རྩོམ་པ་པོ། རྫ་སྐྱེས་ཕུར་བ།
[ནང་དོན་གནད་བསྡུས།] གློ་བོར་བསྐྱོད་ན། གློ་བོ་ནི་མེ་ལོང་ཞིག་རེད། མེ་ལོང་ལ་ཧ་བཏབ་ན། སྤྲིན་དཀར་པོ་ཞིག་ལྡང་ཡོང་། ས་སེར་པོ་ཞིག་འཕྱུར་ཡོང་། འབྲུ་སྨུག་པོ་ཞིག་མངོན་ཡོང་། ད་དུང་གློ་བོ་ནས། གློ་བོ་ལྟ་བུའི་སྙན་ངག་ཅིག་བྲིས་ན། ཆེས་སྔ་བའི་ཞང་ཞུང་གི་མེས་པོ་མཐོང་ཡོང་། གདུང་བ་སྐྱེ་ཡོང་།
ཕྱི་ལོ2017/ཟླ3/ཚེས27ཉིན་གནམ་ངོ་རུབ་ཅིང་། ཡུལ་འདིའི་ས་གཞི་ཡོངས་ལ་སྨུག་པ་འཐིབས་འདུག སྔ་ནུབ་དེར་ཆར་ཟིམ་ཅུང་ཟད་བབས་པས། ཉིན་དེའི་ཞོགས་པའི་ལམ་འགྲམ་གྱི་ལྗོན་པ་དང་། བསྟར་བསྒྲིགས་པའི་ཁང་བརྩེགས་དག་ནི་གསར་དུ་ཚོན་བཏང་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་ཨ་ཅང་མདངས་གསལ་ཞིང་། བཞིན་འཇམ་པའི་ངང་ན་གང་སར་བཀྲམ་སྟེ་འདུག མཐོང་ལམ་དུ་མངོན་གྱིན་པའི་གྲོང་ཚོ་ཆུང་ཆུང་དེ་ལ་བལ་པོ་བས་སྤོག་ར(Pokhara)ཞེས་འབོད་ཅིང་། དེ་ནི་བལ་པོ་རྒྱལ་ཡོངས་ཀྱིས་ཡུལ་སྐོར་ས་ཚུགས་བཞི་གཙོ་གནད་དུ་བཟུང་པ་ལས། ཆེས་བསིལ་དྲོད་གཉོམ་ཞིང་མཁའ་རླུང་གཙང་པའི་ས་ཆ་སྟེ། ཡུལ་སྐོར་ས་ཚུགས་ལེགས་གྲས་སུ་བདམས་པ་དེ་ཡིན་པ་དང་། རྒྱལ་སྤྱིའི་གནམ་ཐང་གཞན་གཉིས་གསར་འཛུགས་བྱ་འཆར་ཡོད་པའི་ས་ཁུལ་གཅིག་ནི་གནས་དེ་ཡིན་པར་བཤད་ཅིང་། བདག་གི་གློ་བོའི་འགྲུལ་བཞུད་ཀྱི་ལམ་བུའི་འགོ་ཡང་འདི་ནས་ཚུགས་སོང་།
སྙག་ངག་ནི་ཚིག་གྲུབ་དང་མིང་བརྡ་ལས་མངོན་པ་ཡིན་ཚེ། ཚིག་གྲུབ་དང་མིང་བརྡ་རེ་ནི་ཡིད་འགྱུ་དང་སྣང་བརྙན་བར་གྱི་ཟམ་པ་ལྟ་བུ་ཞིག་ལ་གོ་བ་ཡིན་དགོས་སྙམ། དེ་ལྟར་ནོར་མེད་ན་མཐོང་ལམ་གྱི་མཛེས་ལྗོངས་འདི་ནི་སྙན་ངག་གི་རྟོག་པ་འགྱུ་སའི་ཟམ་སྟེགས་ཤིག་རེད་ཨང་སྙམ་ལ། གནའ་བོའི་བཟོ་བཀོད་ཀྱིས་མཛེས་པའི་ཤིང་ཁང་རེ་རེར་བལྟས་ན་ལྷག་ཏུ་བསོན་ཉམས་ཀྱི་སྣང་བ་ཞིག་ཤར་ནས་འོང་། ཡུལ་དེའི་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་ཐོག་ངེད་གཉིས་གློ་བོ་རྫོང་གསར(uomsom)དུ་བསྐྱོད་རྒྱུའི་གྲབས་སྒྲིག་ཟིན་ཏེ། ཆུ་ཚོད་བདུན་དང་སྐར་མ་སུམ་ཅུའི་སྟེང་སྤོག་རའི(Pokhara)མཁའ་འགྲུལ་ཐང་དུsimrik)འབྱོར་བ་ཡིན།
གནམ་ཐང་ལས་མིས་རྒྱལ་ཁོངས་གཞན་གྱི་ཡིན་ཚེ་མཁའ་འགྲུལ་སྤ་སེ་ལ་སྒོར་ཁ་སྣོན་དུ་དགོས་རབ་བཤད་པ་ལྟར་བལ་སྒོར་སྟོང་གཉིས་དང་སུམ་བརྒྱ་སྤྲད་དེ་གནམ་ཐང་ས་ཚུགས་ནས་ཅུང་ཟད་བསྒུགས་པ་ན། གློ་བོ་རྫོང་གསར་ནས་ཡོང་བའི་གནམ་གྲུ་ཆུང་ཆུང་དེ(simrik)འཛེར་སྐད་རྩུབ་མོ་ཞིག་དང་མཉམ་དུ་སར་བབས་བྱུང་ལ། རྫོང་གསར་དུ་ཡར་འགྲོ་བའི་ངེད་ཅག་རིམ་བཞིན་ནང་དུ་འཛུལ། ཅང་མ་འགོར་བར་གནམ་གྲུ་ཆུང་ཆུང་དེ་ལུང་གཞུང་གི་ཆུ་རྒྱུན་དེད་དེ་ཡར་གློ་བོ་རྫོང་གསར་ཕྱོགས་སུ་འཕུར་ཞིང་། རྔམ་ཆེ་བའི་གཡང་གཟར་གྱི་གྲོག་རོང་དང་། རྩེ་རྣོ་བའི་གངས་རྒྱུད་ཀྱི་རི་བོ་དག་ནི་གནམ་གྲུའི་གཤོག་པ་དང་ཐུག་ལ་ཁད་ཀྱི་ཉེ་སར་མཆིས་ཤིང་། སྨུག་པ་བྲེལ་མོ་ཞིག་གིས་མཐོང་ལམ་གྱི་འཆར་ངོས་ཡང་ཡང་འགོག་ཀྱིན་འདུག གཤོག་སྣེ་སྤྲིན་དང་བརྡར་བའི་ཡོམ་ཚོར་ཤུགས་ཆེ་ཡང་། ཁ་ལོ་པ་གཉིས་པོས་བག་ལྷོད་ཀྱིས་ཁ་བརྡ་ཤོད་ཀྱིན་མདུན་གྱི་མཁའ་ལམ་ལའང་དེ་ཙམ་ལྟ་ཡི་མི་འདུག སྤྱིར་གནམ་གྲུ་ནི་མཁའ་ལམ་ཐིག་ཚད་སྟེང་གི་མདའ་རྩེ་དེད་དེ་སྐྱོད་བཞིན་ཡོད་པས། རླངས་འཁོར་བཞིན་དཀྱུ་རྒྱུ་དཀྱོག་རྒྱུ་དེ་ཙམ་མང་པོ་མི་དགོས་པ་འདྲ་འདུག
ཉེ་ལམ་ནས་བདག་ལ་ཡུལ་གདུང་འདུ་ཤེས་ཀྱི་བག་ཆགས་ཤིག་མངོན་དེ་འོང་ཞིང་། བག་ཆགས་དེའི་རྔམ་གྱིས་བདག་རང་ལྗོངས་རྒྱུ་འགྲུལ་བཞུད་ལ་མོས་པར་གྱུར་ཞིང་། ཡུལ་སྐོར་རྩོམ་རིག་གི་བཟོ་ཙམ་ཨེ་འཁྱོངས་ལྟ་བ་ལ་དུངས་བར་བཏང་སོང་། ལྗང་བུའི་བཤད་པ་བཞིན་སྒྱུ་རྩལ་རྩོམ་རིག་ལ་དད་པའི་མི་ཞིག་ཡིན་ཚེ། ཁོ་ནི་མི་རིགས་པ་ཞིག་བྱེད་པ་ལས། མིའི་རིགས་མཁན་ཞིག་བཅའ་རྒྱུ་ནི་གལ་ཆེན་ཡིན་པ་ཤེས་མོད་ཀྱང་། ཡུལ་གདུང་འདུ་ཤེས་དྲགས་པའི་བདག་གིས་དེ་འདྲ་ཞིག་ནུས་ཀྱི་མེད་པ་འདྲའོ།། འོན་ཀྱང་ཡུལ་སྐོར་རྩོམ་རིག་ཅེས་པའང་ཁོ་བོ་ལྟ་བུས་འོལ་ཚོད་ཀྱིས་འབྲི་ནུས་པ་ཞིག་ག་ལ་ཡིན་ཏེ། ཡུལ་སྐོར་རྩོམ་རིག་འབྲི་བར་མ་མཐའ་ལའང་ཁྱད་ཆོས་ཀྱི་གཙོ་བོ་གསུམ་ཞིག་ཚང་དགོས་པར་བཤད་དེ། གཅིག་ཡུལ་སྐོར་གང་དུ་བྱ་བའི་ཡིག་ཐོག་གི་རྒྱུ་ཆ་བཙལ་ཞིང་གཞན་གྱི་བྲིས་རྩོམ་ཁྲོད་ནས་ས་དེར་རྒྱུས་ལོན་ཐོབ་པ། གཉིས་ལྟད་མོ་པའི་བརྟུལ་ཞུགས་སྤྱད་ནས་ས་དེར་དངོས་བསྐྱོད་ཀྱིས་རྒྱུས་ལོན་བྱས་པ། གསུམ་ལྟད་མོ་པའི་རྣམ་པ་ཡོངས་སུ་བསྒྱུར་ནས་ས་དེའི་དམངས་དང་གཅིག་མཚུངས་ཀྱིས་མྱོང་རོལ་དང་ངོས་འཛིན་ཐོབ་པ་སོགས་མདོར་ན་སྦྱང་ཐབས་ཀྱི་རིམ་པ་གསུམ་ལ་བརྟེན་ནས་ཞིབ་འཇུག་གི་ཆ་དང་། རྩོམ་རིག་གི་རྣམ་པ་གཉིས་མཉམ་འདུས་ཀྱི་གྲུབ་ཆ་ཞིག་མངོན་དགོས་ལ། སྣང་བརྙན་གྱི་མཛེས་པའང་མེད་དུ་མི་རུང་། དེ་བས་ལྗོངས་རྒྱུ་བྱ་བའི་མཐོང་ཐོས་མྱོང་གསུམ་ཟིན་བྲིས་སུ་བཏབ་པ་ཙམ་གྱིས་ཡུལ་སྐོར་རྩོམ་རིག་འགྲུབ་པ་མ་ཡིན་པར། མཐོང་ཐོས་མྱོང་གསུམ་དེའི་ཐོག་ནས་མཛེས་དཔྱོད་དང་། ལྟ་བ། བསམ་བློ་སོགས་མང་དུ་ཚོགས་ཤིང་འདུས་པ་ན། གཞི་ནས་ཡུལ་སྐོར་རྩོམ་རིག་གི་རྨང་གཞི་གྲུབ་པ་ཡིན་ཞིང་། རྒྱ་བསྐྱེད་དེ་སོང་ན་ཡུལ་སྐོར་རྩོམ་རིག་ནི་མི་རིགས་རིག་པ་དང་། མི་རིགས་རིག་གནས་རིག་པ་སོགས་ཀྱི་རིག་ཚན་གྲས་སུ་གཏོགས་པར་འགྱུར་ཏེ། དཔེར་ན། གཏམ་བརྒྱུད་གསེར་ཐང་ལྟ་བུ་ནི་མི་རིགས་རིག་པ་དང་ཡུལ་སྐོར་རྩོམ་རིག་གཉིས་ཆར་གཏོགས་པ་བཞིན་ནོ།། མདོར་ན་ཡུལ་སྐོར་རྩོམ་རིག་ནི་འགྲོ་མི་ཕན་ཚུན་གཅིག་གིས་གཅིག་ལ་འགྲོག་འདྲིས་བྱས་ཤིང་རྒྱུས་ལོན་བྱུང་པའི་སྟེང་། ལྗོངས་རྒྱུ་དང་བརྒྱུད་འབྲེལ་ཁྲོད་ནས་གྲུབ་འོང་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་བཤད།
