བུ་ཆུང་ཌི་བསོད་ནམས་ཀྱིས་བརྩམས། བྱམས་པ་ལྷུན་གྲུབ་ཀྱིས་བསྒྱུར།
བསྟན་འཛིན་དབང་མོ་ནི་སྤྱི་ལོ་༡༩༩༡་ལོར་སྐྱེས་ཤིང་ཆུང་བྱིས་པའི་དུས་ནས་བདེ་ཆེན་ཆོས་འཁོར་གླིང་ཞེས་པའི་ཨ་ནེ་དགོན་པར་ཞུགས། སྤྱི་ལོ་༢༠༡༡་ཟླ་༡༡་ཚེས་༡༧་ཉིན། མོ་བོད་བྱང་ཤར་ཨ་མདོ་རྔ་པ་ཁུལ་དུ་ཡོད་པའི་སུམ་མདོ་ཟམ་ཁར་ཕྱིན་ནས་རང་ལུས་མེར་བསྲེགས་བཏང་ཡོད། དེ་ལྟར་མོ་ནི་བོད་ཀྱི་བུད་མེད་ཁྲོད་ནས་རང་ལུས་མེར་སྲེག་གཏོང་མཁན་ཐོག་མ་དེ་ཆགས་ཡོད། རང་ལུས་མེར་འཚིག་བཞིན་པའི་སྐབས་དབང་མོས་ཆོས་ལུགས་བྱེད་སྒོར་བཙན་གནོན་མཚམས་འཇོག་དགོས་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཡོད། མོ་རང་ལོ ༢༠ ཡིན། སྤྱི་ལོ ༢༠༠༩ ནས་ད་བར་བོད་མི་༩༨ ཡིས་ལུས་མེར་བསྲེགས་བཏང་ཡོད་ཅིང་ཁོང་ཚོའི་ཆ་སྙོམས་ཀྱི་ལོ་ཚད་ནི་ལོ་༢༥ རེད། ནང་ཆོས་དང་བོད་ཀྱི་ལེགས་བྱང་གིས་བོད་མི་ནང་ཁུལ་ལ་མཐུན་སྦྲེལ་དང་། ཁོང་ཚོར་རང་མི་རིགས་ཀྱི་ངོ་བོའི་ཚོར་སྣང་སྐྲུན་པའི་ཤུགས་རྐྱེན་བྱེད་ཀྱིན་ཡོད་པས། པེ་ཅིན་གྱིས་བོད་ཀྱི་ཆོས་ལུགས་ཐོག་ལ་འཛིན་པའི་སྲིད་ཇུས་དེ་ནི་འཇིགས་སྣང་དང་ཡིད་རྟོན་མེད་པ་ཞིག་ལ་གཞི་བཅོལ་ནས་ཡོད། དུས་ཚིགས་ལ་ཕྱིར་མིག་ཅིག་བལྟས་ན། སྤྱི་ལོ་ ༡༩༣༥ ལོར་རྒྱ་དམག་རྒྱང་སྐྱོད་ཀྱི་སྐབས་སུ་རྒྱ་དམར་གྱིས་ནང་ཆོས་གཏོར་བཤིག་བཏང་ཡོད་པ་དང་། དམར་དམག་བོད་ཤར་ཕྱོགས་ནས་བརྒྱུད་སྐབས་ཀྱང་དགོན་སྡེ་དུ་མ་བཅོམ་བརླག་བཏང་ཞིང་། འབྲུ་མཛོད་ཀྱང་མང་པོ་གཞུང་བཞེས་བྱས། སྤྱི་ལོ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་། པེ་ཅིན་གྱིས་སྐྱི་གཡའ་བའི་སྲིད་ཇུས་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་ཤིང་། དེའི་མཐའ་མཇུག་ཏུ་རིག་གནས་གསར་རྗེས་ཆེན་མོ (༡༩༦༦_༧༦) བྱུང་། སྐབས་དེར་བོད་ཀྱི་གྲྭ་བཙུན་གྱི་དགོན་སྡེ་བརྒྱ་ཆའི་༩༠ ལྷག་གཏོར་བཅོམ་བྱས་པ་དང་དེ་བཞིན་གནའ་བོའི་ཕྱག་དཔེ་མང་པོ་ཡང་གཏོར་བརླག་བྱས་ཡོད། དེ་ནི་ཨ་རི་ནང་གི་གཙུག་ལག་སློབ་གཉེར་ཁང་ཡོངས་རྫོགས་རྩ་གཏོར་བཏང་བ་དང་འདྲ་སྟེ། བོད་ཀྱི་དགོན་སྡེ་རྣམས་ནི་སློབ་གསོ་དང་ཤེས་རིག་གི་ལས་དོན་སྒྲུབ་སའི་བསྟི་གནས་སུ་གྱུར་ཡོད་པས་སོ།
