—གཙང་པ་བཀྲ་སྟོབས།
གློ་བུར་དུ་འཆི་ལམ་དུ་ལྷུང་ཡོང་བ་འདི་ནི་དུས་རྒྱུན་དུ་ནས་རང་གིས་རང་ལ་བདག་སྐྱོང་ཡག་པོ་ཞིག་མ་བྱས་པའི་རྐྱེན་གྱིས་ཐིགས་པ་དུ་མས་རྒྱ་མཚོའི་ཁ་གང་བ་བཞིན་ཡིན་སྟབས། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཟ་འཐུང་འདུག་སྤྱོད་ཀྱིས་མཚོན་པའི་སྤྱོད་ལམ་མཐའ་དག་ལ་སྟངས་འཛིན་ནན་པོ་བྱ་དགོས་པ་ལས་འཆི་བདག་མགྲོན་པོ་ནང་བཞིན་ནང་དུ་གློ་བུར་དུ་འཛུལ་ཡོང་རྒྱུ་ཡོད་པའི་ནོར་ཚབས་ཆེ་བའི་ལྟ་སྟངས་འདི་འཛིན་མི་རུང་། ན་ཚ་ཞེས་པ་འདིའང་གཟུགས་པོའི་ཕྱི་ནང་གང་རུང་ཞིག་གི་ཆ་ཤས་འགའ་ནས་ན་བའམ་ཚ་བ་དང་གཟེར་བ་བཅས་ཁོ་ན་ཡིན་པའི་ངོ་འཛིན་འདི་ཡང་ནོར་བ་ཡིན་པས་དུས་རྟག་ཏུ་ལུས་སྦྱོང་དང་སྤྱོད་ལམ་བཟའ་ཅ་བཅས་དོ་ནན་བྱ་དགོས། ན་ཚ་འདི་ནི་ཕྱི་ནང་གི་དབང་པོའི་བྱེད་ནུས་ཉམས་པའི་སྟབས་ཀྱིས་འབྱུང་ཞིང་བྱེད་ནུས་ཉམས་བྱེད་ཀྱང་རྒྱུ་རྐྱེན་སྣ་མང་ཡོད་ལ་སྤྱི་བཏང་ང་ཚོའི་ལུས་ཕུང་འདི་ནི་འཕྲུལ་འཁོར་ཞིག་དང་འདྲ་བ་ཡང་སེ་མཛེར་མལ་རྣམས་སྡམ་པ་དང་དེའི་བར་དང་ཟུར་སྟེང་འོག་སོགས་ཀྱང་ཡང་ཡང་ཕྱིས་བརྡར་གཙང་སེལ་བྱ་དགོས་མ་གཏོགས་ནམ་ཞིག་ནང་གི་ལྷུན་ལག་རྣམས་བུད་པའང་ཆད་པ་དང་ཆག་པ་གྲུམ་པ་སོགས་འབྱུང་སྟེ་དོན་སྐྱོན་ངན་པ་འབྱུང་བ་ལྟར་རོ།
དེར་བརྟེན་བདེ་ཐང་དང་ཚེ་སྲོག་ལ་གཅེས་པའང་རང་ཉིད་ཡུན་རིང་དུ་བདེ་ཐང་ངང་འཚོ་འདོད་མཁན་ཞིག་ཡིན་ཚེ་ང་ཚོས་ནམ་ཞིག་ན་བ་སོགས་བྱུང་ཚེ་ཅི་འདི་མེད་པར་ཁྱིམ་དུ་ཡོད་པའི་ནོར་རྫས་དང་སྒོར་མོ་སོགས་རྩ་ཆེ་བའི་དངོས་པོ་ཡོད་ཚད་དགོན་པ་ལ་འབུལ་བ་དང་རིམ་གྲོ་འདོན་པ་སྲོག་བསླུ་བྱེད་པ་སོགས་བྱེད་ཀྱི་ཡོད། དེ་ནི་བྱ་འདོད་ཀྱང་བྱེད་མ་ཤེས་པའི་ལས་སྟངས་ཤིག་ཡིན་པས་དུས་རྒྱུན་ནས་ཁྱེད་ལ་སྒོར་མོ་སོགས་ཡོད་ཚེ་སྨན་ཁང་ཚད་ལྡན་ཞིག་ཏུ་སྨན་པ་མཁས་པ་ཞིག་ལ་བསྟེན་ནས་གཟུགས་པོའི་ཕྱི་ནང་གི་དབང་པོ་ཡོད་དོ་ཅོག་ལ་བརྟག་དཔྱད་ཡག་པོ་བྱེད་དགོས་ཤིང་རབ་ན་ལོ་ལྟར་བརྟག་དཔྱད་བྱེད་དགོས་པ་མ་ཟད་སྨན་པར་ཚན་རིག་དང་མཐུན་པའི་ཉིན་རེའི་འཚོ་བ་བསྐྱལ་སྟངས་སོགས་ཀྱི་ཐད་ལ་ལམ་སྟོན་ཞུ་བ་བཅས་ཀྱི་ཚན་རིག་དང་མཐུན་པའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་རང་ཉིད་ལ་གོམས་འདྲིས་ཡོང་བ་བྱ་དགོས། འཕྲོད་བསྟེན་གྱི་ལམ་ལུགས་ནང་ནས་སྨན་བསྟེན་པའི་ཐབས་འདི་ནི་ཆེས་མཐའ་མའི་གདམ་ཀ་ཞིག་ཡིན་པ་འདྲ་བས་འདི་བསྟེན་ནས་ཁྱེད་ཉིད་ནད་ལས་ཐར་བའི་ངེས་པར་གཏན་ནས་མེད་པས་ཡིད་ལ་འཇོག་རྒྱུ་གལ་ལོ།
