས་པའི་གནས་ཚུལ་ཁ་སང་བར་མ་ཐོས་པ་ནི་ཅུང་བསམ་ཡུལ་ཏུ་མི་ཤོང་བ་ལྟ་བུར་གྱུར།
མདོར་ན། ཤེས་རབ་ཀྱི་སྒྲོན་མེ་ཕྱོགས་མེད་སྤར་མྱོང་བའི་དམ་པ་ཁོང་ང་ཚོ་དང་ཞལ་གྱེས་ནས་ལོ་མང་སོང་ནའང་། མདོ་སྔགས་རིག་གནས་དང་བཅས་པར་བཀའ་རྩོམ་མཛད་པའི་ལེགས་བཤད་པོད་ཆེན་དེ་དག་གཅིག་རྗེས་གཉིས་མཐུད་ཀྱིས་མིག་ལམ་དུ་མཇལ་བ་ན། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་དགོན་སྡེ་ཁག་དང་། སྤྱི་ཚོགས་ཀྱི་སློབ་གྲྭ་སོགས་ལས་རིགས་མང་པོའི་ཁྲོད་འཆད་ཁྲིད་མཛད་པ་དེས། བོད་གངས་ཅན་པ་སྤྱི་དང་། ཡང་སྒོས་མདོ་སྨད་ཕྱོགས་སུ་སྤེལ་བའི་མི་རིགས་རིག་གནས་ཀྱི་སློབ་གསོའི་བྱ་གཞག་ཐད་ཨ་ཁུ་དམུ་དགེ་བསམ་གཏན་ཚང་ལྟ་བུའི་དམིགས་བསལ་མཛད་རྗེས་ཐོན་འདུག་སྙམ་པ་བྱུང་ངོ་། ། ཕྱི་ཟླ་ ༧ ཚེས་ ༦ ཉིན་ཨ་འདུས་སྐལ་བཟང་རྒྱ་མཚོས།
འཇིགས་མེད་ཐེག་མཆོག་ལ་སྔོན་ཆད་ཐེངས་གཅིག་ཐུག་པ་ཡིན། རྗེས་སུ་ཤར་སྐལ་ལྡན་རྒྱ་མཚོའི་ཡང་སྲིད་ཁྲི་སར་བཀོད་རྗེས་གོ་ཐོས་མེད་པར་གྱུར་སོང་།