སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།
ཕྱི་ལོ་༡༩༩༦ལོའི་ལོ་མཇུག་ཙམ་ལ་ཁོ་བོ་བོད་ནས་རྒྱ་གར་དུ་འབྱོར་རྗེས། རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ལོ་གཅིག་ཙམ་ལ་བསྡད་དེ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་མདོ་སྡེ་རྒྱན་སོགས་ལ་མཉན་ཅིང་དེ་ནས་བལ་ཡུལ་དུ་ཕྱིན། དེ་རྗེས་ཡང་ཕྱིར་རྒྱ་གར་དུ་ཡོང་སྟེ་བཞུགས་སྒར་རྡ་རམ་ཕྱིན་ནས་ལོ་གང་མང་ཞིག་ཏུ་དེར་བསྡད། དེ་ཡང་རྒྱ་གར་དུ་སླེབས་པའི་ལོ་དེ་ཀའམ་ཡང་ན་དེའི་ཕྱི་ལོ་ཙམ་ནས་ཀླུ་སྨྱོན་ཧེ་རུ་ཀའི་མཚན་ཐོག་མར་གོ་ཞིང་། སྐབས་དེ་དག་ཏུ་ཧོར་གཙང་འཇིགས་མེད་དང་། ཀླུ་སྨྱོན་ཧེ་རུ་ཀ་གཉིས་ཀྱི་མཚན་སྙན་ང་ཚོ་བཙན་བྱོལ་བོད་མིའི་རྩོམ་པ་པོའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་དུ་མ་ཤོངས་བའི་དཀའ་ངལ་དང་འཕྲད་ཀྱི་ཡོད། རིམ་བཞིན་བདག་དང་འབྲོང་གི་ཕ་ས་དང་། ཁོང་རང་གི་ལོ་རྒྱུས་རྒྱལ་ཁབ་མེད་པའི་མི་ (homeless person) སོགས་ཁོང་གིས་བྲིས་པའི་དེབ་མང་པོ་བཀླགས་རྒྱུ་བྱུང་ཞིང་། བོད་དམར་པོ་ཁྲག་གི་ཨོཾ་དང་། ཤམྦྷ་ལའི་དུད་སྤྲིན་ཟེར་བ་སོགས་ཀྱི་བརྗོད་བྱ་རྣམས་མིག་ལམ་ལ་དངོས་སུ་ཤར་ཐུབ་པ་ལྟ་བུ་ཞིག་འདུག་པས་ཁོང་གི་སྨྱུག་རྩལ་ལ་ཡིད་སྨོན་ལན་མང་དུ་ཤོར། ཡང་གོ་རིམ་སྔ་ཕྱི་ཇི་བཞིན་མ་དྲན་ཀྱང་ཁོང་གིས་སྙན་ངག་མེ་ལོང་ལ་སྐྱོན་བརྗོད་བྱས་པའི་རྩོམ་ཞིག་འདུག་པར་ལོག་ལྟ་ཕྲན་བུ་ཤོར་ཞིང་། ཁོང་གི་ལོ་རྒྱུས་ཀྱི་ནང་དུ་འོད་དཔག་མེད་ཀྱི་ཞལ་གཟིགས་ཚུལ་ཞིག་འདུག་པ་ལ་དད་པ་ཡང་སྐྱེས་མྱོང་། རྡོ་རྗེ་གདན་གྱི་རྙིང་མའི་སྨོན་ལམ་སྐབས་དགུ་པའམ་བཅུ་པ་གང་རུང་ཞིག་གི་སྐབས། མི་གཞན་ཞིག་གིས་ཀླུ་སྨྱོན་ཧེ་རུ་ཀ་ཟེར་བ་དེ་ཕ་གི་རེད་བསྟན་བྱུང་བ་བཞིན། མཚན་སྙན་འབྲུག་སྟོང་ལྟར་གྲགས་པའི་ཀླུ་སྨྱོན་ཧེ་རུ་ཀ་ཐོག་མར་དངོས་སུ་མཐོང་ཞིང་། ཁོང་ནི་གདོང་པ་རིང་ཞིང་དཀར་བ་དང་། སྣ་ཡི་གཟེངས་མཐོ་ཞིང་སྨིན་མ་ཤིན་ཏུ་སྟུག་པ། ཞལ་རས་ལ་འོད་ཆགས་ཤིང་རང་བཞིན་གྱིས་འཛུམ་མདངས་ཕྲན་བུ་ཡོད་པའི་གྲྭ་གཞོན་ཕོ་ཉམས་ལྡན་པ་ཞིག་འདུག སྐབས་དེར་སྨོན་ལམ་གྱི་དགུང་མོའི་ཚོགས་ཐུན་གྱི་སྐབས་ཡིན་པས་གྲྭ་མང་གིས་འཇམ་དཔལ་མཚན་བརྗོད་འདོན་གྱིན་འདུག་ཀྱང་། ཁོང་གིས་གཟན་གྱི་འོག་ཏུ་སྨྱུག་གུ་དང་དེབ་ཆུང་ཞིག་བཟུང་ནས་མཆོད་རྟེན་གྱི་དབུ་རྩེ་ལ་བལྟ་ཙམ་རེ་བྱེད་ཞོར་ཅིག་འབྲི་གིན་བསྡད་འདུག འོན་ཀྱང་མཐོང་བ་ཙམ་ལས་འཚམས་འདྲི་སོགས་ནི་ཅི་ཡང་མ་བྱས། དེ་རྗེས་སྐབས་ཤིག་ལ་ཀླུ་སྨྱོན་ཧེ་རུ་ཀ་རྙིང་མའི་བླ་མ་ཞིག་གི་སྤྲུལ་སྐུར་ངོས་འཛིན་བྱས་པ་རེད་ཟེར་བ་དང་། དེའི་རྗེས་ཞིག་ལ་ཨ་རིར་ཕེབས་ནས་ཆོས་ཚོགས་ཆེན་པོ་བཙུགས་བསྡད་ཟེར་བ་སོགས་གོ་ཡང་དམིགས་བསལ་གྱི་དོ་སྣང་མ་བྱུང་། ཕྱི་ལོ་༢༠༠༧ལོར་ཁོ་བོ་ཡང་ཨ་རིར་སླེབས་ཤིང་། དེ་ནས་གློག་ཀླད་ཆག་རོ་ཞིག་ཀྱང་ཡོད་པར་གྱུར་པ་དང་། ༢༠༠༨ཀྱི་ལོ་ཙམ་ནས་དབྱིན་ཡིག་དང་རྒྱ་ཡིག་ལྟར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བོད་ཡིག་གི་དྲ་རྒྱ་ཡང་ཡོད་པར་གྱུར་བས། ཡང་བསྐྱར་ཀླུ་སྨྱོན་ཧེ་རུ་ཀའི་མཚན་སྙན་གྱི་འབྲུག་སྒྲས་རྣ་བ་འོན་གྲབས་བྱེད་པའི་མགོ་བཙུགས་སོང་། སྐབས་དེར་ངས་དོ་སྣང་བྱེད་ཡུལ་ཆེ་ཤོས་དེ་ཁོང་གི་དྲ་རྩོམ་རྣམས་མིན་པར་ཁོང་ལ་དོན་མེད་དུ་བསྟན་དགྲ་དང་། གྲྭ་རྫུན། བླ་རྫུན། སྤྲུལ་རྫུན་ཟེར་ནས་ཉི་མ་དུ་ཤར་ལ་སྡིག་དམོད་བྱེད་མཁན་སྐོར་ཞིག་འདུག་ཀྱང་། ཁོང་གིས་དེ་དག་ལ་ཚིག་ངན་གཅིག་ཀྱང་མི་གསུངས་ཞིང་། སྐབས་རེ་ཁ་མཚར་ལྟ་བུའི་ལན་རེ་སློག་པ་དང་། ཡང་ན་བཏང་སྙོམས་སུ་འཇོག་ཅིང་དེ་དག་གིས་ཁོང་དྲ་ཐོག་ཏུ་ཡོང་རྒྱུ་ལ་འགལ་རྐྱེན་ཅི་ཡང་ཐེབས་ཀྱི་མི་འདུག་པས་དེ་ལ་དོ་སྣང་ཆེན་པོ་བྱུང་སོང་། སྔར་༢༠༠༦ལོར་ང་རྡ་རམ་ས་ལར་སྡོད་སྐབས་བཻ་རོ་ཙ་ནའི་རྣམ་ཐར་འཁྲབ་གཞུང་ཞིག་ཡིག་ཐོག་ཏུ་ཕབ་ཡོད་ཀྱང། འཁྲབ་གཞུང་འབྲི་རྒྱུར་ཉམས་མྱོང་ཆེན་པོ་མེད་སྟབས་དེ་ཙམ་གྱིས་བློ་ཁ་གང་བ་ཞིག་བྱུང་མེད་པས། ཁོང་ལ་ཉམས་མྱོང་བརྗེ་རེས་སོགས་ཀྱི་གླེང་མོལ་རེ་བྱེད་འདོད་ཀྱང་། ངའི་སེམས་སུ་ཁོང་མི་དྲག་ཆེན་པོའི་ཨོ་ཟོབ་སྟོན་མཁན་ཞིག་ཡིན་ཤག་བྱས་ནས་ཐད་ཀར་འབྲེལ་བ་འཛིན་རྒྱུའི་སྙིང་སྟོབས་ཀྱིས་འདང་མ་སོང་། སྤྱིར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་ལ་མི་འདྲ་སའི་བར་ཁྱད་ཆེན་པོ་གཅིག་མཐོང་བ་ནི། བོད་ནང་གི་བླ་མ་དང་མི་དྲག་ཅི་ལྟ་བུ་ཞིག་ཡིན་ཡང་མཇལ་ཁ་ཞུ་སླ་ཞིང་སྐད་ཆ་བཤད་བདེ་བར་མ་ཟད། འགྱིང་ཉམས་དང་ཆེ་ཉམས་སོགས་སྟོན་མཁན་ཤིན་ཏུ་ཉུང་ན་ཡང་། རྒྱ་གར་དང་བལ་ཡུལ་གྱི་བོད་མི་ཚོ་ནི་དེ་དང་མི་འདྲ་བར་གཞིས་ཆགས་ཚོ་སྨྲོས་ཅི་དགོས། རང་དང་སྐལ་བ་མཉམ་པའི་གསར་འབྱོར་ཞིག་ཡིན་རུང་ཐ་ན་ཇ་ཁང་ཆུང་ངུ་ཞིག་ཕྱེ་ཐུབ་པའམ། ཡང་ན་སྦག་སྦག་འཁོར་ལོ་ཞིག་ཉོ་ཐུབ་ན་དེའི་ཕྱི་ཉིན་ནས་ཚེ་རིང་དོན་གྲུབ་ཀྱིས་བྲིས་པའི་ར་ལོའི་སྒྲུང་རྩོམ་ནང་གི་ར་ལོ་ལྟར། སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་ཆ་ཚང་འགྱུར་འགྲོ་བས། ཀླུ་སྨྱོན་ཧེ་རུ་ཀ་ནི་རྩོམ་པ་པོ་གྲགས་ཅན་ཡིན་པའི་ཁར་སྤྲུལ་སྐུ་ཆེན་པོ་ཡིན་པ་དང་། ཨ་རིར་སླེབས་ནས་ལོ་མང་འགོར་ཟིན་པས་ད་ཆ་ཕྱུགས་བདག་ཞིག་ཀྱང་ཡིན་ངེས་དང་། དེའི་སྟབས་ཀྱིས་སྐུ་ངོ་མི་ཆེན་ཀྱི་འགྱིང་ཉམས་སྟོན་མཁན་ཞིག་ཀྱང་ཡིན་ཤག་བྱས་པ་ཙམ་ལས་དམིགས་བསལ་གྱི་རྒྱུ་མཚན་གཞན་མེད།
ཐེངས་ཤིག་ཁོང་གིས་བྲིས་པའི་ངའི་རྒྱུད་ལ་སྙིང་རྗེ་སྐྱེས་པའི་དུས་སུ་ཟེར་བའི་རྩོམ་ཐུང་དེས་ངའི་སྙིང་དམར་པོ་ལ་སྦར་འཇུ་ཆེན་པོ་ཞིག་བརྒྱབས་སོང་ཞིང་། རྩོམ་ཡིག་དེ་ཀློག་སྐབས་ཁོང་ལ་ཐལ་མོ་སྦྱར་ཞོར་མིག་ཆུ་རྡོག་པོ་ཁ་ཤས་ཀྱང་མཁུར་མགོ་ནས་མར་ལྷུང་སོང་། རྩོམ་ཡིག་དེ་བཀླགས་མྱོང་མཁན་དང་། སྙིང་རྗེ་དང་བྱང་སེམས་ལ་དོ་སྣང་ཕྲན་བུ་བྱེད་མྱོང་མཁན་ཞིག་ཡིན་ཕྱིན། རྩོམ་ཡིག་དེ་ཉམས་མྱོང་གི་རྩོམ་ཡིག་ཅིག་ཡིན་པ་ལས་སྨྱུག་རྩལ་ཆེ་བ་ཙམ་གྱིས་ཐོན་རྒྱུ་ཞིག་མིན་པ་ཤེས་ངེས་པས་དོ་སྣང་ཅན་ཚོས་ཅིས་ཀྱང་ཀློག་རོགས་ཞུ་བ་ལགས།