སྨན་ཁང་ཆེན་པོ་ཡིན་པ་དང་ནད་པ་མང་བ་ཙམ་གྱིས་ཚད་ལྡན་དུ་འཇོག་མི་ཐུབ་པས། ག་འདྲ་ཞིག་ལ་སྨན་ཁང་ཚད་ལྡན་ཟེར་བའམ། ཆ་རྐྱེན་ག་འདྲ་ཞིག་ཚང་དགོས་སམ།
འདི་ཤད་པའི་གནད་དོན་དག་ནི་རང་གི་མཐོང་སྣང་ཙམ་ཡིན་པ་ལས་ཕྲན་ལ་གསོལ་རིག་དང་འཕྲོད་བསྟེན་བཅས་ཀྱི་ཐད་ལ་ཞིབ་ཕྲ་འམ་ཆེད་སྦྱོང་གི་རྨང་གཞི་མེད་པས་ཞིབ་ཚགས་དང་འཐུས་ཚང་ཞིག་ཞུ་མི་ཤེས་ཀྱང་།
སྤྱའི་ཆ་ནས་སྨན་ཁང་ཚད་དང་ལྡན་མིན་གཙོ་བོར་སྨན་ཁང་གང་ཞིག་ལ་སྨན་པའི་ལག་རྩལ་བཟང་ལ་བརྟག་དཔྱད་ཀྱི་འགྲུབ་དོན་མི་འཆུག་ཞིང་བྱ་གཞག་དག་གོ་རིམ་ལྡན་ལ་ལས་སྤུས་དག་མོ་སྨན་ཞབས་དང་སྨན་པ་སོགས་ཕྱོགས་ཡོངས་ནས་གྲ་འགྲིག་ལ་གྲོས་མཐུན་ཞིང་བློ་མཉམ་པའི་ཐོག་ཏུ་ལས་ལ་འཇུག་ཐུབ་པའི་ཉམས་མྱང་ཅན་གྱི་རུ་ཁག་ཡོད་པ་དང་ཡོ་བྱད་རྣམས་ཀྱི་སྤུས་ཀ་ལེགས་ལ་སྣ་མང་འཛོམས་པོ་ཡོད་པའི་སྨན་ཁང་དེ་དག་ནི་ཚད་དང་ལྡན་པར་ལབ་ན་འགྲིག་གི་འདོད།
http://www.bbc.com/news/technology-34245655 འདི་ལ་ལྟ་རོགས། གཞན་མི་ཤེས།
སྨན་པའི་ལག་རྩལ་བཟང་ལ་བརྟག་དཔྱད་ཀྱི་འགྲུབ་དོན་བརྒྱ་ཆའི་མང་ཤོས་མི་འཆུག་པ་ཞིག་ཟེར་ན་ཡོད་པ་རེད་མ་གཏོགས་སྨན་པའི་ལག་རྩལ་བཟང་ལ་བརྟག་དཔྱད་ཀྱི་འགྲུབ་དོན་མི་འཆུག་པ་ཞིག་ཟེར་ན་ཧ་ཅང་ཁག་པོ་མཐོང་བས་གསལ་བཤད་ཅིག་གནང་རོགས། སྤྱི་ཆ་ནས་ཡག་པོ་བྲིས་ཡོད་པ་མ་ཟད་ཡག་པོ་གསུང་སོང་བས་ཕན་ཐོགས་བྱུང་ཐུགས་རྗེ་ཆེ།
རེད་ལགས། ཁྱེད་ཀྱི་གསུང་ལའང་བདེན་པ་འདུག ། གང་ལྟར་ཕྲན་ལ་ནི་ཞིབ་འཇུག་སོགས་ཀྱི་རྒྱུད་རིམ་ཞིག་མེད་སྟབས་ཁ་ཚོན་བཅད་ནས་བཤད་ཐབས་བྲལ་བས། མཚམས་འདི་འདྲ་ཞིག་ལ་ལུས་རྒྱུ་རེད། ཧ་ཧ་ཧ་་་
འཆི་བདག་ཞེས་པ་དེ་འཆི་བར་བྱེད་པའི་རྒྱུ་དེ་རེད། དེ་ལ་རང་རྒྱུ་
དང་གཞན་རྒྱུ་གཉིས་ཡོད། རྒྱུ་མེད་རྐྱེན་མེད་ལ་འཆི་མི་སྲིད་པ་ཡིན་
ཙམ་དང་པོ་རྐྱེན་ལ་གཉིས་པ་རྒྱུ་ཡིས་འཆི་བར་བྱེད་དོ། དེ་ལ་འཆི་
བདག་ཟེར།