སྤྱི་ལོ ༢༠༠༠ ལོ་ནས་བཟུང་པེ་ཅིན་གྱིས་གསར་དུ་བོད་ས་ཁྱོན་ཡོངས་ལ་ “རྒྱལ་གཅེས་ཆོས་གཅེས་” གྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད། དེ་ནི་གྲྭ་བཙུན་གྱི་དགོན་སྡེ་ཁག་ཏུ་དམིགས་སུ་དཀར་ནས་ཆེས་སྡུག་རྩུབ་དྲག་པོའི་ཐོག་ནས་ལག་བསྟར་བྱས་ཡོད་ལ། གྲྭ་བཙུན་རྣམས་དགོན་སྡེ་ཁག་ཏུ་སློབ་སྦྱོང་བྱ་རྒྱུ་དང་། ཁ་བྲལ་རིང་ལུགས་པ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པའི་དཔང་རྟགས་དང་། ད་དུང་ཏཱ་ལའི་བླ་མས་“རྒྱལ་ནང་ཆིག་སྒྲིལ་”གཏོར་བཤིག་གཏོང་གི་ཡོད་ཅེས་པའི་རྒྱ་གཞུང་གི་ཡིག་ཆ་ལ་རྒྱབ་སྐྱོར་གྱི་ཆེད་འབྲི་རྒྱུགས་གཏོང་དུ་འཇུག་གི་ཡོད། ལྷག་པར་དུ་རྒྱ་གཞུང་གིས་དར་དམར་ས་ཡ་མང་པོ་དང་། མའོ་དང་རྒྱ་ནག་གི་མགོ་ཁྲིད་གཞན་ཁག་གི་འདྲ་པར་འགྲེམས་སྤེལ་བྱས་ཏེ། དགོན་སྡེ་ཁག་ལ་དེ་དག་༧གོང་ས་མཆོག་དང་བླ་མ་གཞན་རྣམས་ཀྱི་སྐུ་པར་བཤམ་སར་འཇོག་དགོས་པར་བཙན་སྐུལ་བྱེད་ཀྱིན་ཡོད། སྤྱི་ལོ་ ༢༠༠༧ ལོའི་ཟླ་བ་༧ པའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་ཆོས་དོན་ལྷན་ཁང་ནས་ཀླ་ཀློའི་དམར་ཕྱོགས་ཚོགས་པས་བོད་ཀྱི་བླ་མ་རྣམས་ཀྱི་ཡང་སྲིད་སྟངས་འཛིན་བྱེད་ཆེད། བཀའ་རྒྱ་ཨང་རིམ་༥པ་ཞེས་པའི་སྒྲིག་གཞི་ཚན་པ་ཞིག་བཏོན་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དང་རྒྱ་ནག་གི་རྩ་ཁྲིམས་ནང་གཙུག་ཏུ་བཀོད་པ་ལྟར། འདི་ནི་བོད་ཀྱི་ནང་ཆོས་ཉམས་བཞེས་དང་ཆོས་དད་རང་མོས་ལ་ཆེས་མཐར་ཐུག་གིས་ཐེ་ཇུས་བྱས་པའི་ཚབས་ཆེན་གྱི་མནར་གཅོད་ཅིག་ཡིན། ཡང་སྲིད་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་བླ་ཆེན་རྣམས་ཀྱི་སྐྱེ་བ་ཕྱི་མའི་བརྒྱུད་རིམ་གྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་རེད། འདི་འདྲའི་བར་མ་ཆད་པའི་རྒྱུད་པ་དེ་ནི་བླ་མ་གོང་མས་རྒྱུད་ཀྱི་ཡོན་ཏན་རྣམས་དེ་ཡི་ཡང་སྲིད་གསར་པ་ལ་འཕོ་བར་བྱེད་པར་གལ་གནད་ཆེན་པོ་ཆགས་ཡོད།
ཆོས་ཉམས་ལེན་བྱེད་མཁན་རྣམས་སྟེ་དབང་མོ་ལྟ་བུར་མཚོན་ན། ནང་པའི་ཆོས་ཀྱི་ནང་དུ་ཁོང་ཚོའི་ཚེ་སྲོག་དེ་ཤིན་ཏུ་དགོས་གལ་ཆེན་པོར་བརྩིས་ཡོད། ཁོང་ཚོས་ཆོས་ཀྱི་ཉམས་བཞེས་དང་ལེགས་འགྲུབ་ཀྱི་འཚོ་བ་གཅིག་ལ་སྙེག་ཕྱིར། རང་རང་གི་ནང་མི་རྣམས་རྒྱབ་ཏུ་བསྐྱུར་ཞིང་འཇིག་རྟེན་འདི་དོར་ནས་འདས་ཟིན། འདི་འདྲའི་འཆར་གཞི་ལྡན་པའི་ཐོག་ནས་ནང་ཆོས་རྩ་བརླག་གཏོང་བ་དེ་ནི། རྩ་ཆེན་གྱི་འཇིག་རྟེན་འདི་ཡི་ནང་དུ་གཞི་རྩའི་ཐོག་ནས་ཚད་ལས་འདས་པའི་མི་སྤྱོད་ཅིག་ཏུ་གྱུར་ཡོད། མི་མང་གི་གཟེར་ཟུག་སྟོན་སའི་བརྒྱུད་ལམ་མེད་རྐྱེན་གྱིས་གནས་སྟངས་དེ་ཚབས་ཆེར་བཏང་ཡོད། རང་སྲོག་བློས་བཏང་གིས་མེར་སྲེག་བྱེད་མཁན་གྲྭ་པ་དང་ཨ་ནེ་དེ་དག་གི་སེམས་ལ། ཡང་ཡང་ཁོང་ཚོའི་སྡུག་བསྔལ་རྣམས་གསལ་སྟོན་དང་ལེགས་བཅོས་ཤིག་ཡོང་ཐབས་ཀྱི་གདམ་ཀའི་གནས་དོན་ཞིག་ཡོད་པར་ཚོར་གྱིན་མེད།
