ཨ།
སྐབས་དེར་ཁྱེད་བལ་ཡུལ་བཙོན་ཁང་དུ་ལྟུང་བའི་ཐན་སྐད་བདག་གིས་གོ་དུས། དེའི་སྔོན་ཁྱེད་ཀྱི་ཞི་བའི་གོམ་བགྲོད་འགོ་འཛུགས་ཀྱི་ཉིན་ལ་ལྟོས་ནས་ཀྱང་། ལྡབ་འགྱུར་གྱི་ཚོར་བ་དྲག་པོ་ཞིག་ངའི་ལུས་སེམས་ལ་བྱུང་ཙང་། དེ་དུས་ངས་ངའི་ཁོར་ཡུག་གི་མི་ཚོར་ཁྱེད་རང་འདྲི་འགོ་བརྩམས་པ་ཡིན་ལ་མི་ཚོའི་སྐད་ཆ་དེ་ཡང་། ཁྱེད་ཀྱིས་གཞི་གྲོང་གསུམ་པར་ཟ་ཁང་བཟུང་ནས་སྡོད་རིང་། ཁོ་བ་ཚོས་དེ་ནས་ཟ་མ་ཟོས་མྱོང་བ་དང་ཁྱེད་ཀྱི་ལག་ཟས་བཟང་རབས་སྐོར་དེ་རེད། ཁྱད་མཚར། ངས་ཅི་ཙམ་བསམ་བློ་བཏང་རུང་ཁྱེད་དང་ཁྱེད་ཀྱི་ཟ་ཁང་། ད་དུང་ཉིད་ཀྱི་ལག་ཟས་སྤུས་ཁ་སོགས་ཅི་ཡང་དྲན་གྱི་མི་འདུག འོན་ཀྱང་། མི་ཚོ་ནང་བཞིན་ང་ཁྱེད་ཀྱི་ཟ་ཁང་དུ་སོང་ཡོད་ཁོ་ཐག་ཡིན། གང་ལྟར་ད་ལྟ་ངས་ཁྱེད་རང་དྲན་ཞིང་སེམས་དུས། ཁྱེད་ཀྱི་ཞི་བའི་གོམ་བགྲོད་སྔ་གཞུག་རིང་ལ་ངོ་དེབ་གཙོ་གྱུར་གྱི་དྲ་ཚིགས་གང་ན་བཀྲམ་པ་དག་སྟེ། ཧ་ཅང་ཡིད་འཕྲོག་པའི་ཉིད་ཀྱི་འདྲ་པར་དང་གནས་ཚུལ་རྐྱང་རྐྱང་དེ་ཚོ་རེད། དེའི་ཕྱིར་ང་ཁྱེད་ཀྱིས་ངོ་ཤེས་ཚོད་མ་རེད་ལ་ངས་ཀྱང་ཁྱེད་རང་ངོ་ཤེས་མ་ཐུབ་པ་དེ། ངར་མཚོན་ན་སྐྱོ་གར་ཞིག་ཡིན།
དེ་ནས་ཁྱེད་བལ་ཡུལ་བཙོན་ཁང་དུ་བཞུགས་ཏེ་ཟླ་འགའི་རྗེས་ཅིག་ཡིན་ཚོད་ཡོད། བདག་གིས་ངོ་དེབ་བརྒྱུད་ཁྱེད་ཀྱི་སྐོར་ནས་དྲི་བ་རང་བཞིན་ཅན་གྱི་འཕྲིན་ཐུང་ཞིག ངའི་དྲ་གྲོགས་དང་དྲ་གྲོགས་མ་ཡིན་པའི་འུ་ཚོའི་དགེ་རྒན་དང་གསར་འགོད་པ། རྩོམ་པ་པོ་དང་དེ་མིན་ངོ་ཤེས་སྐོར་ཞིག་ལ་ཞི་ཞི་ལགས་ལགས་ངང་ཕུལ་བ་ཡིན་ཏེ། བཀུར་འོས་འགའ་རེ་མ་གཏོགས་སུས་ཀྱང་ཨ་ལན་མ་སྤྲད་པས། ངའི་ཞེ་འདོད་ཀྱི་(གྲྭ་རྐྱང་ངར་རོགས་པ་ཞིག་རག་པ་མ་ཟད་དྲི་ལན་ཕྱོགས་བསྡུས་ཀྱི་དེབ་ཆུང་ཞིག་ཀྱང་བཏོན་ཐུབ་པའི་རེ་བ་)ལྐུག་རྟགས་དེ། ཏག་ཏག་དུས་ཚོད་ཐུང་ངུ་ཞིག་གི་ཚེར་ཤི་སོང་པ་དེ་རེད།
