སྣང་ཤེས།།
གནའ་བོའི་གཏམ་རྒྱུད་ཅིག་གི་མཛེས་སྡུག་ལ་ཆགས་ནས།།
དོན་ཡོད་མི་ཚེའི་སྙིང་པོ་སྟོང་བསམ་ལ་བསྟིམ་སྟེ།།
སེམས་ཀྱི་སྨག་རུམ་མཐུག་པོའི་མུན་ཀློང་དུ་འཕྱན་པའི།།
ལྟ་སྣང་འཇིམ་པའི་སྐུ་བརྙན་འདི་འདྲ་རང་སྐྱོ་ཨང་།།
ཤིན་ཏུ་ཟབ་པའི་མདོ་སྔགས་གཞུང་ལུགས་ཀྱི་མར་ཁུ།།
གཞིབ་ལ་མཁྲིས་ནད་འགོག་པའི་ནང་ཁྲོལ་ཞིག་མེད་ཀྱང་།།
གང་ཞིག་ཕྱིན་པའི་ལམ་ལ་ཨུ་ཚུགས་ཀྱིས་འཚང་བའི།།
ངང་ཚུལ་འདི་འདྲ་མཐོང་ན་བྲེད་ཤ་རང་ལང་བྱུང་།།
མར་ལ་མཆོང་ན་གྲོང་ཀྱི་མི་ཁ་ལ་འཇིགས་ཤིང་།།
ཡར་ལ་བལྟས་ན་སྙོབ་པའི་གདེངས་ཚོད་དེ་མེད་པས།།
མ་ཤི་བར་དོའི་སྡུག་བསྔལ་འདི་འདྲ་ཞིག་མྱོང་བ།།
ལས་ཀྱིས་མ་བརྐོས་ལྕེབས་ཐག་རང་ཉིད་ཀྱིས་བྱས་སོ།།
ཁྱིམ་ལ་ཆགས་པའི་ཟུག་གཟེར་འགོག་མེད་དུ་ལང་སྟེ།
མ་མཆུ་སོ་ཡིས་སྡོམ་པའི་ངང་ཚུལ་དེ་མཐོང་ན།།
ཡབ་ཆེན་སྡོམ་བརྩོན་དམ་པའི་ཞལ་ཚེམས་ཀྱི་སྲིབ་ལས།།
སོངས་ཤིག་ཟེར་བའི་སྒྲ་འདི་འགོག་ཐབས་རང་ཅི་ཡོད།།
མྱང་འདས་མྱ་ངན་འདས་པའི་འདས་ཚུལ་ལ་རྨོངས་ཡང་།།
འཁོར་བ་འཁོར་བར་འཁོར་ཚུལ་ལག་མཐིལ་དུ་བླངས་པས།།
དགྲ་འདུལ་གཉེན་སྐྱོང་སྲིད་པའི་འགྲོ་ལུགས་ཀྱི་གདམས་ངག །
མེད་དུ་དོག་པའི་སེམས་ཁྲེལ་གནང་དགོས་རང་མེད་དོ།།
མ་མྱོང་མིག་གིས་བལྟས་པའི་ཁྱིམ་ཐབས་ཀྱི་འདུན་མ།།
འདྲེན་བྱེད་སྦྲིད་པའི་བཟི་ཁ་དེ་འདྲ་ཞིག་བཙན་པ།།
མྱོང་ན་དོན་ལྔ་སྣོད་དྲུག་བདུད་རྩི་ཡིས་འགེངས་པའི།།
བདེ་ཆེན་སྙིང་ལ་སིམ་པར་དོགས་པ་རང་ཅི་ཡོད།།
མི་ཆོག་མི་ཉན་ཟེར་ན་ཉན་རྒྱུ་རང་མེད་པས།།
རང་གི་འདོད་འདུན་རྣལ་མའི་ཁ་ཕྱོགས་དེ་ཟུངས་ཤིག །
རང་ལ་མཛའ་བ་ཀུན་ལ་འགྲིག་ངེས་རང་མེད་པས།།
རང་གི་སྣང་བར་འགྲོ་ལ་ཡིད་རྟོན་དེ་བྱོས་ཤིག
འཐད་པ་ཡོད།
སྐྱིད་ཀི་ཚོགས་ཆེན་བཞག་ནས་སྡུག་གི་འཁོར་བར་འཁོར་ན་འཐད་པ་ཡོད།
སྡུག་གི་འཁོར་བར་སུན་ནས་སྐྱིད་ཀི་ཚོགས་སྒོར་འགྲིམ་ན་ཡང་འཐད་པ་ཡོད།
ཕ་མའི་བཀའ། བླ་མའི་གསུངས། མི་ཐུབ་སྡོམ་པ།
མི་རྩི་མི་སྲུང་ཟེར་ན་མི་སྐྱོན་ཏེ།
རྒྱལ་ཁབ་ཀི་ཁྲིམས། ནག་མོའི་ངོ་། བུས་ཕྲུག་གི་འགན།
མི་རྩི་མི་འཁུར་ཟེར་ས་མ་ཡོད་པས།
སྔ་འདང་སྔོན་ལ་ཡོད་ན་མགོ་བདེ་རེད།
བོར་སོང་བའི་སྐད་ཆ་ཞིག་འདི་ན་འདུག་ཨང་།