དེ་ལྟར་ལེགས་ན་བདག་ལ་ཡུལ་སྐོར་རྩོམ་རིག་འབྲི་བའི་ཆ་རྐྱེན་ཡོངས་སུ་དབུལ་མོད། ཡུལ་སྐོར་ལྗོངས་རྒྱུ་བྱ་བའི་རེ་བ་ནི་ཨ་ཅང་ཟབ་པས། ཉེ་ལམ་སྐྱོད་འདོད་པའི་ས་ཆ་སྐོར་ཞིག་ཀྱང་བདམས་འདོན་བྱས་ཡོད་དེ། བལ་ཡུལ་གྱི་རྟ་མང་དང་། (རྟ་དམག) ཡོལ་མོ། དོལ་པོ། ཏི་སེ་རོང་། གློ་བོ། ཐ་ཀ་ལི། (འཐག་པ། སེ་རིབ) ཤར་པ། གླེ་སྨི། སྙེ་ཤང་། མུ་གུམ། ཙུམ། ནུབ་རི། གླང་ཐང་། ཝ་ལུང་། འུམ་ལ། ཀརྨ་རོང་། གུ་རུང་། སྒོ་སྲུང་། ར་ཡེ། དམག་སྒར། འབྲུག་རྒྱལ་ཁབ། རྒྱ་གར་ཤར་བྱང་ཕྱོགས་ཀྱི་འབྲས་ལྗོངས། མོན། དར་རྒྱས་གླིང་། ཀ་བློན་སྦུག བྱང་རྒྱུད་ཀྱི་སྤི་ཏི། (སྤྱི་ཏི) ཁུ་ནུ། གར་ཞ། ཟངས་དཀར། ལ་དྭགས། པ་ཀི་སི་ཐན་གྱི་སྦལ་ཏི་སོགས་རིག་གནས་དང་དད་མོས་སེམས་ཁམས། འཚོ་བ་དང་ས་བབ་གནས་ཚད། མདོར་ན་ཡོད་ཚད་ཕལ་ཆེར་གཅིག་མཚུངས་ཡིན་པའི་ཡུལ་ཕྲན་དེ་དག་གོ།
དེ་དག་ལས་ཐེངས་དང་པོའི་ལྗོངས་རྒྱུའི་གོམ་སྟབས་དེ་གློ་བོའི་ཡུལ་ལ་སྒྱུར་བའི་སྐལ་བ་བྱུང་ལ། གློ་བོ་ནི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་འཕེལ་རིམ་རིང་པའི་ཡུལ་ཞིག་སྟེ། རྒྱལ་བརྒྱུད་ཐོག་མ་ལྷ་ནས་མཆེད་ཚུལ་དང་། ལྷ་ནས་བཙན་ལ་མཆེད་ཚུལ། བཙན་ནས་དམུ་ལ་མཆེད་ཚུལ། དམུ་ནས་མི་ལ་མཆེད་ཚུལ་སོགས་ངོ་མཚར་གྱི་བྱུང་རབ་དང་། ཞང་ཞུང་བྱ་རུ་བཅོ་བརྒྱད་ཀྱི་དུས་སུ་ཞང་ཞུང་ཁ་སྐྱོབ་ཀྱི་ཡུལ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་བཅོ་ལྔ་པའི་མངའ་འབང་ཡིན་པ། དེ་དུས་བོན་གྱི་བསྟན་པ་རྒྱ་ཆེར་དར་བ། དུས་རབས་བརྒྱད་པའི་ནང་དཔལ་རྙིང་མའི་ཆོས་སྐོར་དར་བ་དང་། དུས་རབས་བཅུ་གསུམ་པའི་མཇུག་ནས་ཨ་མ་དཔལ་དང་བཟང་པོ་རྣམ་གསུམ་གྱིས་ས་སྐྱའི་ཆོས་བརྒྱུད་གཙོ་ཆེར་དར་རྒྱས་བྱས་ཤིང་དགོན་གྲྭ་མང་དུ་སྤེལ་བ། མདོར་ན་གློ་བོ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་གསང་ལམ་སྙེག་ས་ལྟ་བུ་ཞིག་སྟེ། ཞང་བོད་རིག་གནས་གཉིས་དང་། བན་བོན་ཆོས་ལུགས་ཟུང་གི་འགལ་བའི་མཐུ་གཏད་ཡུལ་དང་། འབྲེལ་བའི་ཟམ་འཕེན་ས་ཞིག་དང་། དེ་གཉིས་གཡོ་སྐྱོམ་གྱི་འཕེལ་འགྲིབ་མང་དུ་མཆེད་ས་ཞིག་ཡིན་པའོ།།
སྤོག་ར་ནས(Pokhara)སྐར་མ་བཅོ་བརྒྱད་ཡས་མས་མཁའ་འགྲིལ་དུ་བསྐྱོད་མཐར་གློ་བོ་རྫོང་གསར་ལ་འབྱོར་། སར་བབས་མ་ཐག་རླུང་བསིལ་མོ་ཞིག་གདོང་ལ་རྒྱུ་འོང་། ས་དེ་ནས་གློ་བོའི་གྲོང་དང་ཁང་ཁྱིམ་གྱི་བཟོད་བཀོད་ཐོག་མར་མཐོང་། གློ་བོ་རྫོང་གསར(Mustang)ནི་གློ་བོ་སྟོད་སྨད་གཉིས་དང་ཐ་ཀ་ལི་གསུམ་གྱི་ད་ལྟའི་སྲིད་འཛིན་ས་ཁུལ་ལྟེ་བ་ཡིན་ཞིང་། བལ་པོ་རྒྱལ་ཡོངས་ཀྱི་ཞིང་ཆེན་14དང་། རྫོང་ཁུལ75ཡོད་པ་ལས་དྷ་ཝ་ལ་གྷི་རི་(Dhawalagiri )ཞིང་ཆེན་ནང་གི་རྫོང་ཞིག་ཡིན་པ་དང་། སྔོན་དུས་གཱ་རབ་ཅེས་པའི་སར་གློ་བོའི་རྫོང་གཞིས་བཟུང་ཞིང་ཕྱིས་གནས་འདིར་སྤོར་བས་རྫོང་གསར་ཟེར་གྱི་ཡོད་འདུག ད་ལྟར་གློ་བོ་རྫོང་གསར་གྱི་ཁྱབ་ཁོངས་སུ་གད་སྨད་། སྨོན་ཐང་། རྩེ་རང་། ཚོ་ཤར། ཚོ་ནུབ། ཟུར་ཁང་བཅས་གློ་སྟོད་ཚོ་བ་བདུན་དང་། སྤག་གླིང་། ད་ཀ་རྫོང་། ཕི་ལག བཀག་རྫོང་བཅས་ཡུལ་ཚོ་བཞི་དང་། རྫར། རྫོང་། གཏེར་རི། ཆོས་འཁོར། པུ་ཊག ཁྱེན་འགའ་སོགས་ཆུ་མིག་བརྒྱ་རྩའི་ཡུལ་ཚོ་དྲུག ཚུགས། སྟང་པད་བཅས་གློ་སྨད་ཚོ་བ་བཅུ་གཉིས། ཐ་ཀ་ལི་ཚོ་བ་ལྔ་བཅས་ཡོད། གློ་བོའི་ས་ཁོངས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3573དང་། མཐོ་ཚད་རྒྱ་མཚོ་ངོས་ནས་སྨིད་4230 ཆ་སྙོམ་གྱི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨིད2567ཡོད་ལ། ཕྱི་ལོ2011ལོའི་མི་འབོར་ཞིབ་བཤེར་ལྟར་ན་གློ་བོའི་མི་གྲངས་ནི་13452ཡིན། གློ་སྟོད་ཀྱི་ཤར་ནུབ་བྱང་གསུམ་ནི་ད་ལྟའི་མངའ་རིས་ས་ཁུལ་རྫོང་བརྒྱད་ཕྱེས་ཡོད་པ་ལས་སྤུ་ཧྲེང་རྫོང་དང་ས་འབྲེལ་ཡིན་པ་དང་། གཞིས་རྩེ་རྫོང་ཁག་བཅོ་བརྒྱད་ཕྱེས་ཡོད་པའི་འབྲོང་པ་རྫོང་གི་ནུབ་བྱང་ཕྱོགས་དང་ས་འབྲེལ་ཡིན། གློ་སྨད་ནི་སྙེ་ཤང(Sakya) དང་དོལ་པོའི་བྱང་ཤར་བརྒྱུད་དང་ས་འབྲེལ་ཡིན་འདུག
བལ་སྐད་དུ་ཐ་ཀ་ལི་ཞེས་འབོད་པའི་ཡུལ་ཚོ་དེ་ནི་དེང་སང་གློ་བོ་དང་རྫོང(mustang)གཅིག་གི་ཁོངས་སུ་གཏོགས་པ་ལས་གློ་བོ་དངོས་གནས་མིན། ཤངས་། ཋི་ནེན།(བསམ་ཕུག) མར་པ། ཀྱུ་མང་། ཀྲུ་བཅད་བཅས་དེ་རུ་ཡུལ་ཚོ་ལྔ་ཡོད་ལ། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5655དང་། 2011ལོའི་མི་འབོར་ཞིབ་བཤེར་ལྟར་ན་ས་གནས་རང་དུ་ཐ་ཀ་ལི་གནས་སྡོད་མི་གྲངས13000དང་། སྤོག་ར་དང་ཁྲ་མེན་སོགས་ས་ཁུལ་གཞན་དུ་ཡོད་པ་བསྡོམས་ན་མི་གྲངས་ཁྲི་གསུམ་ལྷག་ཡོད་པ་དང་། ཐོག་མའི་མི་བརྒྱུད་དེ་ཐག་འཐག་མཁན་ཚོ་བ་ཞིག་ཡིན་པས་ཁོ་ཚོར་འཐག་པ་ཞེས་མིང་ཐོགས་པར་བཤད། བལ་པོ་བས་གནས་དེ་ན་གཙང་པོ་ཞིག་ཡོད་པ་དང་སྦྲེལ་ཏེ་ཐ་ཀ་ལི་ཞེས་བོས་པས་རིམ་གྱིས་ཐ་ཀ་ལི་ཞེས་འབོད་སྲོལ་ཆགས། འཐག་པའམ་ཐ་ཀ་ལིའི་ཡུལ་ནས་ཐོན་པའི་དམིགས་བསལ་ཟས་རིགས་ཤིག་ཡོད་ལ། དེའི་མིང་དུ་རྒྱ་གར་དང་བལ་པོ་བ་མང་པོས་ཐ་ལི་ཞེས་འབོད་བཞིན་པ་དང་། ཐ་ཀ་ལི་ཞེས་པའི་བསྡུས་མིང་ཙམ་ཡིན་འདུག ལྡི་ལི་མཎྜལ་བོད་ཟས་ཁང་སོགས་ཀྱི་ཟས་ཐོའི་ནང་དུ་བོད་ཀྱི་ཐ་ལི་དང་། ནེ་པཱལ་གྱི་ཐ་ལི་ཞེས་ཐ་ལི་རིགས་གཉིས་གསུམ་ཞིག་བྲིས་ཡོད་པ་མཐོང་། ཏུན་ཧོང་ཡིག་རྙིང་དུ་ཐ་ཀ་ལིའི་མིང་ལ་སེ་རིབ་ཅེས་བྲིས་ཡོད་ལ། དུས་ད་ལྟའང་དོལ་པོ་བས་ཐ་ཀ་ལིའི་སྐད་ལ་སེ་སྐད་ཅེས་འབོད་བཞིན་ཡོད་པ་དང་། ཐ་ཀ་ལིའི་ཡུལ་དང་མི་ལའང་ཐགས་ལུང་པ་དང་འཐག་པ་ཞེས་གྲ་མ་ཆགས་གྲུ་མི་ཉམས་པར་སྤྱོད་ཀྱིན་ཡོད་འདུག