གང་ལྟར་ཡུན་རིང་ཙམ་འགོར་རྗེས་ངེད་གཉིས་ཀྱི་བར་ལ་གློག་འཕྲིན་གཏོང་རེས་ཡོད་པ་ཞིག་ཏུ་གྱུར་ཅིང་། དེ་ནས་ག་ལེ་ག་ལེར་སུ་ཁེབ་ཀྱི་ཐོག་ནས་སྐད་ཆ་བཤད་རེས་ཡོད་པ་ཞིག་ཏུ་གྱུར་སོང་བས། ཁོང་གི་ཐུགས་འདོད་ལྟར་ངས་ཁོང་ལ་ཚིག་གསུམ་གནད་བརྡེག་རྩ་འགྲེལ་ཀྱི་དཔེ་ཆ་དང་། བཀླགས་ལུང་ཞིག་ཀྱང་ཕུལ་བ་ཡིན་ལ། ང་འབྲུག་ལ་འགྲོ་སྐབས་ཁོང་གིས་མཁའ་འགྲོ་དང་ཁྱེད་གཉིས་ལ་གསོལ་ཇ་ཞིག་ཕུལ་རྒྱུའི་ཚབ་ཡིན་ཞེས་ཨ་རིའི་སྒོར་མོ་བརྒྱ་ཡོད་པའི་དངུལ་འཛིན་ཞིག་ཀྱང་བཏང་བྱུང་།
ང་འབྲུག་ནས་ཕྱིར་སླེབས་རྗེས་ཟླ་གཅིག་ལྷག་གི་རིང་ཁོང་དྲ་ཐོག་ཏུ་མ་ཕེབས་པར་མ་ཟད། ཐ་ན་གློག་འཕྲིན་ཞིག་ཀྱང་བཏང་མ་སོང་ཞིང་། མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་སང་གིས་ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་པ་ཞིག་བྲིས་ནས་དྲ་ཐོག་ཏུ་བཞག་སོང་ཡང་། ཁོང་གིས་མཆན་བུ་ཙམ་ཡང་གནང་མ་སོང་བས་ང་བློ་འཚབས་ནས་མཛངས་མ་ཚེ་རིང་སྐྱིད་ལ་སྐད་ཆ་དྲིས་པ་ཡིན། འོན་ཀྱང་ཁོ་མོས་ཐད་ཀར་ལན་ཅི་ཡང་མ་བཏབ་ཅིང་། ཉིན་ཤས་ཀྱི་རྗེས་ནས་ང་ལ་ཚུར་ཀླུ་སྨྱོན་དང་ཐུག་སོང་ངམ་ཞེས་འདྲི་གི་འདུག ཉིན་ཞིག་ཁོང་གློ་བུར་དུ་སུ་ཁེབ་ཐོག་ཏུ་སླེབས་ཤིང་། ཡུན་རིང་ཞིག་ལ་ཅུང་ན་བའི་རྐྱེན་གྱིས་དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། ན་བ་འདི་ལས་སྡུག་ཅིག་མི་འདུག་ཀྱང་ཡག་ས་གཅིག་ཡོད་པ་དེ་སེམས་ཅན་ལ་སྙིང་རྗེ་ཕྲན་བུ་རེ་བསྒོམ་ཐུབ་ཀྱི་འདུག་གསུངས་བྱུང་། ནམ་རྒྱུན་དྲ་ཐོག་ནས་སྙིང་རྗེ་དང་སེམས་བསྐྱེད་སོགས་ཀྱི་སྐད་ཆ་རེ་བཤད་སྐབས་རྒྱ་བོད་ཀྱི་གཞུང་མང་པོའི་ཚིག་དོན་རྣམས་ཆུ་བཞུར་བ་ལྟ་བུ་ཞིག་འདུག་པས། བལྟས་ཚོད་ལ་སྔ་ཉིན་ནས་སང་ཉིན་འུ་གཉིས་ཀྱིས་འདིའི་ཐོག་ནས་བགྲོ་གླེང་བྱེད་རྒྱུ་ཡིན་པས་དོ་དགོང་གྲ་སྒྲིག་གྱིས་ཤོག་ཅེས་སྔོན་བརྡ་བརྒྱབ་པ་ཞིག་དང་འདྲ།
དེ་རྗེས་༧ཐམས་ཐད་མཁྱེན་པའི་དུས་དབང་སོ་གཅིག་པ་ཨ་རིའི་རྒྱལ་ས་ཨ་ཤིན་ཊོན་དུ་གནང་སྐབས་ཁོང་ངའི་ཁྱིམ་དུ་ཡོང་རྒྱུ་བྱས་པ་བཞིན། ཕྱི་ཟླ་༧པའི་ཚེས་༧ཉིན་ངའི་ཁྱིམ་དུ་ཕེབས་ཤིང་། ངེད་ཕ་བུ་གཉིས་ཀྱི་ཁྱིམ་ཉོབ་ཆེ་བ་དང་། ཁྱིམ་ཚང་ཡིན་ཟེར་ན་ལས་ཁུངས་ཤིག་དང་འདྲ་ཞིང་། ལས་ཁུངས་ཡིན་ཟེར་ན་ཉལ་ས་སོགས་ཡོད་པའི་ཁྱིམ་ཚང་ཞིག་དང་འདྲ་བ། དོན་དངོས་ལ་སྨན་ཇོ་ཐོག་ཅིག་གི་གྲིབ་མ་ཙམ་ཡང་རིག་རྒྱུ་མེད་པའི་དམག་མིའི་ཉལ་ཁང་ཞིག་དང་འདྲ་བོ་དེའི་ནང་དུ་ཁོང་འབོད་རྒྱུ་ལ་ང་ངོ་ཅུང་ཙམ་ཚ་སོང་ཡང་ཐབས་ཤེས་མི་འདུག