ཐེ་བོ་སངས་རྒྱས།
པར་ཤི་ཡའི་སྐད་དུ་( کاخ گلستان)ཁཱ་ཁ་གྷོ་ལེ་སི་ཐྲན་དུ་འབོད་པའི་ཕོ་བྲང་དེ་ནི། ཨི་རན་ཁཱ་རྗར་རྒྱལ་རབས་ Qajar dynasty, Iran, ཀྱི་གོང་མ་རིམ་པའི་བཀའ་ལུང་ལྟར་ལོ་ངོ་ཉིས་བརྒྱ་ཙམ་རིང་རྒྱལ་ས་ཏེ་ཧ་རན་ Tehran, ནང་འཛུགས་སྐྲུན་གྱིས་ཡར་རྒྱས་བཏང་བའི་སྒྱུ་འཕྲུལ་ལྟ་བུའི་བཟོ་བཀོད་ཅན་ཞིག་རེད། དེར་ཐོག་ཕིབས་མཁར་རྫོང་གིས་བསྐོར་བའི་ཁོར་མོ་ཡུག་ཏུ་རྒྱ་སེ་མེ་ཏོག་སྐྱེད་ཚལ་ཕོ་བྲང་སོགས་ཁག་བཅུ་བདུན་ལས་གྲུབ་ཅིང་། དེ་དག་གི་ཕྱི་ནང་སྒོ་ཁྱམས་བཅས་པར་ངོ་མཚར་ཆེ་བའི་བརྐོས་རིས་རྣམས་སུ་སྣ་ཚོགས་ནོར་བུའི་རྒྱན་གྱིས་སྤྲས་པ་དང་། ཐུན་མིན་ཁྱད་ཆོས་ལྡན་པའི་སྐྱེད་ཚལ་དང་ཁྲུས་རྫིང་སོགས་ཀྱི་རྒྱུ་ཆ་དང་ལག་རྩལ་གང་གི་ཐད་ནས་ཀྱང་ངོམ་རིན་ཡོད་པ་ཤ་སྟག་སྣང་།
ད་དུང་དེའི་ནང་ཏཱ་ཁད་མར་མར་ Takht-e Marmar, ཞེས་པའི་བཞུགས་ཁྲི་རིན་ཐང་གཞལ་དུ་མེད་པ་ཞིག་ཀྱང་ཡོད། དོན་དངོས་ཐོག་ཕོ་བྲང་དེ་པར་ཤི་ཡའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་དཔེ་མཚོན་ལྟ་སའི་བང་མཛོད་ལྟར་ཆགས་ཡོད་ལ། རྒྱལ་ས་ཏེ་ཧ་རན་ནང་མངོན་པར་བརྗིད་པའི་ལོ་རྒྱུས་ཀྱི་རིག་དངོས་གལ་ཆེན་ཙམ་མ་ཚད། འཛམ་བུ་གླིང་བའི་མེས་པོའི་ཤུལ་བཞག་གཅེས་ནོར་དུའང་བརྩི་བར་བྱེད། མ་གཞི་དེ་སེ་ཧྥེ་ཝིད་རྒྱལ་རབས་ Safavid dynasty (1502-1736)ལས་ཏཱ་ཧ་མཱ་སིབ་Tahmasp I ཀྱིས་སྲིད་དབང་བཟུང་སྐབས་གསར་བཞེངས་བྱས་པ་དང་། ཕྱིས་སུ་བཙན་པོ་ཁཱ་རིམ་ཁན་རྫང་ Karim Khan Zang གིས་བསྐྱར་བཟོ་བྱས། ཁཱ་རྗར་རྒྱལ་པོ་ཨ་གྷ་མོ་ཧམ་ཌུ་ཁན་Agha Mohamd Khan Qajar, གྱིས་ཏེ་ཧ་རན་ནི་ཁོ་པའི་རྒྱལ་སར་བདམས།