སེ་རིབ་ཅེས་པ་འཐག་པ་ལ་གོ་བ་ཡིན་ནམ། ཡང་ན་དོན་གཞན་ལ་འཇུག་རྩད་ཆོད་མ་ཐུབ། དངོས་གནས་འཚོ་བའི་འགྱུར་ལྡོག་ནི་བཤད་མི་ནུས་པ་ཞིག་ཡིནའང་། དམངས་ཀྱི་ངག་ལམ་གྱི་ཐ་སྙད་རེ་རེའི་བརྡ་རྟགས་ནི། འདས་དོན་གྱི་ངོ་ཐད་ཆོད་སའི་མེ་ལོང་རེ་རེ་ཡིན་འདུག་སྙམ། འཐག་པ་ནི་སྔོན་དུས་གློ་བོའི་རྒྱལ་བོ་སོགས་ཀྱིས་ཤུགས་རྐྱེན་མ་ཐེབས་པའི་རྒྱལ་ཕྲན་ཁ་ཙང་ཞིག་དང་རང་གི་རྒྱལ་བརྒྱུད་ཀྱི་བྱུང་བ་ཡོད་པ་ཅན་ཞིག་ཡིན་པ་དང་། མིག་གསུམ་པ་ཞེས་པའི་རྒྱལ་པོ་ཞིག་བྱུང་བར་ད་ལྟའང་ཐ་ཀ་ལི་བ་དག་གིས་རྗེས་དྲན་གྱི་དུས་མཆོད་བྱེད་རྒྱུ་ཡོད་པ་དང་སྐབས་དེར་རྒྱལ་བོའི་མཚོན་ཆ་སོགས་འགྲེམ་སྟོན་བྱེད་སྲོལ་ཡོད་པ་དང་། གློ་བོ་རྫོང་གསར་ཕར་རྒྱབ་ཀྱི་ཋི་ནེན་འབོད་པའི་ས་ཆ་དེར་དེང་སང་ཡང་ཐ་ཀ་ལིའི་རྒྱལ་བརྒྱུད་ཀྱི་མི་ཐོགས་ཡོད་རབ་ཐོས། ཐ་ཀ་ལི་ལ་སེ་སྐད་དམ་སོ་སོའི་རང་སྐད་ཡོད་ཀྱང་། ད་ལྟ་ཐ་ཀ་ལིའི་རང་སྐད་ཉམས་ཆག་ཆེན་པོ་བྱུང་ཏེ་ཕལ་ཆེ་བས་བལ་སྐད་བཤད་ཀྱི་ཡོད་པ་དང་། ཐ་ཀ་ལི་བའི་ཁྲོད་ན་གདོད་མིའི་བོན་ཆོས་དང་། རྙིང་མའི་ཆོས་སྐོར་ལ་དད་མོས་བྱེད་མཁན་གྱི་རིགས་གཉིས་ཡོད་ཅིང་། དེར་བསམ་གཏན་གླིང་ཟེར་བ་སོགས་དཔལ་རྙིང་མའི་དགོན་པ་སྐོར་ཞིག་ཡོད་སྐད་ཐོས། ཐ་ཀ་ལིའི་མར་པ་ཚཱ་རོག་ཅེས་པའི་ས་གནས་སུ་བར་ལམ་བོད་རང་ནས་ཡོང་བའི་བོད་ཀྱི་གཞིས་ཆགས་གྲོང་ཞིག་ཡོད་འདུག་མོད། གྲོང་དེ་ནས་ཐོན་པའི་བུ་མོ་པདྨ་ལྷ་མོ་ལགས་དང་ཁ་བརྡ་ཏོག་ཙམ་བྱུང་པ་ལས་ཁོང་ཅག་གི་སྐད་ཡིག་དང་འཚོ་བའི་གནས་བབ་སོགས་ལ་རྒྱུས་ལོན་བྱ་མ་ཐུབ།
ཉིན་གུང་ཡོལ་ཙམ་ལ་རྫོང་གསར་ནས་ཚུགས་བཟང་གྲོང་ཚོ་རུ་འབྱོར་ཞིང་། སྡོད་གནས་གཏན་ཁེལ་གྲུབ་རྗེས་ཡུལ་མི་ཚོའི་འཚོ་བའི་ངལ་རྩོལ་བྱེད་སྟངས་དང་གྲོང་ཁྱིམ་དག་ལ་ལྟ་བར་ཕྱིན། ཉི་མ་ཡོལ་ལ་ཉེ་སྐབས་ཚུགས་བཟང་ཕར་ངོས་རི་སྐེད་དུ་ཆགས་པའི་སྒང་དགོན་པར་བསྐྱོད། དཀོན་གཉེར་སྤོ་བོ་དེར་དགོན་དེའི་སྐོར་དྲིས་ཀྱང་ཁོང་ལ་རྒྱུས་མངའ་བདོག་པའི་སྐད་ཆ་ཞེ་དྲག་གསུང་རྒྱུ་མི་འདུག འདུ་ཁང་གི་ལྡེབས་རིས་ཉེར་གཉིས་ཡས་མས་བཞུགས་པ་ཆ་ཚང་ཞིབ་ཏུ་མཇལ་མོད་རང་ལ་ཤེས་རྟོགས་ཞན་རྐྱེན་རེ་རེ་ནས་ལྷ་ངོས་ཟིན་པའང་དཀའ་ཙམ་བྱུང་། གནའ་ཉམས་ཀྱིས་འོད་མདངས་འཁྱུག་སེ་བདོག་པའི་ལྡེབས་རིས་རྩ་ཆེན་དེ་དག་ཁང་ཀླད་ཀྱི་ཐིག་པ་དང་རྩིག་གསེབ་ནས་བརླན་བྱུང་སྟེ། སྐོར་ཞིག་ནི་ཚོན་རྩི་དག་སྟེ་གཏན་ནས་མེད་པ་ལྟ་བུར་ཆགས་འདུག འབྱོར་བས་ཕོངས་ཤིང་བདག་གཉེར་ཞན་པའི་རྐྱེན་དེས། མེས་པོའི་ཕྱག་རྗེས་ཀྱི་ནོར་བུ་རྩ་ཆེན་རེ་རེ་འདི་ལྟར་ཆག་འཇིག་གི་ཀློང་དུ་གཟིམ་གྱིན་པར་དངོས་གནས་ཡི་མུག་བྱུང་།
དེ་ནས་ས་དམར་དང་། བཟང་མོ་ཅན། མཆོད་དཀར། སྒེར་ལུང་། གད་སྨད། རྩེ་རང་སོགས་རིམ་བཞིན་བརྒྱུད་དེ་ཉིན་གཉིས་རྗེས་ཀྱི་ཉི་མ་ཕྱི་ཡོལ་ཙམ་ལ་གློ་བོ་སྨོན་ཐང་དུ་འབྱོར། སྒོ་བྱང་ལ་བོད་ཡིག་གིས་ཇོ་མོ་གླང་མ་མགྲོན་ཁང་དང་ཟ་ཁང་ཞེས་བྲིས་འདུག་པའི་མགྲོན་ཁང་ཆུང་ཆུང་ཞིག་མཐོང་བྱུང་ལ། ངེད་གཉིས་ཀྱང་དེ་ཚང་ནས་འདུག་རྒྱུ་བྱས། རྗེས་ནས་དེ་ནི་སྨོན་ཐང་གི་ལྷ་རིས་བཟང་པོ་ཚང་རེད་འདུག བཟང་པོ་ཚང་གཅིག་པུ་མིན་པར་སྨོན་ཐང་གི་སྲང་ལམ་གཡས་གཡོན་ན་བོད་ཡིག་གི་སྒོ་བྱང་བཀལ་ཡོད་པའི་ཚོང་ཁང་དང་མགྲོན་ཁང་མང་དུ་མཐོང་རྒྱུ་ཡོད་ལ། 《གློ་བོ་སྨོན་ཐང་གི་དཔེ་མཛོད་ཁང》ཞེས་པ་ཞིག་ཀྱང་མཇལ་རྒྱུ་ཡོད། སྨོན་ཐང་གི་སྐོར་ལམ་དུ་ཆས་ན། བགྲེས་པོ་ལོ་ལོན་དག་གི་མ་ཎིའི་སྒྲ་དབྱངས་ཉན་ཆོག་ལ། སོས་དལ་ངང་ཉི་མ་ལྡེ་བཞིན་པའི་གྲོང་མི་ཚོའི་ཅི་འཕྲོས་མོལ་འཕྲོས་ཀྱི་གླེང་མོ་མཆེད་ཡོང་། དབུས་ཀྱི་སྐད་གདངས་ལ་ཉེ་ཞིང་དེ་ལས་ཀྱང་གཙང་སྐད་དང་གཅིག་འདྲ་ཡིན་པའི་ཁོང་ཅག་ཡུལ་སྐད་དེ་ནི་སྙིང་ཉེ་བོ་ཞེ་དྲག་ཡིན་བཞག མ་ཟད་ས་ཁུལ་ཚང་མའི་ཁང་པའི་བཟོ་བཀོད་དང་། རྒྱུ་ཆ། ཀ་གདུང་། ཁྱིམ་ཆས། སྒོ་དང་རབ་གསལ་སོགས་འཚོ་བའི་ཉེར་སྤྱོད་ཀུན་པོ་ལྷ་སའི་གནའ་བོའི་གྲོང་རྙིང་དག་གི་བཟོ་བཀོད་དང་གཅིག་རང་རེད་ལ། གྲོང་མིའི་བྱ་སྤྱོད་སོགས་ཀྱང་དེ་བཞིན་རེད། མ་ཟད་དགའ་འོས་པ་ཞིག་ནི་གློ་བོའི་ས་ཁུལ་ཕལ་ཆེར་གྱི་སློབ་གྲྭའི་ནང་དུ་བོད་ཡིག་གི་སློབ་ཚན་ཡོད་པ་དེ་རེད་ལ། ལས་དེར་ཐུགས་ཁུལ་ཟབ་པ་འི་ས་གནས་རང་རང་གི་མཁན་པོ་དང་གྲྭ་བཙུན་རྣམས་ལ་སྐུ་དྲིན་ཞུ་འོས་ཤིང་། རང་སའི་སྐད་ཡིག་གི་ཉམ་ང་ལྡོག་རྒྱུར་རྩོམ་པ་ནི། རང་ས་གཡང་ལས་སྐྱོབ་པའི་ཐབས་མཆོག་ཅིག་ནི་ལོས་ཡིན་ཨང་། སྨོན་ཐང་གྲོང་དུ་ཐུབ་ཆེན་དགོན་དང་། བྱམས་པ་དགོན། ཆོས་སྡེ་དགོན་བཅས་དུས་རབས་བདུན་ལྷག་གི་ལོ་རྒྱུས་ཀྱི་འོད་མདངས་འཁྱུག་པའི་ས་སྐྱའི་དགོན་པ་གསུམ་བཞུགས་ཤིང་། བྱམས་པ་དང་ཐུབ་ཆེན་དགོན་གཉིས་ཀྱི་ལྡེབས་རིས་མཇུག་ལ་གསེར་ཡིག་གི་ཚིགས་བཅད་མང་ལ་རྩོམ་རྩལ་ཡང་དཔེ་མེད་རང་ཞིག་འདུག་སྙམ། བར་བར་གྱི་ཚོན་དག་སྟེ་ཀློག་མི་ཐུབ་པར་ཆགས་འདུག་ཀྱང་ཚིགས་བཅད་ཅིག་ལ།
གཞན་ཕན་སེམས་ཀྱི་འོད་སྟོང་ཅན།།
སྙིང་སྟོབས་ཆེན་པོའི(བར་ནས་འབྲི་གཅིག་མི་གསལ)ལྗང་གིས།།
འགྲོ་བའི་མ་རིག་མུན་སེལ་དཔལ།།
སེམས་དཔའ་མཆོག་འདིའི་དགེ་ལེགས་འགྲུབ།། ཅེས་བྲིས་འདུག
གློ་བོ་སྨོན་ཐང་ལ་གྲོང་ཁྱིམ་ཉིས་བརྒྱ་ལྷག་ཡོད་པའི་ཁྲོད་དུ། གྲོང་གི་རྣམ་གྲང་མང་ལ་དེ་དག་གི་ཐོབ་ཐང་དང་ཁེ་དབང་ལོངས་སྤྱོད་ཀྱི་རིམ་པའང་མི་འདྲ་བ་མང་དུ་མཆིས་ཏེ། རྫོང་དཔོན་གྲོང་། ལྷ་དཔོན་གྲོང་། རྩིས་དཔོན་གྲོང་། ཁྲིམས་དཔོན་གྲོང་། ལྷ་བཟོས་གྲོང་། སྨྱུག་འཛིན་དྲུང་ཡིག་གྲོང་། ཕྱག་མཛོད་གྲོང་། སྤྱི་ཁྱབ་གྲོང་། སྨན་པའི་གྲོང་། གཉེར་ཚང་གཉེར་པ་བཞི་ཡི་གྲོང་། གཉེར་ཆེན་བཞི་ཡི་གྲོང་། གཉེར་ཆུང་ནང་གཉེར་གྲོང་སོགས་སྐུ་དྲག་གི་གྲོང་བཅོ་བརྒྱད་དང་། གཟིམ་དཔོན་གྲོང་། ལྷ་མོ་གྲོང་། ཆིབས་དཔོན་གྲོང་། དྲེལ་དཔོན་གྲོང། མཛོ་དཔོན་གྲོང་། ཤིང་གཉེར་གྲོང་། ཤིང་མཁན་གྲོང་། རྩྭ་གཉེར་གྲོང་། ཁང་གཉེར་གྲོང་། བྲན་པ་གྲོང་། ཆུན་པ་གྲོང་། མགར་པའི་གྲོང་། བཤན་པའི་གྲོང་སོགས་དམངས་ཀྱི་གྲོང་དུ་གཏོགས་པ་སྟེ། ལྷ་རིས་བཟང་པོ་ཡང་ཤིང་མཁན་གྲོང་གི་མི་ཡིན་འདུག