ཐོག་མར་ཆོས་ཚོགས་སུ་ཕེབས་ཏེ། ངས་བཟོས་པའི་སྒྲ་དབྱངས་རྒྱ་མཚོའི་གླིང་ཞེས་པ་ལྷ་མོ་དབྱངས་ཅན་མའི་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་། སྣང་གསལ་གྱི་མཆོད་པ་ཕུལ་ནས་དབྱངས་ཅན་མའི་བསྟོད་པ་ཁ་ཤས་བཏོན་སོང་། དེའི་དགོང་མོ་དང་ཕྱི་ཉིན་ཞོགས་པ་གཉིས་སུ་ངེད་གཉིས་ཀྱིས་མིག་མང་ཐེངས་མང་པོར་བརྩེས་པ་དང་། མགོ་རྔ་ཡོད་མེད་ཀྱི་སྐད་ཆ་སྣ་ཚོགས་གང་མང་བཤད་སྐབས། ཁོ་བོ་ཡང་རྒྱུ་ནོར་མེད་པ་མ་གཏོགས་ཤེས་རབ་མེད་མཁན་ཞིག་མིན་པས། ཁོང་གི་ཐུགས་ལ་བྱམས་སྙིང་རྗེའི་རྒྱ་མཚོ་ཆེན་པོ་ཡོངས་སུ་འཁྱིལ་བའི་སྐྱེས་ཆེན་དམ་པ་གསེར་གྱི་རི་བོ་ལྟ་བུ་ཞིག་ཡིན་པ་ཧ་ཅང་གསལ་བོར་ཤེས་སོང་། དེར་བརྟེན་ཞོགས་ཇ་འཐུང་ཞོར་དུ་ངས་ཁོང་ལ། ངས་ཁྱེད་སྙིང་རྗེ་དང་བྱང་སེམས་ཆེན་པོ་ཡོད་མཁན་ཞིག་ཏུ་མཐོང་སོང་བས། མ་འོངས་པར་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་བྱམས་སྙིང་རྗེའི་ཉམས་ལེན་ཤུགས་ཆེན་པོ་སྤེལ་རྒྱུ་ལ་འབད་དགོས་ཀྱི་འདུག ངས་བྱམས་བརྩེའི་གདམས་ངག་ཆེན་མོ་ཟེར་བ། བྱམས་སྙིང་རྗེ་ཉམས་ལེན་བྱེད་ཚུལ་གྱི་མན་ངག་ལེའུ་བཅོ་བརྒྱད་ཅན་ཞིག་བྲིས་ནས་ད་སྐབས་དབྱིན་བསྒྱུར་བྱེད་ཀྱི་ཡོད་པ་དེ་ངས་ཁྱེད་ལ་ཕུལ་ནས། ཁྱེད་ཀྱིས་གཟིགས་ཞིབ་དང་དག་བཅོས་ཁ་སྣོན་སོགས་གང་འདོད་བྱས་ཏེ། རྟེན་འབྲེལ་གྱི་ཆེད་དུ་སྐུ་ཉིད་ཀྱི་མཚན་ཐོག་ནས་པར་སྐྲུན་ཞུས་ན་ཡག་པོ་ཡོང་བ་འདྲ། མ་འོངས་པར་ཁྱེད་བྱམས་སྙིང་རྗེའི་བཀའ་བབས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད་འདུག་ཅེས་ཞུས་པས་ཁོང་གིས། ག་པ་ག་པ། ང་ལ་བྱམས་སྙིང་རྗེ་ཟེར་རྒྱུ་ཞིག་གང་ན་ཡོད། འོན་ཀྱང་སེམས་མི་སྐྱིད་པ་སོགས་ཀྱི་སྐབས་སུ་ཁུ་ནུ་བླ་མའི་བྱང་ཆུབ་སེམས་བསྟོད་དེ་ཐེངས་མང་པོར་བཀླགས་ཀྱི་ཡོད། དེས་སེམས་ལ་ཡང་སིལ་སིལ་འདྲ་བོ་ཞིག་ཡོང་གི་འདུག་གསུངས།
དེ་ནས་ཉིན་ཤས་རིང་དུས་འཁོར་དབང་ཆེན་ཞུས་རིམ་བཞིན་ཉིན་རེར་གསུང་ཆོས་ར་བ་ནས་ཐུག་ཅིང་ཉིན་རེར་ཐུག་གི་མི་འདུག ཕྱི་ཚེས་༡༥ཉིན་ངེད་གཉིས་བོད་ཁྲོམ་ནས་ཐུག་པས་མོག་མོག་དང་སྐམ་ཐུག་ཉོས་རྗེས་ར་ཁུག་ཅིག་ཏུ་བསྡད་དེ་མཉམ་དུ་ཟོས། ཟ་མ་ཟ་བའི་རིང་ཁོང་གིས་ར་ཐོག་ནས་ཡར་ག་ཤེད་ཅིག་ལ་ཡང་ཡང་བལྟ་གི་འདུག ཐོག་མར་ངས་དོ་སྣང་མ་བྱས་ཀྱང་ཐེངས་བཅུ་ཁ་ཞིག་ལ་བལྟས་རྗེས་ཅི་ཡིན་བསམ་ནས། ཨ་རོགས་ཅི་རེད། བུ་མོ་མཛེས་མ་ཞིག་མཐོང་སོང་བ་མ་རེད་དམ། ཞེས་དྲིས་པས། མ་རེད་ལགས། སྙིང་རྗེ། ཕུག་རོན་ནད་པ་ཞིག་འདུག འགྲོ་མ་ཐུབ་པར་བསྡད་འདུག རྐང་བ་ལ་སྐྱོན་ཞིག་ཤོར་ཡོད་པ་འདྲ་ཟེར། དེ་ནས་ངས་ཀྱང་ཕྱིར་བལྟས་བྱས་པས་བོད་པའི་ཕྲུ་གུ་ཞིག་གིས་ཕུག་རོན་ཞིག་བཟུང་འདུག་ཅིང་། ཕྲུ་གུ་དེས་ཁང་བརྩེགས་ཆེན་པོ་ཞིག་གི་སྒེའུ་ཁུང་འོག་མའི་ཁ་རུ་བཞག་ནས་བུད་སོང་། ངེད་གཉིས་ཀྱིས་ཟ་མ་ཟོས་ཚར་རྗེས་འགྱིག་སྣོད་སོགས་གད་སྙིགས་གཡུག་སའི་ནང་དུ་གཡུག་པ་དང་། དེ་ནས་ངས་ང་རང་གཉིས་ཕུག་རོན་ལ་ཅིག་བལྟ་བར་འགྲོ་ཞེས་ལྕགས་ར་ཞིག་འདུག་པའི་ཟུར་ནས་མར་ཕྱིན་པས། ནང་དུ་མ་འཛུལ་ཟེར་བའི་ཡི་གེ་དབྱིན་ཡིག་གིས་བྲིས་པ་སྦྱར་འདུག་སྟབས་ངེད་གཉིས་ཕྱིར་ཡོང་བ་ཡིན།
