བསོད་ནམས་ཟླ་བ།
དེང་གློག་ཀླད་དང་ལག་ཐོགས་ཁ་པར་ ipadསོགས་གློག་ཆས་ཅི་རིགས་སྤྱོད་བཞིན་ཡོད་ཀྱང་གཅིག་གྱུར་གྱི་འདོད་བློ་མི་ཁེངས་པ་ཞིག་ནི་གློག་རྫས་ Battery ཀྱི་ནུས་པས་དུས་ཡུན་རིང་པོར་མི་འདང་བ་དང་ཡང་ཡང་གློག་སྐུད་མཐུད་དགོས་པའི་སུན་སྣང་སྐྱེ་གཞི་དེ་ཡིན། ཉེ་སྔོན་ཚན་རྩལ་གྱི་གསར་འགྱུར་ཞིག་གི་ནང་། ཨ་རིའི་གཙུག་ལག་སློབ་གྲྭའི་(University of Illinois)ཚན་རིག་ཚོད་ལྟ་ཁང་ནས་གློག་རྫས་གསར་པ་ super-battery ཞེས་པ་སྤྱིར་བཏང་གི་གློག་རྫས་ལས་ལྡབ་ཆིག་སྟོང་གི་ནུས་ཤུགས་ཆེ་བ་ཞིག་གསར་གཏོད་ཐུབ་པའི་གསར་འགྱུར་ཞིག་མཐོང་བྱུང་།
གློག་རྫས་གསར་པ་འདི་ནི་ད་ལྟ་དང་མ་འོངས་ཀྱི་གློག་ཆས་རྣམས་ཀྱི་དགོས་མཁོའི་དང་འཚམས་ཡོད་ཀྱང་ད་ལྟ་བདེ་འཇགས་དང་འབྲེལ་བའི་མཐའ་མའི་ཚོད་ལྟར་འགྲོ་བཞིན་ཡོད་ལ། རིང་མིན་ལོ་གཉིས་ཀྱི་ནང་ཚུད་ཚོང་རའི་ཐོག་གསལ་བསྒྲགས་དང་མི་ཚོས་བེད་སྤྱོད་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་འདུག གནས་ཚུལ་འདི་ནི་གཏམ་བཟང་ཞིག་ཏུ་བརྩིས་ཆོག་ཀྱང་གློག་རྫས་གསར་པ་དེ་ཚོང་རར་མ་སླེབས་བར་ད་ཡོད་ཀྱི་གློག་རྫས་རྣམས་རྒྱུན་རིང་དུ་སྲིང་བའི་ཐབས་ཤེས་ལྔ་འདིར་འཆད་རྒྱུ་ཡིན། ཐབས་ཤེས་དེ་དག་ཕྱོགས་སྐྱོད་དང་གློག་སྐུད་མཐུད་ས་རག་ཁག་པོ་ཡོད་པའི་སྐབས་ལག་བསྟར་ཐུབ་ན་དགེ་མཚན་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
དང་པོ། གློག་ཀླད་དང་ལག་ཐོགས་ཁ་པར་སོགས་ཀྱི་གློག་རྫས་ལམ་སེང་མ་རྫོགས་པའི་ཐབས་ཤེས་ལས་སླ་ཤོས་ནི། རང་ཉིད་ཀྱི་འཆར་ཡོལ་འོད་མདངས་(Screen Brightness)དེ་ཆུང་ཤོས་སུ་འཇོག་རྒྱུ་དེ་ཡིན། འཆར་ཡོལ་གྱི་འོད་མདངས་སྒྲིག་སྐབས་གློག་རྫས་མགྱོགས་པོ་རྫོགས་མིན་ལ་ཧ་ཅང་གི་ཁྱད་པར་བཟོ་ཡི་འདུག གློག་ཀླད་ཡིན་ན་ Control Panel > Power Option ནང་སྒྲིག་རྒྱུ་ཡོད། ལག་ཐོགས་ཁ་པར་དང་ ipad ལྟ་བུ་ཡིན་ན། Menu > Setting > Brightness ཐོག་སྒྲིག་རྒྱུ་ཡོད།
གཉིས་པ། wifi དང་ bluetooth བེད་སྤྱོད་མེད་ན་བསད་བཞག་ན་ལེགས། wifi དང་ Bluetooth ཁ་ཕྱེ་བ་ཙམ་གྱིས་གློག་རྫས་ནུས་པ་བེད་སྤྱོད་བྱེད་ཀྱི་ཡོད།