སྐུ་དྲག་སྐོར་གྱི་གཏམ་གླེང་ཁྲོད་བཟང་པོས་འདི་ལྟར་བཤད་སོང་སྟེ། བཤན་པ་དང་མགར་བ་དེ་ཚོ། རིགས་དམའ་བོ་རེད། ཁོ་ཚོར་ཁང་པ་ཉིས་ཐོག་བརྒྱབ་ཡ་ཡོད་མ་རེད། རིགས་དམའ་བ་ཚོའི་ཁང་པའང་འོག་གི་གྲོག་པོ་ལ་ཡོད་རེད། འུ་རང་ཚོ་ལ་ཉིས་ཐོག་བརྒྱབ་ཡ་ཡོད་རེད་དེ། སྒོ་སྒེའུ་ཁུང་ལ་ནག་པོ་གཏང་ཡ་གི་དབང་ཆ་ཡོད་མ་རེད། དེ་སྐུ་དྲག་ལ་ཡོད་རེད། ཁང་པ་གང་ལ་ནག་པོ་བཏང་ཡོད་ན་དེ་སྐུ་དྲག་ཡིན་པའི་རྟགས་རེད་ཅེས་བཤད་པ་བཞིན་རིགས་དམའ་ཚོས་ཁང་པ་ཉིས་ཐོག་བརྒྱབ་མི་ཆོག་པ་དང་། ཁང་སའང་གྲོག་རོང་འོག་མ་གཏོགས་གྲོང་ནང་དུ་ལས་མི་ཆོག་པ། ཤིང་གཉེར་པ་སོགས་ཀྱིས་ཉིས་ཐོག་བརྒྱབ་ཆོག་ལ་གྲོང་ནང་དུ་ཁང་སའང་གཉེར་ཆོག་མོད། སྒོ་དང་སྒེ་ཁུང་ཁར་རྩི་ནག་པོ་གཏོང་ཆོག་གི་མེད་པ་རེད། ཚང་མའི་ཐོབ་ཐང་ཡོད་མཁན་སྐུ་དྲག་ཡིན་པ་རེད། དེ་ལྟར་གློ་བོ་ནི་སྐུ་དྲག་རིག་གནས་ཡུན་རིང་དར་རྒྱས་བྱུང་སའི་གནས་ཤིག་ཡིན་ཏེ། རྒྱལ་པོ་ཨ་མ་དཔལ་དང་། ཨ་མགོན་བཟང་པོ་ནས། ཕྱི་ལོ་ 2016ལོའི་ཟླ12པའི་ཚེས16ཉིན་འདས་གྲོངས་སུ་ཕྱིན་པའི་གློ་རྒྱལ་པོ་འཇིགས་མེད་རྡོ་རྗེ་དཔལ་འབར་ལགས་ཀྱི་བར་དུ་སྐུ་དྲག་རིགས་བརྒྱུད་ནས་མཆེད་པའི་རྒྱལ་བརྒྱུད་ཉེར་ལྔ་བར་མ་ཆད་དུ་བྱུང་ཞིང་། རྒྱལ་པོ་རིམ་བྱོན་དག་ནི་དེང་སང་ཡང་དམངས་ཀྱི་སེམས་ཁོང་ན་མཚར་སྡུག་ལམ་མེར་མཆིས་ཤིང་། གུས་ཞབས་ཀྱི་འདུ་ཤེས་དང་བརྩེ་བའང་ཨ་ཅང་རྟག་བརྟན་ངང་འདུག་པ་ནི་ས་དེའི་ཡུལ་མི་དག་དང་དེ་འབྲེལ་གྱི་ཁ་བརྡ་བྱས་ཙམ་ལས་ཤེས་ནུས་པ་ཞིག་རེད།
གློ་བོ་ནི་ངོ་མཚར་ཆེ་བའི་བྲག་ཕུག་གི་འཇིག་རྟེན་ཞིག་ཡིན་ཏེ། བསམ་རྫོང་དྲིལ་བུ་རྫོང་གི་བྲག་ཕུག བསམ་རྫོང་གོང་པོ་སྟོད་ཀྱི་བྲག་ཕུག སྣང་གསལ་བྲག་ཕུག ཚོ་ཤར་བྲག་ཕུག་སོགས་བྲག་ཕུག་སྟོང་ཕྲག་བརྒལ་བ་ཡོད་ལ། ཚོ་ཤར་མིས་བཟོས་བྲག་ཕུག་གཅིག་པུ་ལའང་ཐོག་བརྩེགས་ལྔ་དང་ནང་གསེས་ཕུག་ཕྲན་བརྒྱ་དང་བརྒྱད་ཡོད་པར་བཤད། བཟང་པོས་ཆུང་དུས་ར་འཚོ་སྐབས་སྨོན་ཐང་གི་ཉེ་བའི་བྲག་ཕུག་འགའི་ནང་ནས་མི་རུས་ལྷུ་ལག་ཆ་ཚང་ཞིང་བཟོ་ལྟ་ཙོག་ཙོག་དུ་བསྡད་ཡོད་པ་མང་པོ་མཐོང་འདུག་ལ། ཚ་སྲེད་ཆེ་བའི་ར་མ་དག་མི་མགོ་དེ་དག་ལས་ཚ་ལྡག་པར་རྟག་ཏུ་བྲག་ཕུག་ནང་ལ་ཤོར་འགྲོ་ཟེར། ད་དུང་ཚུགས་བཟང་ཡུལ་མི་ཞིག་གིས་བཤད་ན་ཕྱི་གླིང་ཡུལ་སྐོར་ཚོགས་པ་ཞིག་གིས་གློ་བོའི་བྲག་ཕུག་ཅིག་ནས་ཁྱེར་སོང་པའི་མི་རུས་ཆ་ཚང་འཐོར་ཞིག་ཏུ་སོང་མེད་པ་ཞིག་ཨ་སྒོར་ས་ཡ་གཅིག་བྱས་ནས་དབྱིག་ལེན་འགྲེམ་སྟོན་ཁང་ཞིག་དུ་བཙོང་པར་མ་ཟད་དེར་ཚན་རིག་གིས་བརྟགས་ཐབས་ལས་ལོ་ངོ1800ལྷག་ཅིག་ཕྱིན་ཚུལ་བཤད།
ཕྱི་ལོ2008ལོའིཟླ8ཚེས16ཉིན་ཀླུ་བྲག་བླ་མ་ཚུལ་ཁྲིམས་དང་། ནག་རུ་དགེ་ལེགས་སྦྱིན་པ་སོགས་བོན་གྱི་བླ་གྲྭ་སྐོར་ཞིག་དང་། ཕྱི་གླིང་པ་ཆར་ལའི་སི་རམ་བྷོལ་སོགས་ཀྱིས་མཉམ་སྦྲེལ་འཚོལ་ཞིབ་བརྒྱུད་དེ། གློ་བོ་སྨར་རྫོང་བྲག་ཕུག་ནས་བོན་གྱི་《ཁམས་ཆེན་སྟོང་ཕྲག་བརྒྱ་པ》པོད་བཅུ་དྲུག་དང༌།《 གཙང་མའི་ཀླུ་འབུམ་དཀར་ནག་ཁྲ་གསུམ》གསར་རྙིང་མི་འདྲ་བའི་པོད་གསུམ། 《མདོ་གཟེར་མིག་ལེའུ་བཅོ་བརྒྱད་པ》པོད་གཉིས། 《 ཁྲོ་བོ་རྒྱུད་དྲུག་གི་འགྲེལ་བ》དང༌། 《ཁྲོ་བོ་དབང་ཆེན་གྱི་གཞུང》གཉིས་སོགས་ཁྱོན་དཔེ་པོད་དོ་པོ་བཅུ་བདུན་ལྷག་ཙམ་ཞིག་ལག་སོན་བྱུང་པ་དང༌། ནག་རུ་དགེ་ལེགས་སྦྱིན་པ་ལགས་ཀྱིས་བཤད་པ་ལྟར་ན། དེའི་གྲས་ཀྱི་མདོ་གཟེར་མིག་གི་དཔེ་པོད་དེ། འཇར་མན་གྱི་རྒྱལ་ས་པེར་ལིན་དཔེ་མཛོད་ཁང་དུ་མཆིས་པའི་མདོ་གཟེར་མིག་དང༌། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མདོ་གཟེར་མིག ཀླུ་བྲག་ཚུལ་ཁྲིམས་བླ་བྲང་གི་མདོ་གཟེར་མིག གློ་བོ་གཡུང་དྲུང་ལྕང་ར་ཤར་གྱི་མདོ་གཟེར་མིག དོལ་པོའི་དགོན་པ་ས་ལེ་འོད་ཀྱི་མདོ་གཟེར་མིག་སོགས་དཔེ་རྙིང་དེ་རྣམས་ཀྱི་ཡི་གེ་འབྲི་སྟངས་དང༌། དབུ་ཤོག་ནང་གི་ལྷའི་གཟུགས་དབྱིབས། དཔེ་རིས་སོགས་ལ་གཅིག་མཚུངས་ཀྱི་ཁྱད་རྟགས་ཡོད་པ་བཅས་ཀྱི་ཐོག་ནས་དུས་རབས་བཅུ་བའི་ཡར་སྔོན་དུ་བྱུང་བར་ཚན་རིག་ཞིབ་འཇུག་གི་གྲུབ་དོན་དུ་ཐག་བཅད་ཐུབ་པར་མ་ཟད། དཔེ་པོད་དེ་དག་ནི་སྨོན་ཐང་ཕོ་བྲང་མ་བཏབ་སྔོན་གྱི་གློ་བོ་བོན་འཁོར་དགོན་པའི་ནང་གི་ཡིན་པའང་དཔེ་ཆའི་མཇུག་བྱང་ལས་གསལ་བ་སྟེ། གནས་ལ་ཁྱད་འཕགས་གངས་ཅན་ཏི་སེ་ཤར། །པག་ཤུ་ཤར་དུ་འབབ་པ་གཙང་པོའི་ལྷོ། །འབྲུ་བཅུད་སྐྱེས་པ་གློ་བོ་ཡུལ་གྱི་དབུས། །འབུར་དུ་དོད་པའི་བོན་འཁོར་གནས་ཆེན་འདིར། །ཞེས་པ་ལྟར་ལེགས།
ད་དུང་སྨར་རྫོང་བྲག་ཕུག་ནས་ཐོན་པའི་དཔེ་པོད་ངོ་སྤྲོད་དུ་ནག་རུ་དགེ་ལེགས་སྦྱིན་པ་ལགས་ཀྱིས་འདི་ལྟར་བཤད་འདུག་སྟེ། ‘གང་ལྟར་དཔེ་ཚོགས་འདི་ནི་གློ་དོལ་གཉིས་ཀྱི་དཔོན་ཆེན་དང༌། མི་དྲག་ཐུན་མོང་ནས་བཞེངས་པ་ཞིག་ཡིན་པ་ནི། མཇུག་བྱང་ལས། ཞང་སྐད་ཁ་གང་དབུ་ཐ་བར་དུམ་དང༌། །མཚན་འབུམ་དབུ་དང་གཟུངས་འདུས་རྒྱས་པ་འདི། །མང་དུ་སྦྱངས་པའི་བང་ཆེན་ཚེ་བརྟན་དང༌། བློ་(གློ)དོལ་གཉིས་ཀྱི་དཔོན་ཆེན་མཁས་བཏུས་ཀྱིས། །ཡུན་དུ་སྦྱངས་ནས་ཟབ་པ་བསྒྲུབས་པ་ཡིན། ཞེས་དང༌། དེ་བཞིན་དཔེ་ཚོགས་འདིའི་སྦྱིན་བདག་གི་མིང་ལ་བཙུན་མོ་དང༌། དཔོན་མོ་སོགས་ཀྱི་མིང་དུ་མ་བྱུང་བས་དེ་རྣམས་སྐབས་དེ་དུས་གུང་ཐང་རྒྱལ་བློན་དང༌། གློ་བོའི་དཔོན་བློན་སོགས་ཀྱི་བཙུན་མོ་དང༌། དཔོན་མོ་སོགས་ཡིན་སྲིད’ཅེས་པ་བཞིན། དངོས་གནས་གློ་བོའི་བྲག་ཕུག་དག་ནི་གནའ་བོའི་དཔེ་རྙིང་གི་མཛོད་ཆེན་ཞིག་དང་། མི་རུས་སྣང་བརྙན་གྱི་གསང་ཕུག་ཅིག རྒྱལ་བློན་སྔོན་བྱོན་གྱི་གཞིས་ཀ་ཞིག་དང་མཚུངས་ཏེ། གློ་བོའི་མི་རབས་ཐོག་མ་རི་མི་ཞེས་པས་བྲག་ཕུག་དུ་གནས་བཅས་པ་དང་། བོན་དང་བན་གྱི་སྒོམ་ཆེན་མང་པོའང་བྲག་ཕུག་ལ་སྒོམ་དུ་བཞུགས་པ། དེ་མིན་སྐབས་འགར་གཞན་གྱི་དམག་གི་འཇིགས་པར་གཡོལ་ཆེད་རྒྱལ་པོ་འཁོར་བཅས་ཀྱང་བྲག་ཕུག་ཏུ་ཡིབ་སྡོད་བྱས་པ་སོགས་མདོར་གློ་བོ་དང་བྲག་ཕག་བར་དུ་དངོས་ཡོད་གཏམ་རྒྱུད་ཀྱི་བྱུང་བ་མང་ཞིང་། དངོས་མེད་ཀྱི་སྒྲུང་བཏགས་ཀྱི་མཚར་སྣང་འདྲེས་ཡོད་པས། གློ་བོའི་བྲག་ཕོག་གི་གཏམ་རྒྱུད་དངོས་ནི་འདི་ལྟར་བཤད་ཐུབ་པ་ཞིག་གང་ནས་ཡིན་ཨང་།