གང་ལྟར་ཀྱང་། བོད་མི་ཚོས་རང་ལུས་མེར་བསྲེགས་བྱེད་པའི་རྒྱུ་རྐྱེན་དེ་པེ་ཅིན་གྱིས་ཆོས་ལུགས་ལ་དམ་དྲག་བྱེད་པ་གཅིག་པུ་ག་ལ་ཡིན། སྤྱི་ལོ་༢༠༡༢ ཟླ་བ ༣ ཚེས ༣ ཉིན་ཚེ་རིང་བདེ་སྐྱིད་ཀྱིས་བོད་ཤར་ཕྱོགས་རྨ་ཆུའི་གཙང་འགྲམ་གྱི་རྨ་ཆུ་གྲོང་སྡེ་ནང་རང་ལུས་མེར་བསྲེགས་བཏང་ཡོད། མོ་ནི་འབྲོག་ཁྱིམ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་རང་ལོ ༡༠ ལ་སོན་སྐབས་སློབ་གྲྭར་འགྲོ་འགོ་ཚུགས། ཟླ་བ་༣་པའི་ཚེས་༣ཉིན་མོ་དེར། མོ་མི་མང་གི་གསང་སྤྱོད་ཅིག་ནས་ལུས་པོར་མེ་རླབས་འཕྱུར་རེར་ཕྱིར་ཐོན་ཅིང་། གྱེན་རྒོལ་གྱི་ཁུ་ཚུར་གནམ་ལ་འཕྱར་བཞིན་ས་གནས་དེའི་ཁྲོམ་སར་རྒྱུགས་ནས་སླེབས་སྐབས། དེར་ཡོད་རྒྱ་མི་ཚལ་ཚོང་བ་ཚོས་མོའི་འགྲོ་ལམ་བཀག་པ་དང་། འབར་བཞིན་པའི་མོར་རྡོ་རྡེག་ཀྱང་བཏང་ཡོད་པས། ཚེ་རིང་སྐྱིད་གནས་དེ་གར་འཆི་ལམ་དུ་སོང་། མོ་ནི་རང་ལོ་༡༩ ཡིན། ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་དོན་ནི། པེ་ཅིན་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་བའི་ཆེས་ལྐོག་གྱུར་དང་སླུ་བྲིད་ཅན་གྱི་སྲིད་ཇུས་གཉིས་སྟེ། འབྲོག་པ་ཚོ་གནས་སྤོ་མི་ཆོག་པར་གཏན་འཇགས་སྡོད་དགོས་པའི་བཙན་བཀའ་གཏོང་བ་དང་། བོད་པའི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་བསླབ་གཞིའི་ཐབས་ལམ་དུ་འཇོག་དགོས་པར་བཙན་སྐུལ་བྱས་པ་གཉིས་ཀྱི་རྐྱེན་པས་ཡིན།
དེ་ཡང་། འབྲོག་པ་ཚོའི་གནས་གཞིས་གསར་ཆགས་བྱ་རྒྱུ་དེ་ནི ༡༩༥༦ ལོར། མི་དམངས་བཅིང་གྲོལ་དམག་གི་དམག་སྤྱི་ཆེན་མོ་ཀྲོ་ཏེ་ཡིན་པའི་དུས་སུ་འགོ་ཚུགས་ཤིང་། ཁོས་འབྲོག་པ་ཚོར་ “སྤྱི་ཚོགས་རིང་ལུགས་ཅན་དུ་སྒྱུར་བའི་མཐུན་སྦྱོར་” གྱི་ཆེད་གཞིས་ཆགས་དགོས་པའི་བཀའ་རྒྱ་བཏང་ཡོད། གང་ལྟར་ཀྱང་། འབྲོག་པ་ཚོ་གནས་གཞིས་གཏན་ཆགས་བྱ་རྒྱུ་དེ་ནི་དོན་དངོས་སུ ༡༩༩༠ གོ་གྲངས་ནང་འགོ་འཛུགས་བྱས། ཁོང་ཚོས་འབྲོག་སའི་རྩྭ་ཐང་རྭ་བས་རྒྱ་གཅོད་བྱེད་རྒྱུ་དང་གནས་གཞིས་ཆགས་སུ་བཅུག་པ་དག་ནི། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ཚུལ་གྱི་རྒྱུ་མཚན་བགྲང་གིན་ཡོད་པ་རེད་ལ། པེ་ཅིན་གྱིས་འབྲོག་པ་ཚོར་བཙན་དབང་གིས་ཕྱུགས་ཟོག་རྩྭ་སར་འཚོ་བ་མཚམས་འཇོག་དགོས་པ་བྱས་ཤིང་། འབྲོག་པ་ཚོའི་ “གནའ་སྲོལ་ཅན་” དང་ “རྗེས་ལུས་ཅན་”གྱི་འཚོ་བ་སྐྱེལ་སྟངས་དེས། ཕྱུགས་ཟོག་འཚོ་གནས་རྣསམ་ཀྱི་ས་འཕྲོ་བརླག་གཏོང་བའི་མཇུག་འབྲས་བཟོ་གི་ཡོད་པར་ཁག་དཀྲིག་གིན་ཡོད།
རོབ་རྩིས་བྱས་པ་ཞིག་ལ་བལྟས་ན། བོད་ཡུལ་མཐོ་སྒང་དུ་འབྲོག་པ་ས་ཡ་ ༢.༥ ཙམ་གནས་སྡོད་བྱེད་ཀྱི་ཡོད་པར་བསྟན་ཡོད་ལ། མི་ལོ་བརྒྱ་ཕྲག་གི་རིང་ལ་ཁོང་ཚོས་ཚགས་ཚུད་པོའི་སྒོ་ནས་ཕྱུགས་ཟོག་གསོ་སྐྱོང་དང་། ས་ཆ་བདག་གཅེས་བྱས་ཡོད། དེ་བཞིན། འཇིག་ལ་ཉེ་བའི་མཐོ་སྒང་གི་སྣོད་བཅུད་མ་ལག་གི་དངོས་ཡོད་གནས་སྟངས་ལ་མཐུན་འཇུག(adapt)་བྱེད་མུས་ཡིན། དོན་དངོས་སུ་ད་ལྟའི་འབྲོག་སའི་གཉན་འཕྲང་གནས་སྟངས་འདི་དག་གི་གཞི་རྩ་ནི། དེ་སྔོན་པེ་ཅིན་གྱི་སྲིད་ཇུས་ཁག་ཅིག་དང་འབྲེལ་བ་ཡོད་དེ། ཁྲལ་འགེལ་མཉམ་ལས་རུ་ཁག་དང་། བཙན་འགེལ་གྱིས་ཐོན་འབབ་ཐོབ་ཆའི་རིན་གོང་མཐོ་རུ་བཏང་བ། དེ་བཞིན། ཕྱུགས་ཟོག་འཚོ་སྐྱོང་མཉམ་ལས་བྱེད་བཅུག་པའི་སྲིད་ཇུས་བཅས་ལ་བརྟེན་ནས་བྱུང་། སྤྱི་ལོ་༢༠༠༢་ནས་བཟུང་རྒྱ་ནག་གི་དབང་འཛིན་པ་ཚོས། མི་འབོར་ཕོན་ཆེན་གནས་གཞིས་གསར་ཆགས་དང་། ས་ཆ་གཞུང་བཞེས་བཏང་བ། དེ་བཞིན། འབྲོག་སྡེ་རྣམས་སུ་རྭ་སྐོར་རྒྱག་ཏུ་བཅུག་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པས། འདི་འདྲའི་ལྟ་བ་མཐར་ལྷུང་གི་ཁྲིམས་གཞི་དེ་དག་གི་རྐྱེན་གྱིས། འབྲོག་པ་ཚོས་སོ་སོའི་ཕྱུགས་ཟོག་རྣམས་རྒྱ་མིའི་བཤས་ར་ཁག་ལ་མ་བཙོང་ཐབས་མེད་བཟོས་ཡོད། དེའི་རྗེས། ཁོང་ཚོ་སྡོད་བཟོད་དཀའ་བའི་ས་གནས་དེ་འདྲ་ལ་ཆགས་པའི་གྲོང་སྡེ་རྣམས་སུ་བྱེ་རྡོ་ཡིས་བཟོས་པའི་ཁང་ཆུང་ནང་སྟེ། ཆུ་དང་གློག་སོགས་གང་ཡང་མེད་ཅིང་། བེད་མེད་དུ་དོར་བའི་བཙོན་ཁང་ཡོད་སའི་ས་གནས་ཁག་ཏུ་བཙན་ཤེད་ཀྱིས་སྤོ་རུ་འཇུག་གིན་ཡོད།