ཕྱི་ཚེས་༡༦གི་ཉིན་ནི་ཁོང་དང་ངེད་གཉིས་ཀྱི་སྙིང་དམར་པོ་དབྱེར་མེད་རྡོག་གཅིག་ཏུ་འདྲེས་པའི་ཉིན་མོ་ཞིག་ཡིན་ཞིང་། དེ་རིང་གི་སྒྲུང་ཐུང་ངམ་ཟིན་བྲིས་འདི་མ་བྲིས་པར་སྡོད་ཐབས་མེད་པའི་གནས་ཚུལ་གྱི་གཙོ་བོ་ཡོང་བའི་ཉིན་མོ་ཡང་ཡིན། དེ་ཡང་ཚེས་༡༥ཉིན་དུས་དབང་ཡོངས་སུ་གྲུབ་པས་ཚེས་༡༦གི་ཉིན་འདིར་མི་མང་ལ་ཚེ་དབང་དང་། ༧ཐམས་ཐད་མཁྱེན་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྟན་བཞུགས་ཕུལ་བའི་ཉིན་མོ་ཡིན་ཞིང་། སྔ་དྲོའི་ཆ་ལ་དེ་དག་ཐམས་ཅད་ཡོངས་སུ་གྲུབ་སོང་། དེ་ནས་ངེད་ཕ་བུ་གཉིས་ཕྱིར་ཁྱིམ་དུ་འགྲོ་འདོད་བྱུང་ཡང་། སྔར་ཁོང་ངའི་ཁྱིམ་དུ་ཕེབས་སྐབས། ཁོང་གིས་ཉོས་པའི་བོད་བཙན་པོའི་རྒྱལ་རབས་ཞེས་པ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་བྲིས་པ་དེ་ལྷག་འདུག་པ་ཉིན་འདིར་ཁོང་ལ་སྤྲོད་རྒྱུར་ཁྱེར་ཡོད་པས། ཁ་པར་བཏང་སྟེ། ངས་ཁྱེད་ཀྱི་དེབ་དེ་ཁྱེར་ཡོད། ཁྱེད་གང་དུ་ཡོད་ཅེས་བྱས་པས། ང་འགྲེམ་སྟོང་ཁང་གི་ར་ཁུག་ཅིག་ཏུ་བསིལ་ཡིབ་བྱས་ནས་བསྡད་ཡོད། ཁྱེད་ཀྱིས་ངའི་དེབ་དེ་དཔལ་ལྡན་རྒྱལ་གྱི་ཚོང་ཁང་དུ་འཇོག་རོགས་བྱོས་ཟེར། དེ་ནས་ངས་དེབ་དེ་དཔལ་ལྡན་རྒྱལ་གྱི་ཚོང་ཁང་དུ་བཞག་རྗེས། ཡང་བསྐྱར་བོད་ཁྲོམ་ལ་བསྐོར་བ་ཐེངས་གཅིག་རྒྱག་ཞོར་ཁར་སང་གི་ཕུག་རོན་དེ་ལ་བལྟས་པས་མཐོང་སར་མི་འདུག་སྟབས།
སྙིང་རྗེ་ཤི་ཚར་བ་ཡིན་ནམ་ཅི་བྱུང་སོང་བ་ཡིན་སྙམ། ཕྱིར་ཡོང་བའི་ལམ་ཁར་ཨ་ལགས་མཚན་སྒྲོག་སང་དང་ཁོང་གཉིས་ལམ་ཁའི་ཕར་ཕྱོགས་སུ་བཞུགས་འདུག་པས་དེར་ཕྱིན་པ་དང་། འདྲ་པར་འགའ་བླངས་རྗེས་ངེད་ཕ་བུ་གཉིས་ངའི་དྲུང་ཡིག་བུ་མོའི་མོ་ཊ་ལ་བསྡད་ནས་ཕྱིར་ཡོང་། ནམ་རྒྱུན་ཝ་ཤིན་ཊོན་ནས་ངའི་ཁྱིམ་བར་དུ་མོ་ཊས་སྐར་མ་བཞི་བཅུ་ལྔ་བཅུ་ཙམ་ནས་མི་འགོར་ཡང་། དེ་རིང་ལམ་ཁ་སྐྱིད་ཤོས་རྣམས་བདམས་ནས་ཡོང་བ་ཡིན་ཟེར། ཧ་ལམ་ཆུ་ཚོད་གཅིག་དང་ཕྱེད་ཙམ་འགོར་སོང་། ཐོག་མར་ཁྱིམ་དུ་མ་ཕྱིན་པར་བགྱི་བ་འགའ་ཞིག་གི་སླད་ཆོས་ཚོགས་སུ་ཕྱིན་ཞིང་། ཉིན་འདིར་ཚ་གདུག་ཧ་ཅང་ཆེ་བས་ཁྱིམ་དུ་སླེབས་མ་ཐག་ངས་དྲུང་ཡིག་གིས་ང་ལ་ཆུ་གྲང་མོ་དར་སོབ་ཡོད་པ་ཅིག་སྤྲད། ཆུ་དེ་ལས་ཧུབ་གཉིས་གསུམ་ཙམ་འཐུང་རྗེས་ཁ་པར་ཞིག་སླེབས་སོང་། གཅིག་བལྟས་པས་ཀླུ་སྨྱོན་གྱི་ཁ་པར་རེད། ངས་ཧ་ལོ་ཞེས་བྱས་པས། ཁོང་གིས་ཅིག་གསུངས་སོང་ཡང་ངུས་ནས་དབུགས་འཚང་བཞིན་གསུང་ཀྱིན་འདུག་པས་གསལ་པོ་ཞིག་གོ་མ་སོང་། འོན་ཀྱང་ཁོང་ལ་མོ་ཊ་བརྡབ་སྐྱོན་བྱུང་བ་འདྲ་བོ་ཞིག་མིག་ལ་ཤར་བས་སྙིང་འཕག་ལྷོག་རྒྱག་བཞིན་ཡང་བསྐྱར་དྲིས་པས། ཁོང་གིས་ང་ཁར་སང་གི་ཕུག་རོན་དེའི་འཁྲིས་སུ་ཡོད། འདི་ད་དུང་ཉིན་ཁ་ཤས་ལ་ཤི་ས་མ་རེད། ངས་བསྐྱུར་ནས་འགྲོ་རྒྱུ་བློས་ཐོངས་ཀྱི་མི་འདུག་པས། མཁན་པོ་ངག་དབང་རྡོ་རྗེ་དང་ཁྱེད་རྣམ་པ་གཉིས་ཀྱི་གཅིག་གིས་བདག་པོ་རྒྱག་རོགས་ཞུ། ང་ནི་སང་ཉིན་གནམ་གྲུའི་ནང་ནས་ཕར་འགྲོ་དགོས་པ་རེད་ཟེར། ངས་གསལ་པོར་གོ་སོང་ཡང་། ངས་དྲུང་ཡིག་ལ་ཡང་བསྐྱར་ཕྱིར་ཝ་ཤིན་ཊོན་དུ་འགྲོ་རོགས་ཟེར་རྒྱུར་སྟབས་བདེ་བོ་ཡོང་ཆེད། ལགས། ངས་གོ་གི་མི་འདུག