གློ་བོ་རྫོང་གསར་ནས་ཚུགས་བཟང་བར་སྤྱི་ལེ15དང་། ཚུགས་བཟང་ནས་ས་དམར་དམར་གྲོང་ཚོར་སྤྱི་ལེ་10དང་། ས་དམར་ནས་སྨོན་ཐང་ལ་སྤྱི་ལེ50མ་གཏོགས་མེད་ཀྱང་། བྲག་གཡང་དང་ལམ་འགག་དོག་པོ་ཏག་ཏག་གི་ཁེར་ལམ་དེད་ནས་འགྲོ་དགོས་སྟབས་རླངས་འཁོར་ཉིན་ལམ་གཅིག་རེད་འདུག ཐེངས་འདིའི་གློ་བོའི་ཡུལ་སྐོར་གྱི་འགྲོ་རོགས་གྲོགས་པདྨ་དགོས་འབྱོར་དང་ངེད་གཉིས་ཀྱིས་གློ་བོ་རྫོང་གསར་དང་། ཚུགས་བཟང་། ས་དམར། བཟང་མོ་ཅན། མཆོད་དཀར། སྒེར་ལུང་། གད་སྨད། རྩེ་རང་། སྨོན་ཐང་། ཚོ་ཤར་བཅས་གློ་བོ་སྟོད་སྨད་གཉིས་ཀྱི་ས་ཁུལ་བཅུ་དང་།
ཚུགས་བཟང་སྒང་དགོན་པ། རྩེ་རང་ས་སྐྱ་དགོན། སྨོན་ཐང་ཆོས་སྡེ་དགོན། བྱམས་པ་དགོན། ཐུབ་ཆེན་དགོན། ཚོ་ཤར་ས་སྐྱ་དགོན། མགར་ཕུག་བསམ་གཏན་ཆོས་གླིང་བཅས་དགོན་རྙིང་བདུན་དང་། བོན་གྱི་དགོན་ཤུལ་དང་མཆོད་རྟེན་གྱི་ཤུལ་དུ་མ། གྲོང་ཁྱིམ་བཅུ་བཞི། ཚོ་ཤར་ཕུག་ཆེན། སྣང་གསལ་ཕུག་སོགས་གློ་བོའི་ཡུལ་ལུང་དང་དགོན་སྡེ། དགོན་ཤུལ་སོགས་ལ་དངོས་བསྐྱོད་ཀྱི་ཡུལ་སྐོར་མདོ་བསྡུས་ཤིག་གྲུབ་ཅིང་། ཉིན་དེ་དག་རིང་གློ་བོའི་ཡུལ་གྱི་གྲྭ་བ་དང་། གྲོང་མི་ཕལ་བ་ར་རྫི་དང་། ཆང་འཐུང་བ། ལྷ་བཟོ་པ། དམངས་གླུ་ལེན་མཁན། ཇ་ཁང་གཉེར་མི་སོགས་མི་གྲངས་ཉི་ཤུ་ལྷག་ལ་ཐུག་འཕྲད་དང་ཅི་འཕྲོས་མོལ་འཕྲོས་ཀྱི་ཁ་བརྡ་བྱས། ད་ཐེངས་གློ་དགེ་དཀར་དགོན་དུ་བསྐྱོད་མ་ཐུབ་པ་དང་། བར་ལམ་བྲག་ཕུག་ནས་བཏོན་པའི་ཆོས་སྡེ་དགོན་གྱི་དཔེ་རྙིང་ཁག་ལ་མ་མཇལ་པ། སྨོན་ཐང་དགོན་རྙིང་གཉིས་ཀྱི་ལྡེབས་རིས་མཇུག་གི་གསེར་ཡིག་ཚིགས་བཅད་དག་ལ་རྩར་གཅོད་མ་ནུས་པར་ཕངས་སེམས་སྐྱེས་ཡོད། ད་དུང་གློ་བོར་ཐེངས་གཅིག་དང་གཉིས་ལ་བསྐྱོད་འདོད་ཀྱི་སྨོན་པ་དང་བཅས་ཕྱི་ལོ2017ལོའི་ཟླ4ཚེས8ཉིན་ཟིན་ཐོའི་རྣམ་པ་ཙམ་གྲུབ་པར་བྱས།
རྫ་སྐྱེས་ཕུར་བ་ལགས། སྐུ་ཉིད་ནས་”འཐག་པའམ་ཐ་ཀ་ལིའི་ཡུལ་ནས་ཐོན་པའི་དམིགས་བསལ་ཟས་རིགས་ཤིག་ཡོད་ལ། དེའི་མིང་དུ་རྒྱ་གར་དང་བལ་པོ་བ་མང་པོས་ཐ་ལི་ཞེས་འབོད་བཞིན་པ་དང་། ཐ་ཀ་ལི་ཞེས་པའི་བསྡུས་མིང་ཙམ་ཡིན་འདུག ལྡི་ལི་མཎྜལ་བོད་ཟས་ཁང་སོགས་ཀྱི་ཟས་ཐོའི་ནང་དུ་བོད་ཀྱི་ཐ་ལི་དང་། ནེ་པཱལ་གྱི་ཐ་ལི་ཞེས་ཐ་ལི་རིགས་གཉིས་གསུམ་ཞིག་བྲིས་ཡོད་པ་མཐོང་།” ཞེས་པའི་ཐད། ཐ་ལི་ནི་ཐ་ཀ་ལིའི་བསྡུས་མིང་ཞིག་མ་རེད། དེ་ནི་རྒྱ་གར་ལྷོ་ནུབ་ཀྱི་མངའ་སྡེ་ཁག་དང་ལྷག་པར་དུ་ལྷོ་ཕྱོགས་མངའ་སྡེ་བཞིའི་ནང་དར་ཁྱབ་ཆེ་བའི་ཟས་རིགས་སྣེ་གྲངས་སམ་གྲུབ་ཆ་ཞིག་གི་མིང་རེད། དེ་ལས་གསལ་བ་བརྗོད་ན། ཐ་ལེ་ནི་རྒྱ་གར་སྐད་ཀྱི་སྡེར་མའི་མིང་གི་རྣམས་གྲངས་རེད་ལ། སྡེར་མ་དེའི་ནང་སྲན་ཁུ་དང་ཚལ་རིགས། ཞོ་སོགས་གྲུབ་ཆ་ཆ་ཚང་བ་ཞིག་ལ་ཐ་ལི་ཞེས་འབོད་པ་ལས། དེ་བལ་བོད་ས་མཚམས་སམ་བལ་ཡུལ་གྲོང་གསེབ་ཀྱི་ཐ་སྙད་ཅིག་ལྡི་ལི་མན་ཇུ་ཀྲི་ལར་སླེབས་པ་ལྟ་བུར་འདོད་པ་དེ་གང་འདྲ་ཡིན་ནམ།
་་་་་་་་ རྒྱལ་བརྒྱུད་ཐོག་མ་ལྷ་ནས་མཆེད་ཚུལ་དང་། ལྷ་ནས་བཙན་ལ་མཆེད་ཚུལ། བཙན་ནས་དམུ་ལ་མཆེད་ཚུལ། དམུ་ནས་མི་ལ་མཆེད་ཚུལ་སོགས་ངོ་མཚར་གྱི་བྱུང་རབ་དང་། ་་་་་་་་་
་་་་་་་་་ སེ་རིབ་ཅེས་པ་འཐག་པ་ལ་གོ་བ་ཡིན་ནམ། ཡང་ན་དོན་གཞན་ལ་འཇུག་རྩད་ཆོད་མ་ཐུབ། ་་་་་
སེ་རིབ་ལ་དཔྱད་པ།
ཚིག་མཛོད་ལས། སེ། བོད་ཀྱི་ལོ་རྒྱུས་ཐོག་སྤྲ་ནས་མིར་གྱུར་པའི་ཐོག་མའི་དུས་སྐབས་ཀྱི་རུས་རྒྱུད་བཞིའི་གྲས་ཤིག
རིབ་ནི། རིམ་མ་སྟེ། རྡོ་ཤིང་དང་ཚེར་མས་གྱང་གི་བསྐོར་བའི་ར་བ་ལ། ཚལ་ཞིང་རྣམས་རིམ་མས་བསྐོར་བ་ལས་མིང་ཐོགས་སྲིད་པས་དཔྱད་པར་འཚལ།
ཚིགས་བཅད་ཅིག་ལ།
གཞན་ཕན་སེམས་ཀྱི་འོད་སྟོང་ཅན།།
སྙིང་སྟོབས་ཆེན་པོའི(བར་ནས་འབྲི་གཅིག་མི་གསལ)ལྗང་གིས།།
འགྲོ་བའི་མ་རིག་མུན་སེལ་དཔལ།།
སེམས་དཔའ་མཆོག་འདིའི་དགེ་ལེགས་འགྲུབ།། ཅེས་བྲིས་འདུག་
འདི།
གཞན་ཕན་སེམས་ཀྱི་འོད་སྟོང་ཅན།།
སྙིང་སྟོབས་ཆེན་པོའི་རྟ་ལྗང་གིས།།
འགྲོ་བའི་མ་རིག་མུན་སེལ་དཔལ།།
སེམས་དཔའ་མཆོག་འདིའི་དགེ་ལེགས་འགྲུབ།། ཅེས་བྲིས་ཡོད་པའང་སྲིདད།
གློ་ཡུལ་འགྲུལ་བསྐྱོད་ཟིན་བྲིས་འདིའི་རིགས་ནི། བོད་ཀྱི་ལོ་རྒྱུས་དང་། བོད་ཡིག་ཤེས་པ་དང་། བོད་ཡིག་ཀློག་གོམས་པ་ལ་ཕན་ཐོགས་ཤིནད་ཏུ་ཆེའོ།།
ལྗོངས་རྒྱུའི་གནས་ཚུལ་གསལ་པོར་བྲིས་གནང་བར་དགའ་བོ་བྱུང་། ཡུལ་དངོས་ཀྱི་གནས་ཚུལ་མང་པོ་ཞིག་གོ་བྱུང། སྤྱིར་སྟངས་བྱས་ན་ངས་ཀྱང་དེར་ཕྱོགས་སུ་ཕྱིན་པས་རྒྱུས་མངའ་མང་ཙམ་ཡོད། པོག་ཀ་ར་ནི་གྲོང་གསེབ་ཆུང་ངུ་ཞིག་མིན་པར་བལ་པོའི་རྒྱལ་ཁབ་ཀྱི་རྒྱལ་ས་ཆེ་ཤོས་ཨང་རིམ་གཉིས་པ་དེ་རེད། དེ་ནས་འཛོམ་གསུམ་མམ་རྫོང་གསར་པ་ལ་བལ་པོ་དང་ཕྱི་རྒྱལ་བ་ཚོས་jomsom ཞེས་འབྲི་བཞིན་ཡོད། ཐ་ཀ་ལི་ཞེས་པ་ནི་ཐགས་ཀྱི་ཡུལ་སོམ་པོ་དང་ཀྲུག་ཆེད་མར་པ་སོགས་ལ་ཟེར། ཁོང་ཚོའི་སྐད་དུ་ཞང་ཞུང་གི་སྐད་ཤིན་ཏུ་ནས་མང། སེ་སྐད་མིན་པར་སད་སྐད་བརྗོད་དགོས། སད་ཅེས་པ་ནི་ཞང་ཞུང་གི་སྐད་དུ་ལྷ་ལ་ཟེར་བས་དོན་ལ་ལྷ་སྐད་དམ་གཙང་མ་ལྷ་ཡི་སྐད་ཅེས་བཤད། དོལ་པོ་སྨད་ཀྱི་ཡུལ་ཏི་ཆུ་རོང་ཞེས་པའི་སྐད་དུའང་ཞང་ཞུང་གི་སྐད་མང་དུ་ཡོད