ཚེ་རིང་སྐྱིད་ཀྱང་། སྲིད་ཇུས་དེ་དག་གིས་ཁྱིམ་ཚང་སྟོང་ཕྲག་མང་པོ་ལ་གནོད་ཚབས་ཆེན་པོ་ཐེབས་པའི་ནང་གི་བུ་མོ་ཞིག་རེད། དེ་ལྟར་ན་ཡང་མོ་ནི་ད་དུང་ལོ་ན་ཆུང་ཞིང་། སྲོལ་རྒྱུན་ལྟར་དབྱར་དགུན་རེས་མོས་ཀྱིས་རྩྭ་སར་སྤོ་སྲོལ་ཡོད་པའི་མོའི་འབྲོག་ཁྱིམ་དེ། ས་ཁུལ་དུམ་བུ་ཆུང་ཆུང་གཅིག་ཏུ་བཙན་སྐུལ་གྱིས་གཞིས་ཆགས་སུ་བཅུག་ཡོད། མ་ཟད་རྩྭ་ཐང་ཁྱོན་ཡོངས་ལ་ཟེ་མ་ར་མགོ་ཡིས་བསྐོར་ཚར་བས། གནའ་བོའི་ལུགས་སྲོལ་ནང་ཕྱུགས་ཟོག་རྣམས་རང་དབང་གི་ཐོག་ནས་རྩྭ་ཐང་དུ་འགྲོ་སྐྱོད་ཆོག་པ་དེ་ཡང་མཇུག་སྒྲིལ་ཟིན། དེར་བརྟེན། མི་ལོ་༩༠༠ ཙམ་གྱི་རིང་ལ་འབད་པས་བསྒྲུབས་པའི་བོད་པའི་འགྲུལ་སྐྱོད་ལམ་སྲོལ་གྱི་ཤེས་རིག་གི་དཔལ་ཡོན་དེ་ཡང་དེང་སྐབས་ཕན་མེད་དུ་བསྒྱུར་ཟིན། མི་རབས་གསར་པའི་བོད་མི་རྣམས་ཀྱི་ནང་ནས་ཚེ་རིང་སྐྱིད་ལྟ་བུར་མཚོན་ན། མོའི་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་དེ་མཇུག་དེ་གར་ག་ལ་སྒྲིལ་ཡོད། ད་དུང་ ། ཁོང་ཚོའི་སྲོལ་རྒྱུན་ལམ་སྲོལ་གྱི་འཚོ་བ་སྐྱེལ་སྟངས་དེ་ལ་ཕམ་ཉེས་བཏང་བའི་ན་ཟུག་དེ་ངེས་གཏན་མེད་པའི་འབྱུང་འགྱུར་ཞིག་གིས་ཤུགས་ཆེར་བཏང་ཡོད། ཚེ་རིང་སྐྱིད་ནི་སློབ་མ་རྣམ་དཔྱོད་དང་ལྡན་ཞིང་དཔེ་ཀློག་ལ་སྤྲོ་སྣང་ཅན་ཞིག་ཡིན། འོན་ཀྱང་། མོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་གཏོང་བའི་འདོད་མོས་དེ་ཡང་མཇུག་སྒྲིལ་སོང་། དེ་ཡང་སྤྱི་ལོ་ ༢༠༡༠་ཟླ་བ་ ༡༠་ ནང་། ཨ་མདོ་(རྒྱ་སྐད་དུ་ཆིན་ཧད་)ཁུལ་དུ་གནས་སྡོད་རྒྱ་དཔོན་ཚོས་ཤེས་རིག་བསྟི་གནས་ཡོངས་རྫོགས་ལ། སློབ་ཁྲིད་ཐབས་ལམ་དེ་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་འཇོག་དགོས་པའི་སྒྲིག་གཞི་ཞིག་གཏན་འབེབ་བྱས་ཡོད། དེ་ལ་ངོ་རྒོལ་བྱེད་ཆེད་ཚེ་རིང་སྐྱིད་ཚུད་པའི་བོད་མི་༣༠༠༠་ལྷག་སྲང་ལམ་ཁག་ཏུ་སོང་ནས། བོད་ལ་རང་དབང་དང་སྐད་ཡིག་གི་རང་དབང་སྤྲོད་དགོས་པའི་ངོ་རྒོལ་སྐད་འབོད་བྱས། དོན་དངོས་སུ་མོའི་སློབ་གྲྭ་དེ་ནི་ལས་འགུལ་འདི་ཡི་བསྟི་གནས་སུ་གྱུར་ཡོད་པས། རྒྱ་གཞུང་གི་ཉེན་རྟོག་པ་རྣམས་ཀྱིས་འཕྲལ་དུ་དྲག་གནོན་བྱས་ཡོད་པ་མ་ཟད། ད་དུང་སློབ་ཕྲུག་བརྒྱ་ཕྲག་འགའ་ཤས་བཙན་བཟུང་དང་། སློབ་གྲྭ་དེའི་དགེ་རྒན་ཆེན་མོ་ལ་ཡང་མེ་མདའ་བཞུས་ཡོད།
བོད་མི་ཚོར་མཚོན་ན། སྐད་ཡིག་ནི་ཁོང་ཚོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་ཚེ་སྲོག་ལྟ་བུ་ཡིན། དེ་ཡང་། སྐད་ཡིག་ནི་ཆུ་དང་འདྲ་སྟེ། དེས་བོད་ནི་རྒྱལ་ཁབ་ཅིག་དང་བོད་མི་རྣམས་མི་དམངས་ཀྱི་ངོ་བོར་རྒྱུན་འཛིན་བྱེད། དེ་ཡང་། སྐད་ཡིག་ནི་རླུང་དང་མཚུངས་ཏེ། དེས་བོད་ཀྱི་ཆོས་དང་། རོལ་དབྱངས། རྩོམ་རིག། ལོ་རྒྱུས་ཀྱི་བྱུང་བ་སོགས་ཀྱི་ཚེ་སྲོག་བསྐྲུན་པས་སོ།། བོད་ཀྱི་སྐད་ཡིག་བཀག་སྡོམ་བྱས་པ་དེ་མཐར་གཏུགས་ན་ནང་ཆོས་ཀྱི་ལེགས་བྱང་དང་། དེའི་ངོ་བོ་རྩ་བརླག་ཏུ་གཏང་རྒྱུ་ལ་དམིགས་ཡོད། སྤྱི་ལོ་ ༢༠༡༡་ཟླ་བ་༥ པའི་ནང་བཏོན་པའི་རྒྱ་གཞུང་གི་གསང་བ་ཕྱིར་གྱར་ཤོར་བའི་ཡིག་ཆ་དེ། “ལྟ་གྲུབ་དང་ཆབ་སྲིད་ཀྱི་གཞུང་ལུགས་སློབ་པའི་འཛིན་གྲྭ་ཁག་ཏུ། རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་སྐོར་གྱི་ཤེས་ཡོན་རྒྱ་བསྐྱེད”ཀྱི་དགོས་གལ་ལ་དམིགས་ཡོད། བོད་ཀྱི་སྐད་ཡིག་ལ་མཚོན་ན་གྲང་དམག་དུས་སྐབས་དང་འདྲ་བར། ད་དུང་ལས་ཀྱི་སྣེ་མོ་བ་ཚོར་ “སྡེ་ཚན་མི་འདྲ་བ་ཁག་སོ་སོར་ཆབ་སྲིད་དང་ལྟ་གྲུབ་སློབ་གསོ་ཡི་ཐབས་ཇུས་ཡར་རྒྱས་ཇེ་ཟབ་གཏོང་དགོས་པའི་སྐོར་”བཤད་ཡོད། དེར་བརྟེན། བོད་ནང་དུ་ལག་བསྟར་བྱས་པའི་པེ་ཅིན་གྱི་གཞི་རྩའི་ཤེས་ཡོན་སྲིད་ཇུས་དེ། རྒྱ་མིའི་སྐད་ཡིག་ནང་བཙན་འགེལ་གྱིས་སློབ་གསོ་སྤྲོད་པ་དང་། དེ་བཞིན་ཆེད་མངགས་ཀྱིས་བོད་སྐད་ཡིག་ཟུར་འདོན་བྱས་ཏེ། འབྱུང་འགྱུར་མི་རབས་ཀྱི་བོད་མི་ཚོའི་ལར་ཞེན་དེ་རྒྱ་གཞུང་གི་ཕྱོགས་སུ་འགུག་པའི་ཐབས་སུ་དམིགས་ཡོད། དེ་ནི་ཉེ་ཆར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་རྣམས་ཀྱིས། རྒྱ་ནག་གི་མགོ་ཁྲིད་གསར་པའམ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕིང་ལ་ཕུལ་བའི་ཞུ་ཡིག་གི་ནང་གསལ་སྟོན་བྱས་ཡོད། ཁོང་ཚོས “ང་ཚོས་བོད་ཀྱི་རིག་གཞུང་གི་རིན་ཐང་ཤེས་ཀྱི་ཡོད་ལ། བོད་མི་རྣམས་ཀྱི་སྒལ་ཚིགས་ལྟ་བུའི་སྐད་ཡིག་དེ་ནུས་མེད་དང་། རིན་ཐང་མེད་པ་ཞིག་ཏུ་བསྒྱུར་པ་དེར་བློ་ཕམ་ཆེན་པོ་ཡོད།…….”སོགས་བྲིས་ཡོད།
ཚེ་རིང་སྐྱིད་ནི་འབྲོག་པ་མང་ཚོགས་ཁྲོད་དུ་འཚར་ལོངས་བྱུང་བའི་གཞོན་ནུ་མ་ཞིག་ཡིན་པས། མོས་རང་གི་འབྲོག་ཁྱིམ་གནས་གཞིས་གསར་ཆགས་བྱས་པའི་དཀའ་སྡུག་གི་ཚོར་བ་དེ་དངོས་སུ་མྱངས་ཡོད། མ་ཟད་མོ་རང་སློབ་མ་ཞིག་ཀྱང་ཡིན་པས་རང་གི་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་རྒྱུན་བསྲིངས་ནས་སློབ་ཁྲིད་བྱེད་དུ་འཇུག་རྒྱུ་མིན་པར་ཤེས་ཡོད། དེ་ལྟར་ཡོད་ཚད་བཙན་འགོག་ཟིན་ལགས་ན། མོར་རང་ཉིད་ཀྱི་སེམས་ཁོང་གི་ན་ཟུག་དེ་སྟོན་པའི་ཐབས་ལམ་གཞན་གང་ཡང་མེད་པའི་ཚོར་ཤུགས་དྲག་པོ་སླེབས་ནས། ཆེས་མཐའ་མར….