བསྟན་དཔལ།
ང་ནི་བོད་པ་ཡིན།
ང་རྒྱ་གར་ནས་སྐྱེས་ནའང་འཚར་ལོངས་བྱུང་ས་བལ་ཡུལ་ཡིན།
ཡིན་ནའང་བལ་ཡུལ་སྐད་ཚུར་བཤད་པ་གོ་ཐུབ་པ་ལས་ཕར་ལབ་ཤེས་ཀྱི་མེད།
ང་རྟ་ཞོན་མྱོང་ལ། རྔ་མོང་དང་གླང་ཆེན། བོང་བུ། གཡག བ་ཕྱུགས་བཅས་ལའང་ཞོན་མྱོང་།
ཞོན་མ་མྱོང་བ་ནི་བྱ་ཆེན་རྔ་མོང་ ostrich དང་མ་ཧེ། ལུག་ལ་མ་ llama ཆུ་རྟ་བཅས་ཡིན་པས།
མ་འོངས་པར་དེ་དག་ལ་ཞོན་ཐུབ་པའི་རེ་བ་ཡོད།
ཕ་ཡུལ་དྲན་པ།
ཕྱི་ཟླ་ ༡༠ བའི་དུས་དཀྱིལ་ཞིག་ལ།
སེར་པོར་གྱུར་པའི་ལོ་མས་ཧྲིག་སྒྲ་སྒྲོག་བཞིན་ང་ལ་སྐད་ཆ་བཤད།
སྐད་ཆ་དེས་ང་ལ་ཕ་ཡུལ་དྲན་དུ་འཇུག
ཕྱི་ཟླ་ ༡༢ ཡི་དགུན་དུས་ཤིག་ལ།
ཁ་བ་དཀར་པོ་མཁའ་དབྱིངས་ནས་མར་སིམ་སིམ་འབབ།
རླུང་གིས་ངའི་སྟོང་སེམས་ལ་ཕོག་ཐུག་གཏོང་།
གྲང་ཟུག་གིས་ངའི་མཁུར་ཚོས་དམར་པོར་འགྲམ་ལྕག་གཞུ།
གྲང་རླུང་དེ་ཡིས་ང་ལ་ཕ་ཡུལ་དྲན་དུ་འཇུག
ཉི་མའི་འོད་ཟེར་ངའི་ཁང་མིག་གང་བོར་ཟེར་ལེམ་མེར་འཕྲོ།
མཛེས་སྡུག་གི་ཉིན་གཅིག ལྐོག་གྱུར་གྱི་བསམ་བློ་མངོན་འདོད་བྱེད།
ངའི་ཕ་ཡུལ་རང་དབང་རེད་དམ།
ངའི་ཕ་ཡུལ་དམ་པོར་བཅིངས་ཡོད་པའི་མདུད་པ་དམར་པོ་དེ།
རང་བཞིན་གྱིས་ལྷོད་ཞིག་ཏུ་འགྲོ་དགོས་ངེས།
ཡིན་ནའང་། ལོ་ངོ་ལྔ་བཅུའི་དུས་ཡུན་རིང་མོར་ངའི་ཕ་ཡུལ་ད་རུང་བཅིངས་ཏེ་ཡོད།