ཅིང། ཁོང་ཚོའི་སྐད་ལ་ཀལ་སྐད་ཅེས་བཤད་པས་དེ་ཡང་ཀ་ལ་པིངྒ་ལྷ་ཡི་སྐད་ཅེས་པའི་དོན་ཡིན། གློ་བོའི་ཡུལ་ཁམས་འདི་ནི་སྔར་ཞང་ཞུང་གི་ཡུལ་ཁམས་ཞིག་ཏུ་མ་ཟད་བོན་ཆོས་ཧ་ཅང་གི་དར་ཁྱབ་ཆེན་པོ་བྱུང་མྱོང་བའི་གནས་ཚུལ་ཡོད། ད་ལྟ་ཁོང་ཚོའི་ཁྱིམ་ཚང་རྙིང་པ་ཕལ་ཆེ་བས་ལོ་ལྟར་བོན་ལུགས་ཀྱི་ཆོ་གའི་ཞབས་བརྟན་བསྒྲུབ་བཞིན་ཡོད། འོན་ཀྱང་ཕྱིས་སུ་ཆོས་རྒྱུད་རྙིང་མ་ཤུགས་ཆེར་དར་བ་དང་དེ་རྗེས་ས་སྐྱའི་ཆོས་ལུགས་ཤུགས་ཆེན་པོར་དར་བ་ཞིག་རེད་འདུག ཁྱེད་ཀྱིས་གློ་བོའི་ཡུལ་སྡེའི་མིང་མང་དུ་བྲིས་འདུག་མོད། དེའི་ནང་དུ་ཆུ་མིག་བརྒྱ་རྩ་དང་ཉེ་སར་ཡོད་པའི་ད་ལྟ་གློ་ཡུལ་དུ་བོན་གྱི་ལྷ་སྡེ་ཁམས་གཙང་གཅིག་པོ་ཡོད་པ་དེ་ཁྱེད་ཀྱིས་འབྲི་རྒྱུ་ཆད་འདུག་བསམ་བྱུང། གཅིང་བྱས་ན་ངས་ཞིབ་ཕྲ་མ་བཀླགས་པའི་སྐྱོན་ཡིན་སྲིད། ད་དུང་ཁྱེད་ཀྱིས་བྲིས་པའི་ས་མིང་དང་ཡུལ་མིང་སོགས་ལ་འབྲི་སྟངས་ཏག་ཏག་མེད་པ་ཁ་ཤས་ཞིག་འདུག པག་ལིང་དང་་་ཕན་ལག། དང་དཀར་རྫོང།
སེ་རབ་དང་། སེ་སྐད་ལ་འབྲེལ་བ་ཆེ་ཡང་། འཐག་མཁན་ལ་ཐ་ག་པ་ཟེར་ཡང་། འདི་ཐ་ཀ་ལི་དང་། འབྲེལ་བ་ཡོད་མེད་མི་ཤེས།
གནའ་བོའི་རིག་གནས་དང་འབྲེལ་བའི་འགྲུལ་ཐོའི་ཟིན་བྲིས་འདི་བཀླགས་པར་ཧ་ཅང་དགའ་ཡོད། ལེགས་པར་རྒྱུས་མངའ་གནང་བར་བཀའ་དྲིན་ཆེ།
མཆན་དྲུག་པར་བསྟོད་དོ།།
མུ་མཐུད་བཀླག་ངེས་ཡིན། བཀྲིས་བདེ་ལེགས། རིག་གཞུང་དངོས་ཀྱི་ཞབས་ཞུ་ཟེར་བ་འདི་འདྲར་ཟེར་བ་རེད། བཀྲིས་བདེ་ལེགས།
ཆུ་མིག་བརྒྱ་རྩ་འདི་ལོ་རྒྱུས་ཐོག་ནས་སྔོན་ཆད་ཡིན་ན་བོན་པོའི་གནས་ས་རྩ་ཆེན་ཞིག་རེད་འདུག ཡིག་ཆ་རྙིང་པ་མང་པོར་གསལ་ཡོད། དེར་མ་ཚད་གནས་ས་གནས་ཡུལ་དེ་ཚོ་བོད་བཙན་པོའི་རྒྱལ་ཁབ་ཀྱི་ས་ཁོངས་ཡིན་པ་རེད། རྗེས་སུ་བན་དེའི་ཆོས་ཚན་སླེབས་ནས་ཁོང་ཚོས་ཀྱང་གནས་ཡིན་ས་ཡིན་མདོག་བྱས་ཡོད་མོད། ཡིན་ནའང་དེང་སང་གནས་ས་ཕལ་ཆེར་རིག་བྱེད་པ་ཚོས་བདག་བཟུང་ནས་བོན་བན་གཉིས་ཀ་ཨམ་ཀྲོང་ངེར་ལྟ་སྡོད་ཡ་མ་གཏོགས་གཞན་ཅི་ཡང་བྱེད་མི་ཐུབ་པའི་མུ་ལ་གྱར། ང་ཚོའི་གནས་སྟངས་ངོ་མ་དེ་འདི་འདྲ་ཞིག་རེད།
ད་དུང་ག་ལེར་ག་ལེར་དུས་གང་མཚམས་ཤིག་ནས་གངས་ཏི་སེ་དང་མཚོ་མ་པང་གི་གནས་ས་གནས་ཡུལ་དེ་ཚོ་ཡང་འདི་ལྟར་མི་འགྱུར་བའི་ངེས་པ་མེད།
ཀླད་སྟོང་ཚོས་བསམ་བློ་ཡག་པོ་གཏོང་ཤོགས་ཨ། །།
གློ་ཆུ་མིག་བརྒྱ་ཚ་འདི་གནས་བྱིན་རླབས་ཅན་ཞིག་ཡིན་པ་ཐེ་ཚོམས་མི་འདུག ང་རང་ལོ་བརྒྱད་དགུ་ཙམ་ལ་ཕའི་མཉམ་དུ་ལན་གཅིག་དང་། ལོ་བཅུ་གཉིས་བཅུ་གསུམ་ཙམ་ལ་སྤུན་མཆེད་མཉམ་དུ་ལན་གཅིག་བཅས་ལན་གཉིས་ཙམ་མཇལ་མྱོང་། གནས་དེར་ས་རྡོ་ལ་མེ་འབར་བ་དང་། ཆུ་ལ་མེ་འབར་ཞེས་པའི་གནས་ཤིག་ཀྱང་མཇལ་བ་དྲན། དེ་གཉིས་སླར་ཡང་དྲན་དུས་དེ་གཉིས་ལ་ཐེ་ཚོམས་་ཅུང་ཟད་སྐྱེ་བཞིན་འདུག
ངོ་དེབ་ལས།
་
འབྲུག་ཡུལ་གྱི་ལོ་རྒྱུས་སྐྱ་ཐིག།
འབྲུག་ཡུལ་གྱི་གཞུང་འབྲེལ་སྐད་ཡིག འབྲུག་ཡུལ་ནི་སྐད་རིགས་སྣ་ཚོགས་ཡོད་པའི་ཡུལ་ལུང་ཞིག་ཡིན་ཞིང་། དུས་ད་ལྟའང་འབྲུག་ཡུལ་བྱིངས་ལ་སྐད་རིགས་སམ་སྐད་ལུགས་མི་འདྲ་བ་བཅོ་བརྒྱད་ཙམ་ཡོད། འོན་ཏེ། གཞུང་འབྲེལ་གྱི་སྐད་ཡིག་ནི་རྫོང་ཁ་(བོད་ཡིག)ཞེས་པ་ཡིན་ལ། དེ་ནི་འཇིག་རྟེན་རྙིང་བའི་དུས་སུ་འབྲུག་དབུས་གཞུང་ངམ་རྒྱལ་སའི་མི་དམངས་ཀྱིས་སྤྱོད་པའི་སྐད་ཡིག་ཅིག་ཡིན་པ་དང་། ཕྱིས་སུ་རིམ་གྱིས་གཞུང་འབྲེལ་སྐད་ཡིག་ཏུ་གྱུར།
རྫོང་ཁའི་ཡི་གེ་ནི་དཔེར་ན། འགྲོ་བ་མི་རིགས་ག་ར་དབང་ཆ་འདྲ་མཏམ་འབད་སྒྱེཝ་ལས་ག་ར་གིས་གཅིག་གིས་གཅིག་ལུ་སྤུན་ཆའི་དམ་ཚིག་བསྟན་དགོ། ཞེས་པ་དེའི་དོན་བོད་སྐད་དུ། གནམ་འོག་གི་སྐྱེ་བོ་ཡོད་ཚད་ལ་སྐྱེ་དུས་ནས་རང་དབང་དང་ཐོབ་ཐང་དང་ཆེ་མཐོང་སོགས་འདྲ་མཉམ་དུ་ཡོད་ལ། དེ་དག་ནི་གནས་ལུགས་དང་ཤེས་བཞིན་གྱིས་སྤྲད་པས། སྐྱེ་བོ་ཀུན་གྱིས་ཕན་ཚུན་ལ་སྤུན་མཆེད་ཀྱི་འདུ་ཤེས་འཛིན་དགོས། (འགྱུར་འདི་ནི་དབྱིན་ཡིག་གི་ནང་དོན་གཞིར་བཞག་སྟེ་བསྒྱུར་པ་ཡིན།)
འབྲུག་པའི་བོད་ཡིག་ཀློག་སྟངས།
(སྒྲ་ཕབ་འདིའི་ཀློག་བྱ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཨི་ཨུ་ཨེ་ཨོ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ། ཀླ་གླ་བླ་ཟླ་རླ་སླ། རྐྱ་རྒྱ་རྨྱ། སྐྱ་སྒྱ་སྤྱ་སྦྱ་སྨྱ། སྐྲ་སྒྲ་སྤྲ་སྦྲ་སྨྲ། ཀག་ཀང་ཀད་ཀན་ཀབ་ཀམ་ཀའ་ཀར་ཀལ་ཀས་ལགས། གཅོད་གཉིས་གཏིང་གདགས་གནོངས་གཙབས་གཞིགས་གཟིགས་གཡོར་གཤིན་གསུངས་དཀོན་དགག དངོས་དཔོན་དབང་དམོད་དཀྱིལ་དགྱེ་དཔྱོད་དབྱངས་དམྱལ་དཀྲིག་དགྲ་དཔྲལ་དབྲོལ། བཀག་བགགས་བཅག་བཏག་བདག་བཙག་བཞག་བཟའ་བཤག་བསག་བརྐམ་བརྒད་བརྔད་བརྗོད་བརྙན་བརྟག་ བརྡ་བརྣག་བརྩད་བརྫང་བསྐང་བསྒག་བསྔགས་བསྙག་བསྟད་བསྡད་བསྣན་བསྩལ་བརྐྱག་བགྱང་ བཀྲ་བགྲག་བསྲང་བཀླག་བཟླ་བརླ་བསླང་བརྐྱང་བརྒྱ་བསྐྱང་བསྒྱར་བསྐྲད་བསྒྲིགས། མཁའ་མགར་མངག་མཆན་མཇལ་མཉམ་མཐའ་མདང་མནག་མཚང་མཛད་མཁྱེན་མགྱོགས་མཁྲང་མགྲིན། འཁུར་འགག་འཆད་འཇུག་འཐག་འདག་འཕང་འབག་འཚོ་འཛག་འཁྱོག་འགྱང་འཕྱོ་འབྱང་འཁྲང་ འགྲང་འདྲ་འཕྲག་འབྲི་འབྲོག་ཧྥ།)
གདོད་མའི་འབྲུག་ཡུལ།
དེ་ཡང་སྤྱི་ལོའི་སྔོན་གྱི་ལོ ༡༥༠༠ ཡས་མས་ཀྱི་འབྲུག་པའི་འཚོ་བ་ནི་ཕྱུགས་ལས་ལ་བརྟེན་གྱིན་ཡོད་ཅིང་། དེའི་རྗེས་ཏེ་སྤྱི་ལོའི་དུས་རབས་བདུན་པར་འབྲུག་ཡུལ་དུ་རྒྱ་གར་ནང་20161101བསྟན་དར་མགོ་ཚུགས་པ་དང་། དུས་རབས་བརྒྱད་པར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནང་བསྟན་འབྲུག་ཡུལ་དུ་སྤེལ་བར་སྐུལ་སློང་ཆེན་པོ་བྱས་པས་ནང་བསྟན་རིག་གནས་ནི་འབྲུག་པའི་འཚོ་བ་དང་རིག་གནས་ལ་ཤ་ཐིམ་ཁྲག་ཐིམ་དུ་གྱུར། འབྲུག་པ་རྣམས་དུས་རབས་མང་བོའི་རིང་ལ་སིལ་བུར་གནས་མོད། འོན་ཀྱང་སྤྱི་ལོ ༡༦༡༦ ལོར་ངག་དབང་རྣམ་རྒྱལ་(བོད་མི་ཡུལ་གྱར་བ་ཞིག)བྱ་བ་ཞིག་འབྲུག་པའི་ཆོས་ཀྱི་དབུ་ཁྲིད་དུ་གྱུར་ཅིང་། ཁོང་གིས་(Shabdrung) ཞབས་དྲུང་རིན་པོ་ཆེ་ཞེས་པའི་མཚན་བྱང་འོག་ནས་འབྲུག་ཡུལ་འདི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར། དེ་མ་ཟད་ཁོང་གིས་འབྲུག་གི་ཆོས་སྲིད་ཁ་ཁར་ཕྱེ་སྟེ་ཞབས་དྲུང་ཆོས་ཀྱི་དབུ་ཁྲིད་དང་སྡེ་སྲིད་སྲིད་ཀྱི་རྗེ་བོར་བསྐོས་ཏེ་སྲིད་ཕྱོགས་ཀྱི་ལས་དོན་ཡོད་རྒུ་ཁོང་ལ་སྒྲུབ་ཏུ་བཅུག