ཚེ་རིང་སྐྱིད་ཀྱིས་ལམ་ཁ་དེ་ཉིད་བདམས། རང་ལུས་མེར་བསྲེགས་མ་བཏང་གོང་གི་ཟླ་བ་གཉིས་སྔོན་ལ། མོས་རང་གི་ཉེ་འབྲེལ་ཞིག་ལ་“ང་ཚོས་ངེས་པར་ཏུ་ཅིག་བྱེད་དགོས་ཀྱི་འདུག གལ་ཏེ་ང་ཚོས་བོད་དོན་ཆེད་ལས་འགུལ་ཞིག་མ་སྤེལ་ན་ང་ཚོའི་མི་ཚེ་འདི་དོན་མེད་རེད་འདུག”ཅེས་བཤད་ཡོད། དེ་རྗེས་སྤྱི་ལོ་ ༢༠༡༢་ ཟླ་བ་༥་ ཚེས་༢༧་ ཉིན་བོད་མི་ན་གཞོན་གཉིས་ཀྱིས་ཇོ་ཁང་མདུན་དུ་རང་ལུས་མེར་བསྲེགས་བཏང་ཡོད། རྒྱལ་ས་ལྷ་སའི་དབུས་སུ་ཡོད་པའི་ལྷ་ཁང་རྩ་ཆེན་འདིར་། དེང་སྐབས་ཉེན་རྟོག་པ་དང་དྲག་ཆས་དམག་མི་ཡིས་ཁེངས་ནས་ཡོད། རང་ལོ་༡༩་སོན་པའི་རྡོ་རྗེ་ཚེ་བརྟན་ནི་ལྷ་སར་ཡོད་པའི་ཉི་མ་གླིང་ཞེས་པའི་ཟ་ཁང་དེའི་མ་བྱན་ཆེན་མོ་ཡིན་ཞིག་ཡིན་ལ། ཁོང་གི་གྲོགས་པོ་རང་ལོ་༢༤་སོན་པའི་དར་རྒྱས་ནི་ཟ་ཁང་དེའི་དངུལ་གཉེར་ཡིན། དེ་ནས་པེ་ཅིན་གྱིས་གློ་བུར་དམ་དྲག་གི་ཆེད་དུ་རྒྱལ་ས་ལྷ་སར་དྲག་ཆས་དམག་
དཔུང་ཕོན་ཆེན་བཏང་བ་དང་། མདོ་ཁམས་ཕྱོགས་ནས་ཡིན་པའི་ལྷ་སར་གནས་སྡོད་པ་བརྒྱ་ཕྲག་དུ་མ་དོན་མེད་དུ་བཙན་ཕུད་བཏང་ཡོད།
དེ་ནས། ཚེ་བརྟན་རྡོ་རྗེ་དང་དར་རྒྱས་གཉིས་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་བ་གསུམ་འདས་རྗེས། སྤྱི་ལོ་༢༠༡༢་ཟླ་བ་༨་ནང་རྒྱ་ནག་གི་སི་སི་ཊི་བི་(CCTV)རྒྱུད་ལམ་དུ་ལྷ་ས་ནི་རྒྱ་ནག་ནང་གི་ “གྲོང་ཁྱེར་སྐྱིད་ཤོས་”དེ་ཡིན་ཞེས་བསྒྲགས་གཏམ་སྤེལ་ཡོད་མོད། འོན་ཀྱང་རྒྱ་དཔོན་ཚོས་ལྷ་སར་འུད་བསྟོད་བྱེད་ཀྱིན་ཡོད་ན་ཡང་། དོན་དུ་དེ་ལས་ལྡོག་སྟེ། དྲག་དམག་འབོར་ཆེན་གྱི་ཞིབ་བཤེར་ཁང་མང་པོ་བཙུགས་ནས། ལྷ་སར་སླེབས་མཁན་བོད་མི་ཡོངས་རྫོགས་ལ་ལུས་བཤེར་གཏོང་གིན་ཡོད་པ་རེད། ད་དུང་། ལྷ་སར་སྡོད་འདོད་ཡོད་པའི་ས་ཕྱོགས་གཞན་ཁག་ནས་སླེབས་པའི་བོད་མི་ཚོས་དམིགས་བསལ་ཆོག་ཆན་ཞུ་དགོས་ལ། རྒྱ་མི་གསར་འབྱོར་བ་ཚོ་ནི་རང་དབང་དུ་སྡོད་འཇུག་གིན་ཡོད། ཧཱན་རྒྱ་རིགས་ཚོས་ཁོང་ཚོའི་ཕྱི་རྒྱལ་གྱི་(རྒྱ་མིའི་)གོམས་གཤིས་དང་སྐད་ཡིག་དེའི་རྐྱེན་པས། རྒྱལ་ས་ལྷ་སར་ཆུ་ལོག་རྒྱུགས་པ་ལྟར་གྱི་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད། པེ་ཅིན་གནས་སྡོད་བོད་མི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས། ང་ཚོ་བོད་ལ་ཉེན་ཚབས་ཆེ་ཤོས་ནི་རྒྱ་ནག་གིས་རིག་གཞུང་བཙན་འཛུལ་བྱས་པ་དེ་ཉིད་ཡིན་པ་ལས། ཁོང་ཚོའི་དམག་དཔུང་གི་འཇིགས་སྐུལ་དེ་ཕལ་ཆེར་མིན་ཞེས་བྲིས་ཡོད། མོས་ “དེིའི་རྒྱུ་མཚན་ནི། བཙན་རྒྱལ་རིང་ལུགས་པས་བོད་ཀྱི་རིག་གཞུང་བཙན་འཛུལ་བྱས་པ་དེ་ཆེས་མངོན་ཆུང་ཙམ་ལས་ཤེས་རྟོགས་མི་ཐུབ་པས་སོ།”ཞེས་དང་ཡང་། “བཅོས་བསྒྱུར་འདི་དག་གི་བག་ཆགས་དང་ཤུགས་རྐྱེན་དེས་ཁྱོད་ལ་བློས་གཏོང་དང་། མཐུན་འཇུག་བྱ་རྒྱུ་ཉག་ཅིག་ལས་གཞན་པའི་གདམ་ཀ་གང་ཡང་བྱིན་མེད་ལ། མཐར་ཐུག་ “ཁྱོད” རྒྱུན་རིང་པོར་གནས་མི་ཐུབ་པའི་མི་ཞིག་ཏུ་འགྱུར་འགྲོ མཐར་ “ཁྱོད”དེ་ལྟར་ཡལ་ངེས།” ཞེས་བྲིས་ཡོད།
རྒྱ་ནག་གི་གཞི་རྩའི་རྩོད་ལེན་དེ། རྗེས་མ་རང་ལུས་མེར་བསྲེགས་གཏོང་དེ་མཁན་སུ་ཡིན་མིན་དང་། གྲོང་སྡེ་དང་། གྲོང་གསེབ། འབྲོག་པའི་སྦྲ་གུར་སོགས་གང་ནས་ཡིན་མིན་གྱི་ངོ་རྟགས་བཅད་དེ་བཙན་གནོན་བྱ་རྒྱུ་དེ་ག་ལ་ཡིན། དེ་བས་མཐོ་སྒང་གི་མི་མང་ཚོས། རྒྱ་ནག་གིས་བོད་དུ་ལག་བསྟར་བྱས་པའི་བཙན་ཁྲིམས་དེ་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་དང་། བོད་མི་ཡོངས་རྫོགས་ཀྱི་སེམས་ཁོང་ལ་རང་ལུས་མེར་བསྲེགས་གཏང་བར་འཇིགས་སྐྲག་མེད་པའི་ན་ཟུག་དང་སྙིང་སྟོབས་རེ་ཡོད་པར་ངོ་འཕྲོད་པ་བྱ་རྒྱུ་དེ་ཉིད་ཡིན་ལ། དེ་མཚུངས་སུ། པེ་ཅིན་གྱིས་བོད་དེ་“ས་ཆ་སྐྱིད་ཤོས་”དེ་མ་ཡིན་པ་དང་། ད་ལྟའི་གནས་སྟངས་འདི་མི་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་རྒྱ་གཞུང་གིས་ལག་བསྟར་བྱས་པའི་ཆག་གྲུམ་ཤོར་བའི་སྲིད་ཇུས་དེའི་མཇུག་འབྲས་ཡིན་པའི་ནག་ཉེས་ངོས་ལེན་བྱེད་དགོས།
མདོར་ན་རྒྱུན་གནས་ཀྱི་ཐབས་ལམ་ཞིག་འཚོལ་བར། ངེས་པར་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཁ་ཆེམས་ཀྱི་ནང་དོན་རྣམས་ཤེས་རྟོགས་བྱ་རྒྱུ་དང་། ཁོང་ཚོའི་རྩ་བའི་མངོན་འདོད་རྣམས་ལ་བསམ་གཞིགས་ནན་ཏན་བྱ་རྒྱུ་ལས་གཞན་པའི་གདམ་མདོར་ན་རྒྱུན་གནས་ཀྱི་ཐབས་ལམ་ཞིག་འཚོལ་བར། ངེས་པར་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཁ་ཆེམས་ཀྱི་ནང་དོན་རྣམས་ཤེས་རྟོགས་བྱ་རྒྱུ་དང་། ཁོང་ཚོའི་རྩ་བའི་མངོན་འདོད་རྣམས་ལ་བསམ་གཞིགས་ནན་ཏན་བྱ་རྒྱུ་ལས་གཞན་པའི་གདམ་ཀ་ཞིག་མེད།
མ་རྩོམ། http://www.phayul.com/news/article.aspx?id=32854&t=1&c=4
ཨ་ནེ་དེ་སྙིང་རྗེ། ཨོཾ་མ་ཎི་པདྨེ་ཧྰུྃ།
ད་ང་ཚོ་ཤུལ་ལུས་ཚོས་དཔའ་བོ་ཚོར་བསྔོ་སྨོན་རེ་བྱེད་རྒྱུ་དང་ཁོ་ཚོའི་འདོད་དོན་འགྲུབ་ཐབས་བྱ་རྒྱུ་ངེས་པར་མཐོང་།
རྣམ་པ་ཐུགས་ཁུར་གནང་བ་དེ་ཡག་བྱུང་།