ཡང་བསྐྱར་གསུངས་དང་ཞེས་ཟེར་ཞོར་དྲུང་ཡིག་ལ་འདིར་ཤོག་ཟེར་བའི་ལག་བརྡ་བྱས་ཤིང་། ཁ་པར་གྱི་སྐད་ཕྱི་ལོགས་སུ་བླངས། དེ་ནས་ཁོང་གིས་ཡང་བསྐྱར་གོང་གི་སྐད་ཆ་དེ་དག་ངུ་བཞིན་ཐེངས་གཅིག་གསུངས་སོང་། དེ་ནས་ངས་ང་ཕྱིར་རང་གི་སྡོད་གནས་སུ་སླེབས་ཚར་བས་ཁྱེད་ཀྱིས་མེ་འཁོར་ནང་ནས་ལམ་གྱི་ཕྱེད་ཀ་ཙམ་ལ་བསྐྱལ་ཐུབ་ཀྱི་འདུག་གམ། ལམ་གྱི་ཕྱེད་ཀར་ང་ལེན་དུ་ཡོང་ཆོག་ཅེས་བྱས་པས། ཁོང་གིས་ང་ཡོང་ཤེས་ཀྱི་མ་རེད་ཟེར། ངས་སྐར་མ་གསུམ་ལ་སྒུག་དང་ངས་ཁ་པར་བཏང་ཡོང་ཞེས་བྱས་ནས་ངས་དྲུང་ཡིག་ལ། ཁ་པར་གཏོང་མཁན་དེ་སྤྲུལ་སྐུ་ཀླུ་སྨྱོན་རེད། ཁར་སང་ཕུག་རོན་ནད་པ་ཞིག་འདུག་པ་དེ་ཁོང་གིས་བློས་མ་ཐོངས་པར་དེའི་ཆེད་དུ་ངུ་བཞིན་འདུག ང་ལེན་དུ་ཤོག་ཟེར། ཁྱོད་ཀྱིས་ང་མེ་འཁོར་འབབ་ཚུགས་སུ་ད་ལྟ་རང་སྐྱེལ་ཐུབ་ཀྱི་འདུག་གམ་ཞེས་བྱས་པས། ཁོ་མོས་ཨ་ཨ། ཁོང་གི་སྙིང་རྗེ་ཆེན་པོ་དེས་ངའི་སྙིང་ལ་འཇུས་སོང་། ཁྱེད་ཚོ་བོད་པའི་བླ་མ་ཚོ་དངོས་གནས་སྙིང་རྗེའི་རྒྱ་མཚོ་རང་རེད། དེ་ཡང་ཤེས་རབ་མེད་ན་སྙིང་རྗེ་མི་ཡོང་བས་དོན་ལ་ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་རྒྱ་མཚོ་རེད། ད་ལྟ་རང་ངས་མོ་ཊ་བཏང་ནས་ཕྱིར་འགྲོ་ཟེར་ཁོ་མོས་མིག་ཆུ་ཕྲེང་ཐག་ཆད་པ་བཞིན་བཏང་སོང་བས། ངས་ཀྱང་སྙིགས་མའི་དུས་འདིར་སྐྱེས་བུ་འདི་འདྲ་རེ་ད་དུང་མཇལ་རྒྱུ་ཡོད་པ་རེད་བསམ་ནས་མིག་ཆུ་རང་དབང་མེད་པར་ཤོར། དེ་ནས་ཁོང་ལ་ཁ་པར་བཏང་སྟེ་ཅུང་སྒུག་དང་ད་ལྟ་རང་ཕྱིར་སླེབས་ཡོང་ཞེས་བྱས་ནས་འཕྲལ་དུ་ཆུ་འཐུང་འཕྲོ་དེ་ཁྱེར་ནས་ལམ་ལ་ཞུགས་པ་ཡིན། ཆུ་ཚོད་གཅིག་མ་ཟིན་ཙམ་འགོར་རྗེས་ཡང་བསྐྱར་ཝ་ཤིན་ཊོན་དུ་སླེབས་སོང་། འོན་ཀྱང་མོ་ཊ་འཇོག་ས་མ་རག་པས་དྲུང་ཡིག་གིས། ཁྱེད་སོང་ནས་ཕུག་རོན་ལོངས་ཤོག་དང་། ངས་སྲང་བར་འདི་ནས་མོ་ཊ་བཏང་སྟེ་སྐོར་བ་རྒྱག་གི་འདུག་ཟེར། དེ་ནས་ངས་ཁོང་ལ་ལམ་ཁ་གང་ནས་ཡར་འཛེགས་དགོས་པ་དྲིས་ཏེ་ཁོང་ཡོད་སར་ཕྱིན་པས། ཁོང་ཨ་རིའི་རྒྱལ་སའི་གསོན་བསྲེག་བྱེད་ལ་ཉེ་བའི་ཚ་གདུག་དེའི་ནང་བསིལ་གྲིབ་ཙམ་ཡང་མེད་སར་ད་དུང་བཞུགས་འདུག་པ་དང་། ཤིང་བུ་ཆུང་ཆུང་བྱིས་པ་ལོ་ལྔའི་བོང་ཚོད་ཙམ་ཞིག་འདུག་པའི་སྟེང་དུ་གཟན་བཀབ་ཅིང་། དེའི་བསིལ་འོག་ཏུ་ཕུག་རོན་བཞག་སྟེ་ཆུ་ཐིག་པ་རེ་ཁར་ཨེ་འགྲོ་བལྟ་བཞིན་འདུག ང་དེར་སླེབས་དུས་ཁོང་གི་མིག་གཉིས་ཀ་དམར་པོར་གྱུར་འདུག་ཅིང་། བཤུམས་རྒྱུ་མང་སོང་བས་མིག་སྤགས་ཀྱང་སྐྲང་འདུག ད་དུང་སྣ་ཡང་འཚངས་ཏེ་འབུགས་འགགས་པས་དབུགས་ཁ་ནས་གཏོང་བཞིན་འདུག