གཞན་ཡང་སྤྱི་ལོ ༡༦༢༧ ལོར་འབྲུག་ཡུལ་དུ་ཕོ་ཆུ་རྒོའི་ཡི་ཤུའི་ཆོས་པ (Portuguese) གཉིས་བསླེབས་ཤིང་། ཁོང་གཉིས་ནི་ལོ་རྒྱུས་སྟེང་འབྲུག་ཡུལ་དུ་ཡོང་མཁན་གྱི་ཡོ་རོབ་པ་ཐོག་མ་ཡིན། ཡང་ཅིག་བཤད་ན། དུས་རབས ༡༨ པ་ནི་འབྲུག་གི་ཆབ་སྲིད་ལ་བརྟན་བརླིང་མེད་པར་དཀའ་ངལ་གྱིས་བཙུར་པའི་དུས་སྐབས་ཤིག་སྟེ། སྐབས་དེར་འབྲུག་པ་ཚོས་ནང་ཁུལ་ནས་སྡེ་སྲིད་མང་བོ་ལྐོག་གསོད་བགྱིས་ཤིང་། ཕྱི་ཕྱོགས་ནས་དབྱིན་ཇིའི་སྟོབས་ཤུགས་རྒྱ་གར་དུ་བསླེབས་པས་སྤྱི་ལོ ༡༧༧༤ ལོར་འབྲུག་གིས་དབྱིན་ཇི་དང་མཉམ་དུ་ཆིངས་ཡིག་ཐོག་མ་དེ་མི་འཇོག་ག་མེད་བྱུང་། ད་དུང་སྤྱི་ལོ ༡༨༦༤ ལོར་དབྱིན་འབྲུག་གཉིས་ཀྱིས་སྒྲོར་སུ་ (Duars) བྱ་བའི (འབྲུག་ཡུལ་གྱི་རི་དམའ་ཤོས་འགའ) ས་ཆ་ཞིག་བརྩད་ནས་དམག་འཁྲུག་བྱས་ཤིང་མཐར་ས་ཆ་དེ་དབྱིན་ཇིར་ཤོར།
དེང་དུས་ཀྱི་འབྲུག་ཡུལ།
དེ་ཡང་སྤྱི་ལོ ༡༩༠༧ ལོར་ཨོ་རྒྱན་དབང་ཕྱུག་འབྲུག་ཡུལ་གྱི་རྒྱལ་བོར་བསྐོས་ཤིང་། སྤྱི་ལོ ༡༩༡༠ ལོར་དབྱིན་འབྲུག་གཉིས་ཀྱི་བར་ལ་ཆིངས་ཡིག་ཅིག་བཞག དེ་ནི་དབྱིན་ཇིས་འབྲུག་གི་20161102ཕྱི་འབྲེལ་མ་གཏོགས་ནང་སྲིད་ལ་ཐེ་གཏོགས་མ་བྱས་ཚེ་འབྲུག་པས་ཀྱང་གྲོས་ཆོད་དེ་དང་ལེན་བྱ་རྒྱུར་ཁས་བླངས་པའི་སྐོར་ཡིན།
སྤྱི་ལོ ༡༩༤༧ ལོར་རྒྱ་གར་ལ་དབྱིན་བཙན་རྒྱལ་རིང་ལུགས་ཀྱི་འོག་ནས་རང་བཙན་ཐོབ་ཅིང་། ལོ་དེར་རྒྱ་འབྲུག་གཉིས་ཀྱི་བར་ལ་ཡང་ཆིངས་ཡིག་ཅིག་བཞག དེའི་ནང་ལ་གལ་ཏེ་འབྲུག་པ་ཚོས་ནང་ཁུལ་གྱི་ལས་དོན་རྒྱ་གར་གྱི་བཀོད་པ་ལྟར་བསྒྲུབ་ཚེ་རྒྱ་གར་གྱིས་ཀྱང་འབྲུག་གི་དོན་དག་ལ་ཐེ་གཏོགས་ཡེ་ནས་མི་བྱ་ཞེས་བཀོད་ཡོད།
གཞན་ཡང་སྤྱི་ལོ ༡༩༦༠ ནང་ལ་འབྲུག་པའི་རྗེས་ལུས་ཀྱི་རྣམ་པ་མཇུག་རྫོགས་ཤིང་། སྤྱི་ལོ ༡༩༦༢ ལོར་འབྲུག་རྒྱལ་ཁབ་ཁོ་ལུམ་པོའི (Colombo Plan) འཆར་གཞིའི་ནང་དུ་ཞུགས། སྤྱི་ལོ ༡༩༦༩ ལོར་འབྲུག་རྒྱལ་ཁབ་རྒྱལ་སྤྱིའི་སྦྲག་སྲིད་མཐུན་ཚོགས་ (Universal Postal Union) ཀྱི་ནང་དུ་ཞུགས་པར་མ་ཟད། སྤྱི་ལོ ༡༩༧༡ ལོར་འབྲུག་རྒྱལ་ཁབ་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིར་ཡང་ཞུགས་ཤིང་། འབྲུག་རྒྱལ་གྱིས་རྒྱལ་ཁབ་ཀྱི་རྒྱལ་ཚོགས་དང་དམག་སྒར་བཅས་གསར་འཛུགས་བྱས། སྤྱི་ལོ ༡༩༩༩ ལོར་ཐོག་མར་འབྲུག་ཡུལ་དུ་རྒྱང་བསྒྲགས་བརྙན་འཕྲིན་འཛུགས་ཆོག་པའི་ཆོག་མཆན་ཐོབ། དེ་ལྟར། དུས་རབས་ཉེར་གཅིག་པའི་སྟོད་ལ་འབྲུག་རྒྱལ་ཁབ་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར། སྤྱི་ལོ ༢༠༠༥ ལོར་འབྲུག་རྒྱལ་བོས་རྩ་ཁྲིམས་གསར་བ་འགའ་ཁྱབ་བསྒྲགས་བྱས་ལ། སྤྱི་ལོ ༢༠༠༨ ལོར་འབྲུག་ཡུལ་དུ་དམངས་གཙོའི་གྲོས་ཚོགས་ཀྱི་འོས་བསྡུ་ཐོག་མ་བསྐོངས། མདོར་ན་དེང་དུས་ཀྱི་འབྲུག་ཡུལ་ནི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་ཞིང་བཟོ་གྲྭ་ཚང་མའང་ཁྱིམ་ལས་བཟོ་གྲྭ་(ས་གནས་རང་གི་བཟོ་གྲྭ) (cottage industry) ཡིན། འབྲུག་རྒྱལ་ཁབ་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༧༠༠ དང་མི་འབོར་ ༡༦༨༩༠༠༠ ཡོད་ཅིང་། མི་བཅུ་བཞིར་སྤྱི་ལེ་གྲུ་བཞི་མ་ ( square kilometer,) གཅིག་རེ་ཐོབ་ཅིང་། དེ་ནི་ འཛམ་གླིང་གི་མི་གྲངས་ཉུང་ལ་ས་སྐལ་ཆེ་ཤོས་ཀྱི་ཡུལ་ཞིག་ཞིག་ཡིན་ནོ། །
སྔ་ལོང་ཞེས་པའི་བོད་རིགས།
ལར་འབྲུག་ནི་མི་རིགས་མང་བོས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ཡང་དེའི་ནང་དུའང་བྱེ་བྲག་གི་མི་རིགས་གྲངས་མང་གཙོ་བོ་འགའ་ཡོད། དེ་དག་ནི་སྔ་ལོང་། (Ngalop) ཤར་ཕྱོགས། (Sharchop) གཉུག་རིགས། ལྷོ་མཚམས་པ། (Lhotsampa) ཉེ་རབས་བོད་མི་བྱེས་པ་སོགས་ཡིན། དེ་ལས་སྔ་ལོང (སྔ་མོ་ནས་སླེབས་མཁན་ཞེས་པའི་བརྡ་ཡིན།) བྱ་བའི་རུས་ཚན་འདིའི་རིགས་རུས་བོད་ཡིན། དེ་ནི་སྤྱི་ལོ ༨༢༤ ལོར་བོད་རྒྱལ་རལ་བ་ཅན་གྱིས་འབྲུག་ཡུལ་དུ་དམག་བརྒྱབ་ཅིང་དེའི་རྒྱལ་བོ་(སྐབས་དེར་འབྲུག་ཡུལ་དབང་སྒྱུར་མཁན་ཏེ་རྒྱ་གར་གྱི་རྒྱལ་བོ་ཞིག)རྒྱ་གར་དུ་མཐར་བསྐྲད། དེའི་རྗེས་བོད་དམག་རྣམས་ཀྱང་དེར་སྡོད་དུ་བཅུག་སྟེ་མིང་ལའང་མི་ལོག་(རྒྱལ་བོའི་བཀའ་མི་ལྡོག་ཅེས་པའི་དོན།)ཅེས་བཏགས། མ་ཟད་སྤྱི་ལོ ༨༤༢ ལོར་གླང་དར་གྱིས་རལ་བ་ཅན་བཀྲོངས་རྗེས་ཆོས་ལུགས་དང་ཆབ་སྲིད་ཀྱི་གནད་དོན་མང་བོའི་རྐྱེན་གྱིས་བོད་མི་རྣམས་མུ་ནས་འབྲུག་ཡུལ་ལ་སྐྱབས་བཅོལ་དུ་སོང་། མཐར་དུས་རབས ༡༡ ནང་དུ་བོད་དང་སོག་པོའི་དམག་གིས་ད་ལྟའི་འབྲུག་ཡུལ་གྱི་ས་ཆ་ཡོངས་རྫོགས་དབང་བསྒྱུར་ཅིང་། སྔ་ལོང་རིག་གཞུང་གོང་འཕེལ་དུ་བཏང་། དེ་དག་གི་མིང་ལ་བྷོད (Bhote) (བོད་ཅེས་པའི་དོན།) ཅེས་འབོད་ལ། དེས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་སོགས་འབྲུག་ཡུལ་དུ་ཁྱབ་སྤེལ་ཆེན་པོ་བྱས་པས་དུས་དེང་སང་ཡང་བོད་ཀྱི་ནང་བསྟན་ཆོས་ལུགས་དང་རིག་གཞུང་སོགས་འབྲུག་པའི་ སྲིད་འབྱོར་རིག་གསུམ་གྱི་ཕྲ་ཕུང་གཙོ་བོ་ཞིག་ཏུ་གྱུར་ཡོད། ཡང་ཅིག་བཤད་ན། འབྲུག་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ནི་རྫོང་ཁ་ (བོད་ཡིག) ཡིན་ཞིང་། དེ་ནི་བོད་ཀྱི་བརྡ་རྙིང་ལས་བྱུང་བར་གྲགས། མདོར་ན་སྔ་ལོང་ནི་རྫོང་ཁའི་སྐད་ཡིག་སྤྱོད་རྒྱུགས་ཆེ་བའི་ས་ཆ་ཐིམ་ཕུག (Thimphu) (རྒྱལ་ས) སོགས་འབྲུག་ཡུལ་ནུབ་རྒྱུད་དང་བྱང་རྒྱུད་དུ་གནས་ཡོད།
