ཨ་འདུས་སྐལ་པེས།
དེ་རིང་དགོས་དབང་གིས་དགེ་ཆོས་ཀྱི་གསུང་དག་ལ་ཡང་ནས་ཡང་དུ་མིག་ཟུར་རེ་འཕེན་དགོས་བྱུང་། བཀླགས་ཀྱིན་ཀློག་གིན་ཤེས་རབ་ཅན་གྱི་སྐྱེས་བུ་ཟེར་བ་དེ་ཁོང་འདྲ་བ་ལ་མི་བྱེད་ན་སུ་ལ་བྱེད་བསམ་པ་ལན་མང་བྱུང་། གསེར་ཐང་གཅིག་པུར་མཇལ་བས་ཀྱང་། རང་རེ་རྒྱ་གར་དུ་ཡུན་རིང་སྡོད་མྱོང་བ་དག་གིས་ཅིའི་ཕྱིར་རྒྱ་གར་གྱི་སྐད་ཡིག་དང་། རིག་གནས། ངོས་སྣ་ཚོགས་པའི་སྤྱི་ཚོགས་ཆེན་པོ་འདིར་དོ་སྣང་འདི་ལྟ་བུ་ཞིག་བྱེད་མ་ཐུབ་པ་དེར་འགྱོད་པ་གྲང་ཤུར་ཤུར་ཞིག་ཀྱང་སྐྱེས།
ལར་ནས་དགེ་ཆོས་རང་གིས་ཀྱང་། ཧར་གཏམ་དང་། གཅམ་བུའི་ཚིག སྒྲུང་གཏམ་ བཅས་རིང་དུ་སྤངས་ཏེ་རྩོམ་པ་གང་དུ་ཞབས་ཀྱིས་བཅགས་པའི་ཡུལ་དེ་དག་གི་གནས་ཚུལ་གཟུ་བོའི་བློས་གང་རྙེད་པ་དག་འདིར་འབྲི་བའི་དམ་བཅའ་མཛད་པ་ལྟར། ཆེ་ས་ནས་སངས་རྒྱས་ཀྱིས་གསུངས་པའི་མདོ་རྒྱུད་ཀྱི་བཀའ་དང་། ཀླུ་སྒྲུབ་སོགས་ཀྱི་བསྟན་བཅོས། ནཱལེནྡྲ་སོགས་གདན་ས་ཁག་ནས་བཟུང་། ཆུང་ས་
རྒྱ་གར་གྱི་རྩི་ཤིང་དང་མེ་ཏོག ནར་མའི་ཀུན་ཏུ་སྤྱོད་པ་སོགས་བཀླགས་ན་ལན་རེར་དད་ཀྱི་སྤུ་ལོང་གཏོ་ཞིང་། ཤ་ཞེན་གྱི་མེ་དཔུང་མཆེད་པ། དགོད་ཁ་དང་མིག་ཆུ་ལྷན་དུ་འཆོར་འཇུག་པ་ཡང་ཉུང་ཉུང་མིན། དགེ་ཆོས་འདི་པ་རིག་པ་རྣོ་བས་སྐད་ཆ་གང་བཤད་ལ་རྒྱུ་མཚན་དང་ཁུངས་ལུང་བཙན་ཞིང་། སྟོན་པ་མཆོག་ཞལ་བཞུགས་པའི་དུས་ཀྱི་རྒྱ་གར་དང་། ཕྱིས་ཀྱི་རྒྱ་གར་གཉིས་བྱུང་རབས་ཀྱི་ཆ་ནས་རྐུད་པ་གཅིག་ལ་བརྒྱུས་པའི་ཕྲེང་བ་ཇི་བཞིན་ལུང་རིགས་ཟུང་འབྲེལ་གྱིས་ཞིབ་མོར་བསྒྲུབས་པས་ནི། དམ་པ་ཁོང་གི་ཐོས་པའི་མཐའ་རྒྱ་ཆེ་ཞིང་། དཔྱད་པའི་རིག་རྩལ་མྱུར་བ་སོགས་ལ་བློ་ལྡན་སུ་ཞིག་ཡིད་སྨོན་མི་སྐྱེ་སྙམ་པ་ཡོད། ཁོང་གིས་ནི་རྒྱ་གར་རིག་པའི་གྲོང་ཁྱེར་འབོད་པ་འདིར་ཞིབ་མོར་ཉུལ་ཡོད་ལ། རྒྱ་གར་གྱི་དཔའ་མཛངས་ལྡན་པའི་གྲུབ་མཐའ་དང་། རྨོངས་པའི་མཐར་ཐུག་པའི་ཆོས་ལུགས་སོགས། བཟང་ངན་གཉིས་ཀ་མཐར་ལྷུང་བའི་ཡུལ་གྲུ་ཆེན་པོ་འདིའི་ངོ་མཚར་ཅན་གྱི་གཏམ་རྒྱུད་དག་ཡི་གེའི་རྩལ་ལ་དྲངས་ཏེ་ང་ཚོའི་མིག་སྔར་བཤམས་ཡོད་མོད། ད་ནི་དུས་ཀྱི་དབང་གིས་བསོད་ནམས་དམན་ཞིང་། བློ་གྲོས་ཀྱི་རྩལ་ཞན་པའི་བོད་ཕྲུག་ཚོས་འདི་དག་གི་རིན་ཐང་ཤེས་ཁག་པོ་ཡིན་ཨང་།