དེར་བརྟེན་ཕྱི་ལོ་1794-1925 བར་ཡུལ་དེ་ཁཱ་རྗར་པའི་ཆགས་ཡུལ་དང་། གྷོ་ལེ་སི་ཐྲན་ཕོ་བྲང་འདི་ཉིད་རྒྱལ་རབས་དེའི་བཙན་པོ་རིམ་བྱོན་གྱིས་བསྐྱངས་པའི་སྟོན་འཁོར་རྣམས་ཀྱི་གཞིས་ཁྱིམ་དུ་གྱུར། ཕྱི་ལོ་1865 ལོར་ཧ་ཇི་ཨ་བྷོལ་ཧ་སན་ Haji Abol-hasan Mimar Navai, གྱིས་ཡང་བསྐྱར་བཟོ་བཅོས་བྱས་པ་ད་ལྟའི་མིག་སྔའི་རྒྱལ་ཁང་འདི་ཡིན། ལོ་རྒྱུས་དབྱེ་ཞིབ་པ་དག་གིས། ནུབ་ཕྱོགས་པའི་ཤུགས་རྐྱེན་ལས་ཁཱ་རྗར་རྒྱལ་རབས་རིང་སྔ་རབས་ཀྱི་པར་ཤི་ཡ་ཧྲིལ་པོ་གཅིག་གྱུར་བཟོ་བའི་སྲིད་བྱུས་དེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་བཤད། ཕ་ཧ་ལ་ཝིའི་རྒྱལ་རབས་ Pahlavi dynasty,(1925-1979) ཀྱིས་དབང་བསྒྱུར་སྐབས་འགྲོ་ལུགས་ལྟར་ཕོ་བྲང་དེ་རྒྱལ་པོའི་ཁྱིམ་རྒྱུད་ཀྱིས་བདག་གིར་བཟུང་བའི་ཐོག ནཱི་ཝ་རན་ Nivaran, དུ་རང་བདག་གིས་ཕོ་བྲང་གསར་པ་ཞིག་ཀྱང་བསྐྲུན།
ཡིན་ནའང་ཕ་ཧ་ལ་ཝིའི་རྒྱལ་པོ་རེ་རྫཱ་ཁན་ Reza Khan,གྱི་གསེར་ཁྲི་མངའ་གསོལ་སོགས་མཛད་སྒོ་གལ་ཆེན་ཁག་གྷོ་ལེ་སི་ཐྲན་ཕོ་བྲང་རང་དུ་ཚོགས། སྟབས་མ་ལེགས་པ་ཞིག་ལ། ཕྱི་ལོ་1925-1945, བར་ཕོ་བྲང་དེའི་ཡ་གྱལ་མང་པོ་རེ་རྫཱ་ཤཱ་ཧའི་Reza Shah, བཀའ་མངགས་ལྟར་གཏོར་བཤིག་ཚབས་ཆེན་བཏང་། ཁོའི་བསམ་པར་ཁཱ་རྗར་དུས་རབས་ཀྱི་རྒྱལ་ཁང་རྙིང་གོག་དག་ཡར་རྒྱས་ལ་གཞོལ་བའི་དེང་རབས་ཀྱི་གྲོང་ཁྱེར་ཞིག་ལ་དགོས་གལ་མེད་པར་འདོད་ཅིང་། ཕོ་བྲང་བཤིག་ཤུལ་གྱི་ས་ཆ་དེ་གར་དེང་དུས་དར་སོ་ཆེ་བའི་ཚོང་དོན་ཁང་སོགས་ཁང་བརྩེགས་མང་པོ་བསླངས་ཡོད་པ་བཅས་སོ།།
གྷོ་ལེ་སི་ཐྲན་ཕོ་བྲང་། ཞེས་པའི་སྒྱུར་རྩོམ་འདི། ཐེ་བོ་སངས་རྒྱས་ལགས་ཀྱིས། བོད་སྐད་དུ་སྤེལ་བ། དགའ་སྤོབས་སྤྲད་བྱུང་། ཐུགས་རྗེ་ཆེ་ཞེས་ཞུའོ།། །།
པར་ཤི་ཡའི་ཆོས་དེ། ཁ་ཆེའི་ཆོས་དང་མི་འདྲ་བ་དམིགས་བསལ་ཅན་ཞིག་ཡིན་པ་གོ་ཐོས་བྱུང་ཡང་་་་་་་
བོད་སྨན་གྱི་ཆ་ཤས་ཅིག པར་ཤི་ཡ་ནས་བླངས་པ་ཡང་གསུངས་ཡོད་སྙམ་ལགས།