་་་་་་་་རྒྱལ་རྟགས།
20161104 འབྲུག་རྒྱལ་ཁབ་ཀྱི་རྒྱལ་རྟགས་ནི་མུ་ཁྱུད་རིན་པོ་ཆེས་བརྒྱན་ཅིང་བཟོ་དབྱིབས་སྒོར་མོ་ཅན་ཞིག་ཡིན། མུ་ཁྱུད་ཀྱི་ནང་གི་ཕྱོགས་གཡས་གཡོན་གཉིས་སུ་གྱེན་ལ་ལང་བའི་ཕོ་འབྲུག་མོ་འབྲུག་གཉིས་ཡོད། དེ་གཉིས་ཀྱི་བར་ན་རྡོ་རྗེ་རྒྱ་གྲམ་གཉིས་དང་འོག་ན་པདྨ་དང་སྟེང་ན་ནོར་བུ་འོད་འབར་ཞིག་ཡོད། རྡོ་རྗེ་ཆོས་སྲིད་གཉིས་བར་གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་གོ་ཞིང་། པདྨས་དྲི་མ་མེད་པ་མཚོན། ནོར་བུས་སྲིད་ཤུགས་མཚོན་ཞིང་། ཕོ་འབྲུག་དང་མོ་འབྲུག་གཉིས་དཔལ་ལྡན་འབྲུག་པའི་མཚན་བྱང་གི་ཚུལ་དུ་ལང་བས་འབྲུག་སྐད་ལྡིར་བ་ལྟ་བུའི་ཡུལ་འདིའི་བླ་ན་མེད་པའི་སྙན་གྲགས་ཕྱོགས་བཞིར་སྒྲོག་པ་མཚོན།
རྒྱལ་དར།
རྒྱལ་དར་གྱི་བཟོ་དབྱིབས་ནི་སྲིད་རིང་ལ་དཔངས་དམའ་བ། དབྱིབས་གྲུ་བཞི་ཡིན་ལ་ཁ་དོག་སེར་བོ་དང་དམར་སེར་གཉིས་ཀྱིས་གྲུབ་པ། ཁ་དོག་གཉིས་ཀྱི་མུ་མཚམས་ནི་གཡས་མཐོ་ས་ནས་གཡོན་དམའ་སར་གསེག་ལ་ཡོད་པ། སྟེང་གི་ཁ་དོག་སེར་བོ་ཕྱེད་ཀྱིས་དམངས་སྲོལ་དང་20161105སྲིད་དབང་གཉིས་ཏེ། བཀབ་ནེ་སེར་བོས་(འབྲུག་རྒྱལ་གྱིས་ལྭ་བའི་ཐོག་ལ་ནབ་པའི་གོས་སེར་བོ་དེའི་མིང་། )འབྲུག་རྒྱལ་བོ་མཚོན། འོག་གི་ཁ་དོག་དམར་སེར་ཕྱེད་ཀས་ནང་བསྟན་ཆོས་ལུགས་མཚོན་ཞིང་། སྒོས་སུ་འབྲུག་པ་བཀའ་བརྒྱུད་དང་རྙིང་མའི་གྲུབ་མཐའ་མཚོན། ཁ་དོག་གཉིས་མུ་མཚམས་སུ་གཡས་གཟུར་གཡོན་འཁྱོག་མེད་པར་རྒྱུ་བའི་འབྲུག་གིས་ཡུལ་འདིར་ཆོས་སྲིད་གཉིས་ལ་རིན་ཐང་འདྲ་མཉམ་སྤྲོད་པའམ། ཡང་ན་ཡུལ་འདིའི་མི་མང་དང་སྲིད་གཞུང་གཉིས་བར་གྱི་གལ་འགངས་ཆེ་བའི་མཐུན་སྒྲིལ་གྱི་སྟོབས་ཤུགས་མཚོན། གཞན་ཡང་འབྲུག་གི་ཁ་དོག་དཀར་པོས་གཡའ་དག་པའི་བསམ་པ་དང་སྦྱོར་བས་འབྲུག་ཡུལ་གྱི་རིགས་དང་སྐད་ཡིག་མི་གཅིག་པའི་འབྲུག་འབངས་རྣམས་གཅིག་གྱུར་བགྱིས་པ་མཚོན།འབྲུག་གི་སྡེར་མོའི་ནང་གི་ནོར་བུས་ཡུལ་འདིའི་བདེ་འཇགས་དང་སྲུང་སྐྱོབ་བམ། ཕུན་ཚོགས་སོགས་མཚོན། ད་དུང་ཨམ་གཙིགས་བསྡམས་པའི་འབྲུག་མཆུས་ནི་འབྲུག་ཡུལ་གྱི་སྲུང་མ་དག་གིས་ཡུལ་གྱི་བདེ་འཇགས་སྲུང་བར་དམ་བཅས་པ་མཚོན་ནོ། །
རྒྱལ་ཁབ་ཀྱི་གཅེས་ནོར།
འབྲུག་རྒྱལ་ཁབ་ཀྱི་གཅེས་ནོར་ནི་ར་རྒྱ་ཡིན་ཞིང་དེ་ནི་ཧ་ཅང་དཀོན་པའི་འོ་མཐོང་གི་རིགས་ཤིག་ཡིན། 20161109དེ་ནི་ཡུལ་འདིའི་ཆོས་ལུགས་ལོ་རྒྱུས་དང་འབྲེལ་བའི་གཅེས་ནོར་ཞིག་ཀྱང་ཡིན་ལ། དེ་འཚོ་གནས་བྱེད་ས་ནི་མཚོ་ངོས་ནས་ཡར་བརྩིས་པའི་རྨིད་(meter)་སྟོང་བཞི་ཙམ་ཡོད་པའི་འབྲུག་ཡུལ་ནུབ་བྱང་དང་བྱང་ཤར་གྱི་བས་མཐའ་ཞིག་ཡིན། དེའི་ལྗི་ཚད་ལ་རྒྱ་མ་བཞི་བརྒྱ་ཙམ་ཡོད་པ་དང་ལྟོ་ཆས་ནི་སྨྱུག་མ་ཡིན།
དངུལ་ཀྲམ།
201611011 འབྲུག་གི་སྒོར་མོའི་མིང་ལ་དངུལ་ཀྲམ་ཟེར་ཞིང་། དེར་དངུལ་ཀྲམ་གཅིག་ནས། གཉིས། ལྔ། བཅུ། ཉི་ཤུ། ལྔ་བཅུ། བརྒྱ། ལྔ་བརྒྱ་བཅས་ཡོད་དོ། །
རྒྱལ་གླུ།
འབྲུག་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཚིག་རྩོམ་མཁན་ནི་དགེ་འདུན་འཕྲིན་ལས་རྡོ་རྗེ་དང་དབྱངས་རྩོམ་མཁན་ནི་ཨ་ཁུ་ཐོག་མེད་བྱ་བ་ཡིན། དེ་ནི་སྤྱི་ལོ ༡༩༥༣ ལོར་བརྩམས་ཤིང་། སྤྱི་ལོ ༡༩༦༦ ལོར་དངོས་སུ་འབྲུག་རྒྱལ་ཁབ་ཆེན་པོའི་རྒྱལ་གླུར་གྱུར།
རྒྱལ་ཁབ་ཀྱི་ཉིན་མོ།
དེ་ཡང་སྤྱི་ལོ ༡༩༠༧ སྤྱི་ཟླ ༡༢ ཚེས ༡༧ ཉིན། འབྲུག་གི་རྒྱལ་ས་རྙིང་བ་སྤུ་ན་ཁ་རྫོང་(Punakha Dzong)དུ་འབྲུག་གི་རྒྱལ་བོ་ཐོག་མ ༧ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་དངོས་སུ་འབྲུག་རྒྱལ་ཁབ་ཆེན་པོའི་སྲིད་ཀྱི་ཁྲི་ལ་མངའ་གསོལ། ཕྱིས་སུ་འབྲུག་པ་རྣམས་ཀྱིས ༧ གོང་ས་ཨོ་རྒྱན་ཁྲི་འདོན་གྱི་ཉིན་མོ་ནི་འབྲུག་རྒྱལ་ཁབ་ཆེན་པོའི་ཉིན་མོར་གཏན་འཁེལ་བྱས། དེ་བས། ཕྱི་ཟླ ༡༢ པའི་ཚེས ༡༧ ནི་འབྲུག་པ་བྱིངས་ཀྱིས་གཟབ་ཆས་དང་མཆོར་རྒྱན་སྤྲས་ཏེ་ཁམས་གསེང་ངམ་ངལ་གསོ་བྱེད་པའི་དུས་ཆེན་གྱི་ཉིན་མོ་ཞིག་ཏུ་གྱུར། རྩོམ་ཁུངས། ཝེ་ཁེ་རིག་མཛོད།
འབྲུག་ཡུལ་གྱི་ལོ་རྒྱུས་སྐྱ་ཐིག་ཅན་ཕྱོགས་གཅིག་པ་རང་བཞིན་རྣལ་མ་རྒྱང་དུ་དོར་བའི་ལོ་རྒྱུས་རང་སྣང་གང་ཤར་གང་མོས་གང་འདོད་ཅན། ། ཧཧཧ
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ད་ལམ་མོན་རྟ་དབང་ལ་ཕེབས་པའི་སྐབས་སུ། མོན་རྟ་དབང་བ་ཚོས་རང་ལུགས་ཀྱི་ཆས་གོས་ལེགས་པར་གྱོན་ནས་དགའ་སྤྲོའི་རྣམ་པ་ཚད་མཐོན་པོ་མཐོང་རྒྱུ་འདུག་པས་བདག་རང་གློ་བ་ཧ་ཅང་དགའ།
རྒྱ་གར་བ་ཡིན་མདོག བལ་པོ་བ་ཡིན་མདོག། རྒྱ་ནག་པ་ཡིན་མདོག་བཅས་བྱས་ནས། རང་ལུགས་བོད་ཀྱི་སྐད་དང་ཆས་གོས་ལམ་ལུགས་སོགས་དུས་ནམ་ཡང་ཡལ་བར་དོར་མི་ཉན།
དེ་བཞིན་གློ་དང་། དོལ་པོ། ཤར་པ་། ཡོལ་མོ། ནུབ་རི། འོམ་ལོ་སོགས་གངས་བརྒྱུད་ཀྱི་བོད་རིགས་མི་རབས་ཚོས་རང་གི་ཕ་མེས་ཡང་མེས་གོང་མའི་རེ་བ་དང་སྨོན་ཐུགས་ལ་བཞག་ནས་རང་སྐད་རང་ལུགས་རང་ཡུལ་རང་མི་ཀུན་བདག་གཉེར་ལེགས་པར་གནང་དགོས་པའི་བསྐུལ་མ་ཞུ་བ་ཡིན་ནོ། །
བོན་པོ་ཟེར་ན་ཡང་གནའ་སྔ་མོའི་ང་རང་ཚོ་བོད་ཀྱི་གདོད་མའི་ཕ་ཆོས་ངོ་མ་དམར་མཆོད་གཏོང་སྲོལ་སོགས་དེང་སང་ཆེར་མཐོང་རྒྱུ་མེད་པ་འདྲ། མཐའ་མཚམས་ཁུལ་སོགས་ན་གང་མཚམས་རེ་ཡོད་པ་ཡང་ང་རང་ཚོའི་བན་བོན་གྱི་བླ་རྒན་ཚོས་བསྣུབས་ཅི་ཐུབ་བྱེད་ཀྱིན་ཡོད་སྐད་ཐོས། དེང་སང་ང་རང་ཚོའི་སྤྱི་ཚོགས་ཁྲོད་ན་ཡོད་པའི་བོན་པོར་འབོད་པའི་ཆོས་བརྒྱུད་འདི་ལ་ང་རང་ཚོའི་སྔོན་མའི་ཡིག་ཆ་དང་མང་ཚོགས་ཁྲོད་དུ་བསྒྱུར་བོན་དང་བོན་དཀར་ཟེར་བ་རེད། འདི་དུས་ཕྱིས་ཤིག་ལ་དར་ཡོང་བ་ཞིག་རེད། འདི་དང་གདོད་མའི་ཕ་ཆོས་གཉིས་ཀ་རྦད་དེ་ཁ་ཁ་རེད།