རང་རེའི་ད་ལྟའི་སྙན་ངག་གི་འགྲེལ་བ་ཕལ་མོ་ཆེར་མཉམ་ཉིད་ཀྱི་དཔེའི་སྐབས་ཀྱི་ “ ཨལཀཾ་ ,, ཞེས་པའི་དོན། བུད་མེད་ཀྱི་སྐྲའི་ལན་བུའམ། ལྕང་ལོ་སོགས་སུ་ངོས་བཟུང་པ་ཡང་། དགེ་ཆོས་ཀྱིས་རྒྱ་གར་བའི་འཚོ་བ་དངོས་ལ་སྦྱར་ཏེ་ “ གཉའ་བའི་སྐྲ་རྡོག་དེའི་མིང་ཡིན་ ,, པར་གསུངས་མོད། འདི་དག་ལ་དོ་སྣང་བྱེད་མཁན་མ་བྱུང་བར་སྣང་། དཔེར་ན། ཨོ་རྒྱན་གྱི་ཡུལ་དང་། མཁའ་འགྲོ་མའི་གནས་ཚུལ་ཕྲན་བུ་རེ་འཆད་པ་ལ་ཡང་། སོག་ཟློག་པའི་ཊིཀ་དང་། རྣམ་འགྲེལ་རང་འགྲེལ། ཁྲོ་ཕུ་པཎ་ཆེན་གྱི་ཞུ་ཡིག རྒྱ་གར་ཕྱག་ནའི་ལོ་རྒྱུས། ཐང་ཡིག་སོགས་རྒྱ་བོད་པའི་མཁས་པའི་གསུང་དང་། ད་ལྟའི་གནས་ཚུལ་གཉིས་ཐོ་གཏུགས་པ་སོགས་ནི་ཁོང་ལྟ་བུ་ལས་གཞན་གྱིས་འཇོན་པ་ཞིག་ག་ལ་ཡིན།
མདོར་ན། དགེ་ཆོས་ཀྱི་རྩོམ་ཡིག་ཁག་མཇལ་བ་ནི། རིས་མེད་པའི་དཔེ་ཁང་ཆེན་པོ་ཞིག་ཏུ་སླེབས་པ་དང་འདྲ་སྟེ། གནས་དེ་ནས་ཕྱི་ནང་གི་ཆོས་འབྱུང་མཇལ་ཐུབ་ཅིང་། གནའ་དེང་གི་རིག་པ་ཡང་རྙེད་ཐུབ། ཡུལ་སྐོར་བའི་འཚོ་བ་ཡང་མཐོང་ཐུབ་ལ། ཞིབ་འཇུག་པའི་ཕུགས་འདུན་ཡང་སྐོང་ཐུབ། སྙན་ངག་གི་མེ་ཏོག་འཐུ་ཐུབ་ལ། སྐད་རིགས་ཀྱི་སྒོ་མོ་ཡང་འབྱེད་ངེས་སོ། ། དེས་ན། ཁྱེད་རང་ལ་དུས་ཚོད་དང་བརྩོན་པ་གཉིས་ཀ་ལྡན་ཚེ་ཆུང་གྲོགས་རྗེས་དྲན་ལྟ་བུའི་དགེ་ཆོས་ཀྱི་སྙན་ངག་དང་། ཀླུ་སྒྲུབ་དགོངས་རྒྱན་ལྟ་བུའི་ཞིབ་འཇུག་རྩོམ་ཡིག གཏམ་རྒྱུད་གསེར་ཐང་ལྟ་བུའི་འགྲུལ་བཞུད་ཟིན་ཐོ། དེབ་ཐེར་དཀར་པོ་ལྟ་བུའི་རྒྱལ་རབས་དང་ལོ་རྒྱུས། རྒྱ་གར་གནས་ཡིག་ལྟ་བུའི་དོན་དངོས་འཚོལ་ཞིབ། ལེགས་སྦྱར་བང་མཛོད་ལྟ་བུའི་ལོ་ཙཱ་བའི་རྨི་ལམ། ཏུན་ཧོང་ཡིག་རྙིང་ལྟ་བུའི་མེས་པོའི་ཤུལ་བཞག འདོད་པའི་བསྟན་བཅོས་དང་། དེང་རབས་རི་མོ་ལྟ་བུའི་སྒྱུ་རྩལ་གྱི་འཇིག་རྟེན་སོགས་ལ་གཟིགས་དང་། དེང་གི་དཔེ་དེབ་ཕལ་མོ་ཆེ་ལྟར་བལྟས་རྗེས། སྙིགས་སྣོད་དུ་འཕངས་ཀྱང་ཕངས་སེམས་མི་སྐྱེ་བ་དག་དང་བསྡུར་ཐབས་མེད་ཅིང་། གནས་དེ་ནས་ཤེས་རབ་ཀྱི་ལམ་བུ་གསར་པ་རེ་རེ་མི་རྙེད་པ་ནི་གཞར་ཡང་མི་སྲིད་དོ། །
མཇུག་ཏུ་སྨྲས་པ།
དཔེ་ཀློག་འདོད་ན་དགེ་ཆོས་ཇི་བཞིན་བྱོས།
སྙན་ངག་འབྲི་ན་དགེ་ཆོས་ལྟ་བུ་ཕྲིས།
ཞིབ་འཇུག་བྱེད་ན་དགེ་ཆོས་ལྟ་བུ་གྱིས།
ཡུལ་སྐོར་འགྲོ་ན་དགེ་ཆོས་ནང་བཞིན་སོང་།
ཨ་འདུས་སྐལ་པེས་བྲིས་སོ།