སྤྱིར་མི་གཞི་དང་བསམ་བློས་དབུལ་པོའི་མི་ཚོ་ལ་ཕར་ག་ཚོད་བཏུད་ཀྱང་ཚུར་ལ་ལྡོག་སྟེ་ངན་བྱེད་པ་ནི་ཆོས་ཉིད་འདྲ་ཞིག་རེད། ཅི་ཡིན་རུང་། ངས་དེ་རིང་སྔར་ཉེས་ཕྱིར་དྲན་ལམ་ནས་ཁྱེད་དང་ཁྱེད་ཀྱི་ཡང་དག་པའི་ཞི་བའི་འཐབ་རྩོད་ལ་དགོངས་དག་ཞུ་འདོད་པ་མ་ཟད། ང་ཁྱེད་ལ་དགའ་ཡང་ཁྱེད་ཀྱི་རྒྱབ་སྐྱོར་པ་གཉོམ་ཆུང་ཞིག་ཡིན་ཞེས་མཆན་ཡིག་རེ་བདག་གིས་བྲིས་པའང་ངེས་དོན་དུ་སོང་གཤིས། ངས་ཁྱེད་ལ་བདེན་པ་ཞིག་ཀྱང་འབུལ་ན་འདོད་ཀྱིན་ཡོད།
རེད། དུས་དེ་ནས་བཟུང་ངས་ཁྱེད་ཀྱི་སླད་དུ་སྙན་རྩོམ་རེ་ཡིན་ལོ་འགའ་བསྟུད་མར་སྤེལ་མྱོང་ལ་དེ་དག་ནི། འུ་ཚོའི་ཁོར་ཡུག་འདི་ནས་སྐྱེས་ཆེན་ཁྱེད་ཀ་རང་རེའི་མང་པོ་ཞིག་གིས་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་གླེང་ཞིག་སློང་ཆེད་དང་། ཁྱེད་ཀྱི་ཚེ་སྲོག་གིས་ཉོས་པའི་རང་གི་ཞི་བའི་འཐབ་རྩོད་དེའི་ཡོད་དོ་ཅོག་ལ་རྒྱབ་སྐྱོར་མཚོན་བྱེད་ཅིག་ཀྱང་ཡིན་ཟེར་ཆོག དེ་མིན་ངའི་ངོས་ནས་བཤད་ན། སྐབས་ཅིག་ལ་ངས་ཁྱེད་རང་འདྲི་འགོ་བརྩམས་ནས་བཟུང་སྐུ་ཉིད་དོན་ངོ་མ་ཅི་ཞིག་ཡིན་མིན་དེ། ང་རང་ཉིད་ཀྱིས་རྙེད་ཚོད་ངའི་བྲིས་ལོ་དེ་དག་གི་སྲོག་ཏུ་ཡོད། མ་གཞིར་ངས་ཅི་ཡང་མི་ཤེས་ཚུལ་ང་རང་ཉིད་ཀྱིས་ཀྱང་གསལ་གསལ་རྗེན་རྗེན་ངེས་བཞིན་ཡོད་ན་ཡང་། ཁ་གྲག་རྒྱུ་མེད་པའི་ཁོར་ཡུག་འདི་ནས་ཐ་ན་ཁྱེད་ཀྱི་སྐོར་བླུན་པོ་ང་འདྲ་བས་རྗོད་འཁུར་ལེན་གྱིན་པ་འདི་རེད།
ངས་ད་དུང་ཐེངས་འདིའི་སྐད་ཆའི་མཇུག་སྡུད་བྱེད་དང་ལྷན་དུ་ཁོར་ཡུག་གི་མི་ཚོར་རེ་བ་ཞིག་བཏོན་འདོད་པ་ལྟར་བཤད་ན། ང་ལས་རྒྱུ་ཅན་རིགས་སྤུན་སེམས་བཟང་ཞིག་གིས་སྦྱིན་བདག་དང་ང་ལས་ཡི་གེ་བ་ཡག་པོ་ཞིག་གིས་རྩོམ་པ་པོ་གནང་ནས། གླིང་ཚའི་ཞི་བའི་འཐབ་རྩོད་དང་ཞི་བའི་གོམ་བགྲོད་སྔ་གཞུག་གི་དངོས་བྱུང་ལོ་རྒྱུས་ཅིག་ས་ཐོག་འདིར་མེ་ཏོག་རྐང་གཅིག་གི་ཚུལ་དུ་ཡོད་པར་བཟོ་ཨེ་ཐུབ་ཟེར་འདོད་པ་དེ་ཡིན། འདི་ཡང་ང་རང་ཉིད་ཀྱི་ངོས་ནས་རང་གི་སྨྲ་རྗོད་རང་དབང་ལྟར་ཟེར་གྱིན་ཡོད་ལ། འུ་ཚོའི་ཁོར་ཡུག་འདིའི་ཡོད་ཚད་ང་འདྲ་པོ་ཞིག་མིན་པར་ཡིད་ཆེས་ཀྱི་ཐོག་ནས་ཀྱང་སྨྲ་བཞིན་ཡོད།།