གསུམ་པ། གལ་ཏེ་ apps གཉིས་གསུམ་རྒྱབ་ལྗོངས་སུ་ཁ་ཕྱེ་ནས་བཞག་སྐབས་ apps རེ་རེས་ processing ནུས་པ་མང་བ་བྱེད་དགོས་ཀྱི་ཡོད། དེར་བརྟེན་གློག་རྫས་ཀྱང་མང་བ་སྤྱོད་དགོས་འཁེལ་གྱི་ཡོད། ཡག་ཤོས་བྱུང་ན་བེད་མེད་ཀྱི་མཉེན་ཆས་སམ་ apps རིགས་རྣམས་རྒྱབ་ལྗོངས་ནས་མེད་པ་བཟོ་ཐུབ་ན་གློག་རྫས་རྒྱུན་རིང་འདང་ཐུབ།
བཞི་པ། གློག་ཀླད་ཀྱི་གཡས་གཡོན་དུ་མཐེབ་སྡེར་(Flash Drive)དང་། USB Dongle, USB speaker, Digital Camera སོགས་མཐུད་ཡོད་ན་གློག་རྫས་ཧ་ཅང་རྫོགས་མགྱོགས་པ་ཡོད། དེར་བརྟེན་མཐུད་ཆས་དེ་དག་བེད་སྤྱོད་མེད་ན་གློག་ཀླད་སྟེང་མ་མཐུད་ན་ལེགས།
ལྔ་པ། གལ་ཏེ་ཁྱེད་རང་ཕྱོགས་སྐྱོད་ཡང་ཡང་བྱེད་དགོས་མཁན་ཞིག་ཡིན་ན་གློག་རྫས་རྫོགས་པ་དང་གློག་ཁ་མཐུད་ས་(power outlet)ཡང་སྐབས་རེར་རེག་ཁག་པོ་ཡོད། གློག་ཀླད་དང་ལག་ཐོགས་ཁ་པར་གྱི་གློག་རྫས་འཕར་མ་ཉར་རྒྱུ་ནི་ཐབས་མཁས་པོ་ཞིག་ཏུ་མཐོང་།
ངའི་བསམ་པར་གློག་རྫས་རྒྱུན་རིང་སྲིང་པའི་ཐབས་ཤེས་གཞན་ཡང་ཡོད་ངེས་པས་མཛའ་བརྩེའི་ཀློག་པ་པོས་གཤམ་གྱི་མཆན་བཀོད་སའི་ནང་སོ་སོའི་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ།
བདེན་པ་རེད།
ཐུགས་རྗེ་ཆེ།
ལམ་སྟོན་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ།
ད་དུང་གློག་ཀླད་དང་ཁ་པར་སོགས་ལ་གློག་གསོགས་སྐབས་བརྒྱ་ཆ་གོ་དགུ་དང་ཡང་ན་བརྒྱ་ཆ་བརྒྱ་ལོན་མ་ཐག་ངེས་པར་དུ་གློག་གསོགས་མཚམས་འཇོག་པ་ལས་ཁ་གང་ཡང་འདི་ལྟར་བཞག་ན་གློག་རྫས་ལམ་སེང་འཕྲོ་བརླག་ཏུ་འགྲོ་གི་འདུག་པ་ཉམས་མྱོང་དངོས་གྲུབ་ཡིན་པས་འདི་ཡང་དྲ་གྲོགས་ཚོའི་དགོངས་དབྱིངས་སུ་འཇགས་པར་འཚལ།
བསོད་ནམས་ཟླ་བ་ལགས་ཐུགས་རྗེ་ཆེ་ཞུ་ཡ་ཡིན། སྐུ་ཉིད་ནས་དེང་དུས་གློག་ཆས་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་ཉམས་མྱོང་དང་ཤེས་པའི་སྒོ་ནས་འགྲེལ་བཤད་གནང་བར་སྙིང་ནས་བསྔགས་བརྗོད་ཞུ།