མི་ལོ་ཉི་ཤུའི་རིང་ལ་བསམ་བསམ་ནས།
རང་གི་མི་ཚེ་བོད་པར་གནང་མཁན་ཏེ།
འཇིག་རྟེན་འདི་ཡི་རིན་ཆེན་བསམ་བློ་བ།
གླིང་ཚ་ཁྱེད་ནི་ང་ཚོའི་སྙིང་སྟོབས་ཡིན།
ཚེ་འདི་བློས་བཏང་དེ་བཞིན་དམ་བཅའ་ཡི།
སྔོན་མེད་ཞི་བའི་འཐབ་རྩོད་འདི་དང་དེའི།
ཆ་ཤས་ཇུས་བཟང་མང་པོ་གསར་གཏོད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་དར་ཆ་ཡིན།
གོང་ས་མཆོག་གི་ཐུགས་རྗེའི་དྲོད་སྐྱིབས་དང་།
སྒྲིག་འཛུགས་ཅེས་པའི་ཕྱག་གི་བདེ་བ་ནས།
ཟ་འཐུང་གཉིད་ལ་ཞེ་ནས་འཇིགས་པ་ཅན།
གླིང་ཚ་ཁྱེད་ནི་ང་ཚོའི་རྟོགས་སད་ཡིན།
བོད་མི་ཁྲི་ཕྲག་འདུས་པའི་ར་བ་ནས།
ཀུན་ལས་ཁྱད་འཕགས་མི་བུ་རིན་པོ་ཆེ།
ཕ་ཡུལ་བོད་ལ་ཞི་བའི་གོམ་བགྲོད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་ང་རྒྱལ་ཡིན།
གཞིས་ཡུལ་བོད་ཀྱི་ཕ་མའི་ས་ཆ་ན།
སྲེག་བཙོན་གསོད་རྡུང་སྡུག་གིས་བཀང་ཡོང་དུས།
གཞན་ཡུལ་འདི་ནས་ལུས་སེམས་གདོང་མཆོང་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་ལ་རྒྱ་ཡིན།
ཁ་ནས་བོད་ཅེས་སྙན་པའི་གླུ་གྱེར་ཡང་།
བོད་དོན་བྱ་བ་བར་སྣང་སྟོང་པ་ཡི།
ཁ་ཁོག་སོ་སོར་ནམ་ཡང་མི་བྱེད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་སྒལ་ཚིགས་ཡིན།
གཉེན་ཉེ་ལོངས་སྤྱོད་གནས་མལ་ཕུན་ཚོགས་ཀྱི།
འཁོར་བ་འདི་ཡི་རང་དོན་དཔལ་ཡོན་རྣམས།
བོར་ནས་གཞན་དོན་སྒྲུབ་ལ་རྩལ་འདོན་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་དཀོན་མཆོག་ཡིན།
གླིང་ཚའི་སྐོར་ད་ནི་གོ་རྒྱུ་ཅི་ཡང་མི་འདུག ཅི་ཞིག་བྱུང་སོང་བ་ཡིན་ནམ། གསར་འགྱུར་བརྒྱུད་ལམ་ཁག་གིས་བརྗེད་སོང་ནི་ཨེ་རེད།