གློག་གི་ནུས་པ་རྫོགས་སོང་ན་ཡག་ཤོས་རེད། དེ་ལ་བརྟེན་ནས་ངལ་གསོ་བྱེད་པའམ་ཡང་ན་མ་ནི་གང་མང་རེ་འདོན་ཐུབ་ན་ཅི་མི་ལེགས། གློག་ཀླད་དང་ཁ་པར་བེད་སྤྱོད་གཏོང་རྒྱུ་མང་དྲག་ན་དགེ་མཚན་གང་ཡང་མཐོང་མ་སོང་། མི་དགོས་པའི་བསླབ་དེ་འདྲ་ལ་བཀའ་དྲིན་ནམ་ཡང་མི་ཞུ།།
སྐར་ཆ་ཉི་ཤུ་ལ་གློག་གཡིས་གསོག་ཐུབ་པའི་གློག་གསོག་གསར་བ་གསར་གཏོད་གནང་ཚར་པས་སེམས་བདེ་མོ་བྱས་ནས་བསྡད་ཡོད།
Super battery ཞིག་དགོས་ཡ་མི་འདུག།
གློག་རྫས་ཐོལ་པ་འཁྱེར་བ་ལས་ power cell/power bank/power charger ཞེས་པ་རང་གི་གློག་ཆས་འདྲ་མིན་འཐུད་ཆོག་པ་ཞིག་འདུག་པ་དེ་ཕྱོགས་བསྐྱོད་སྐབས་མཉམ་འཁྱེར་ཐུབ་ན་སྟབས་བདེ་ལ་བད་སྤྱོད་མང་།
མུ་མཐུད་གསུངས་དང་།
Power cell/power bank/power charger སོགས་དཔར་གཟིགས་འདོད་ན་ ‘གྷུ་གྷོལ་བརྙན་དཔར་’ གྱི་དྲ་ཐག་འདི་ནང་གཟིགས།
http://www.google.co.in/search?q=Portable+power+cell&hl=en&site=imghp&tbm=isch&ei=_SHHUdH_M4n4rQeIoYDoDg&start=20&sa=N
དབྱངས་ཅན་འབངས་ལགས་ཐུགས་རྗེས་ཆེ།
གཡོ་ཆས་དེ་འཚོ་ག་བ་ནས་རག་ཐབ་ཞུ་དགོས་སམ།
གོང་ཚད་གསལ་པོ་གསུང་རྒྱུ་ཡོད་དམ།
བྱམས་རྙིང་ལགས།
དེ་ཚོ་གློག་ཀླད་དང་འབྲེལ་བའི་ཡོ་བྱད་ཚོང་ཁང་ཚང་མའི་ནང་རག་ཐུབ།
གོང་ཚད་ཧིན་སྒོར་གཅིག་སྟོང་ལྷག་ནས་ཉིས་སྟོང་ཡས་མས་གནས།
སྤྱིར་བཏང་ནང་གསེས་རྒྱུ་ཆ་ཡག་ལོས་སྣ་ཚོགས་ཡོད།
བདག་གིས་ཉམས་མྱོང་བ་ལས། གློག་ཀླད་དང་ཁ་པར་གང་ཡིན་ཡང་གློག་ཕྱེད་ཀ་ཙམ་དང་ཡང་ན་བརྒྱ་༦༩་དང་༧༠་ཡས་མས་རྫོགས་ཚར་བ་དང་མི་མང་པོ་ཞིག་གིས་ལམ་སེང་གློག་གསོག་གི་འདུག་པས། དེས་རྐྱེས་པས་རྗེས་སུ་གློག་ཡུན་རིང་བེད་སྤྱོད་བཏང་དགོས་སྐབས་གློག་མི་འདང་བའི་དཀའ་ངལ་འཕྲད་ཀྱིན་ཡོད། དེས་ན་གློག་ཀླད་དང་ཁ་པར་གྱི་གློག་གི་བརྒྱ་ཆ་༩༠་ཙམ་མ་རྫོགས་བར་རྒྱུན་བེད་སྤྱོད་གཏང་རྒྱུ་དེ་རྒྱུན་ལྡན་གློག་ཡུན་རིང་མདང་བའི་ཐབས་ཤེས་ལེགས་ཤོས་ཤིག་འདུག་སྙམ། དེ་མིན་གློག་ཕྱེད་ཙམ་རྫོགས་བ་དང་ལམ་སེང་གློག་བསགས་ན་དེས་གློག་ཀླད་དང་ཁ་པར་སོགས་སྐྱག་ལངས་ཤོར་ནས་རྗེས་མ་དེའི་འོག་གི་གློག་ཤུགས་དེ་ཡུན་རིང་མི་འདང་བར་ཆགས་འགྲོ་གི་འདུག