ངས་ཁོང་ལ་ངས་ནི་ཁྱེད་ཀྱི་དེབ་སྐྱེལ་དུ་ཡོང་སྐབས་བལྟས་ཀྱང་མཐོང་མ་སོང་། ར་སྐོར་ནང་དུ་ནི་ཐར་མ་སོང་བྱས་པས། ཁོང་གིས་ར་ཁུག་གི་གཤོང་བུ་ཆུང་ཆུང་ཞིག་བསྟན་ནས། ང་འདིར་སླེབས་སྐབས་མ་གིའི་བྱེ་མ་ཚ་བོ་དེའི་ནང་དུ་འཕག་ར་བྱེད་ཀྱིན་འདུག་གསུངས་སོང་། ངས་ཕུག་རོན་བླངས་རྗེས་ཁོང་གིས་ཐལ་མོ་སྦྱར་ཏེ་སླར་ཡང་སྤྱན་ཆབ་མང་དུ་གཏོང་བཞིན། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡིག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་སོགས་ཀྱི་སྨོན་ལམ་ཁ་ཤས་བཀྱོན་སོང་བ་དངོས་གནས་མིག་གིས་བལྟ་མི་བཟོད་པ་ཞིག་རེད། ངས་མིག་ཆུ་ཤོར་གྲབས་བྱས་ཏེ་བསྲན་ཐུབ་ཀྱི་མི་འདུག་སྟབས་ཁོང་ལ་མ་བལྟས་པས་ལམ་ནང་གི་མི་ཚོར་བལྟས་ཏེ་སེམས་ཅུང་གཡེང་ཐབས་བྱས། དེ་ནས་ཁོང་གིས་ང་དང་ཕུག་རོན་གཉིས་ལམ་ཁར་བསྐྱལ་ཞིང་། ཟླ་བ་ཁ་ཤས་ཀྱི་སྔོན་ངས་ཁོང་ལ། ནུབ་ཕྱོགས་པའི་སྔགས་པ་ཆོས་ཀྱི་སློབ་སྦྱོང་ཆེན་པོ་མེད་མཁན་ཚོ་དང་། ཧི་མ་ལ་ཡི་རི་རྒྱུད་ཀྱི་སྔགས་པ་ཚོའི་ཆེད་དུ་བསྐྱེད་རྫོགས་ཀྱི་རྣམ་བཞག་ཤིན་ཏུ་གོ་སླ་བ་ཞིག་འབྲི་རྩིས་ཡོད་ཅེས་ཞུ་མྱོང་བ་བཞིན། ཁོང་གིས་དེ་རིང་གི་དགེ་རྩ་འདི་དང་རྟེན་འབྲེལ་མཚོན་བྱེད་ཀྱི་མཎྜལ་འདི་ཁྱེད་ཀྱིས་བསྟན་བཅོས་དེ་མྱུར་དུ་རྩོམ་པར་བསྐུལ་བའི་ཆེད་ཡིན་གསུངས་ནས། ལྷ་དར་སེར་བོ་རྟགས་བརྒྱད་ཀྱི་རི་མོ་ཡོད་པ་ཞིག་དང་། ཨ་སྒོར་༡༡༠གནང་བ་རྟེན་འབྲེལ་ལ་བསམ་ནས་ལེགས་སོ་ཞུས་ཏེ་བླངས། སླར་ཡང་ངེད་གཉིས་སོ་སོར་གྱེས་ཁར་ཁོང་གིས་ངའི་ལག་མགོར་བཟུང་སྟེ། རིན་པོ་ཆེ། དེ་རིང་ནས་བཟུང་ཕུག་རོན་འདི་ཁྱེད་ཀྱི་བུ་གཉིས་པ་ཡིན་པས་ཉིད་ཀྱིས་དེ་ལུགས་ཐུགས་ལ་འཛིན་རོགས་ཞུ་གསུངས་པར། ངས་ཡིན་དང་ཡིན། ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས་ཞུས་ཏེ་ཕྱིར་ཡོང་བ་ཡིན། ཁྱིམ་དུ་སླེབས་རྗེས་ཞིབ་བལྟ་བྱས་པས་ལག་གཡོན་མའི་རྩིབས་ལོགས་སུ་རྨ་ཆེན་པོ་ཞིག་འདུག་ཀྱང་རྣག་ནི་མི་འདུག སྲོག་ཆགས་ཀྱི་སྨན་ཁང་དུ་ཁྱེར་ན་ཨ་སྒོར་སྟོང་ཕྲག་ཡར་མར་ཤོར་འགྲོ་བས་ང་ལ་སྒོར་མོ་དེ་ཙམ་ཞིག་མེད། དེར་བརྟེན་ང་རང་གིས་རྨ་སྨན་དམིགས་བསལ་ཞིག་བཀོལ་ནས་སྨན་བཅོས་བྱས་པ་ཡིན། དེ་རིང་རྐང་བ་ཡ་གཅིག་གི་མགོར་ཡར་ལངས་ནས་འགྲོ་བཞིན་འདུག སྟབས་ཡག་ཤོས་ཤིག་ལ་ངའི་ཁང་ཆུང་ནང་དུ་སྟོང་པ་ཡིན་ཞིང་། ཁང་མཐིལ་ཡང་ཤིང་ཡིན་པས་ཁོ་རང་གང་འདོད་ལྟར་དུ་འཁྱམས་ས་ཡོད་ཅིང་། བྱ་སྐྱག་གཏོང་བ་སོགས་ལ་འཛེམས་དགོས་དོན་མེད་མོད། ཆུ་འཐུང་རོགས་བྱེད་ཀྱི་མི་འདུག་ཅིང་ཟས་ཀྱང་ཟ་རོགས་བྱེད་ཀྱི་མི་འདུག ངས་རང་གི་བུ་ལ། ཕུག་རོན་འདི་སྤྲུལ་སྐུས་ཁྱོད་ལ་ནུ་བོ་ཡིན་ཞེས་གནང་བ་རེད། འདི་ཁྱོད་ཀྱི་ནུ་བོ་ཡིན་པས་བདག་སྐྱོང་ཡག་པོ་བྱེད་རོགས་ཞེས་བྱས་པ་ཡིན། ངའི་བུ་ལོ་ཆུང་ཡང་བྱམས་སེམས་དགའ་རབ་ཅིག་ཡོད་པས་ཕུག་རོན་དེ་ལ་ལག་ཧ་ཅང་ལྷོད་པོས་གཅེས་སྐྱོང་ཚད་མེད་བྱེད་ཀྱི་འདུག་ཅིང་། ང་རང་ལ་ཕུག་རོན་འདི་ཡོད་པས་ཧ་ཅང་དགའ་སོང་ཟེར། ཉིན་གུང་མཁན་རིན་པོ་ཆེ་ངག་དབང་རྡོ་རྗེས་ཁ་པར་ཡོང་ནས་ཕུག་རོན་ག་འདྲ་འདུག་ཅེས་དྲིས་པས། ངས་ཕུག་རོན་བདེ་ཐོག་རེད། ད་དུང་ངས་སྤྲུལ་སྐུ་ཀླུ་སྨྱོན་དང་འབྲེལ་བའི་རྩོམ་ཡིག་འབྲི་བཞིན་ཡོད་ཅེས་ཞུས་པས། འོ་དེ་ཡག་པོ་རེད། མགྱོགས་པོར་བྲིས་ནས་ངའི་དྲ་ཐོག་ཏུ་བསྐུར་རོགས་ཞུ། ཁོང་དངོས་གནས་གཞན་དང་མ་འདྲ་བ་ཞིག་འདུག་གསུངས། དགུང་མོའི་ཆུ་ཚོད་བདུན་པ་ཡར་མར་ཞིག་ལ་སྤྲུལ་སྐུ་ཀླུ་སྨྱོན་གྱིས་ཁ་པར་ཡོང་ནས་ཕུག་རོན་གྱི་སྐད་ཆ་དྲིས། ཁོང་ཕྱིར་ཁོང་གི་བཞུགས་གནས་སུ་སླེབས་ཟིན་འདུག ངས་ཁྱེད་ཀྱི་ཕུག་རོན་དེ་ཞེས་བྱས་པས། ཁོང་གིས་ད་ངའི་ཕུག་རོན་མ་རེད། ཁྱེད་ཀྱི་ཕུག་རོན་རེད་གསུངས། དམ་པའི་སྐྱེ་བོ་དང་མཇལ་བའི་རྟོགས་བརྗོད་མགོ་ཟིན་རྔ་ཟིན་མ་ཞེས་བྱ་བ་རེ་ཞིག་རྫོགས་སོ།། །།
ཆེན་པོའི་ལྷ་དང་བཅས་པའི་སྐྱེ་དགུ་འདིའི།། སྐྱབས་ཀྱི་མཐར་ཐུག་རྫོགས་པའི་སངས་རྒྱས་གྱུར་རྣམས།། གང་ལས་བདེ་བར་གཤེགས་པར་གཤེགས་གྱུར་བའི།། རྨད་བྱུང་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། དགེ་སྦྱོང་བྲམ་ཟེ་ལྷ་ཀླུ་དུད་འགྲོ་དང༌།། རྒྱལ་བློན་བཙུན་མོ་གདོལ་བ་བྲན་ཡང་རུང༌།། གང་ལ་སེམས་ཀྱི་དམ་པ་མཆོག་མངའ་བ།། དེ་ལ་སྒོ་གསུམ་གུས་པས་བདག་ཕྱག་འཚལ།།
ཤིན་དུ་ལེགས་སོ། ཡི་རངས་ཆེན་པོས་མངོན་པར་བསྟོད་དོ། སྙིང་རྗེ་ཆེན་པོས་ཁ་ལོ་སྒྱུར་བའི་བླ་མ་ཞིག་ཡིན་ཚེ། སེམས་ཅན་ཚང་མར་ཤིན་དུ་ཕན་པ་ཆེ་བས། ཁྱེད་རྣམ་གཉིས་ཀྱིས་རྒྱལ་དབང་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ནས་གཞན་ཕན་གྱི་བྱ་བ་མཛད་པ་འདི་ངོ་མ་ལེགས་སོ། བསམ་དོན་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ་འོ།
ཀླུ་སྨྱོན་ཚང་གིས་ངོ་མ་དྲ་རྒྱའི་ཐོག་ལ་ཕེབས་མཁན་གཞན་པ་ཚོའི་ཕྲ་དོག་དང་ང་རྒྱལ་གྱི་མེ་ལྕེའི་མགྱོགས་རྡེལ་དེ་ཚོར་བཟོད་པའི་ཁ་མཚར་གྱི་ཆུ་རྡེལ་རེ་རེས་ཁ་གཏད་འཇལ་བ་འདིར་ངོ་མ་བདག་ཀྱང་ཡ་མཚན་ཅུང་སྐྱེས་བྱུང་།དེ་ངོ་མ་ཡིན།
འོན་ཀྱང་ཁོང་རབ་བྱུང་ངུར་སྨྲིག་འཛིན་པ་ཞིག་གིས་དུས་ཚོད་ནམ་བྱུང་ལ་བུད་མེད་ཀྱི་མཚན་མ་དང་ཆགས་པའི་རྩོམ་མང་པོ་ཞིག་དྲ་རྒྱར་འགེལ་བ་འདིས་རབ་བྱུང་གི་སྡེའི་མཚན་ཤས་ལ་འགྲོ་བས་དེ་ལ་ཅུང་དགོངས་པ་བཞེས་དགོས་པ་ནི་གྲོགས་ཀྱི་ཤ་ཚའི་སྙིང་གཏམ་ཁོ་ན་ཡིན། ཆགས་རྩོམ་དེ་དག་གིས་དགེ་འདུན་པ་གཞན་འདུལ་བ་ཚུལ་བཞིན་སྲུང་མཁན་རྣམས་ལ་གཞན་གྱི་ཁ་བརྡུང་བྱུང་བ་དང་། དེས་སྐྱེ་བོ་མང་པོ་ངན་སོང་ལ་སྐྱེ་བའི་རྒྱུ་བྱེད་དོ།
དེར་བརྟེན་རིགས་པ་སྨྲ་བ་ཞིག་གིས་གཟིགས་ན། སྤྱིར་ཀླུ་སྨྱོན་བྱེའུ་གཅིག་རྐང་པར་རྨ་འཕོག་པར་བརྟེན་པ་དེར་འདྲར་སྙིང་རྗེ་ཚད་མེད་སྐྱེ་བཞིན་ཡོད་ན། ཁོང་གི་ཆགས་རྩོམ་ལ་བརྟེན་ནས་མི་མང་པོས་དོན་མེད་ཁོང་དང་དགེ་འདུན་ལ་ཚང་འབྲུ་བྱེད་པའི་ལས་གསོག་པ་དང་། དེ་དག་ལ་བརྟེན་ནས་སྐྱེ་བོ་དེ་ཚོ་ངན་སོང་ལ་སྐྱེས། སྐྱེ་བ་མང་པོ་སྡུག་བསྔལ་མྱོང་བ་འདིར་སྙིང་རྗེ་ཅིའི་ཕྱིར་མི་སྐྱེའམ་ཅེས་ཞར་ལ་བློ་ལ་ཤར་བྱུང་།
འདི་ཡང་ཁོང་ལ་སྨད་པ་དང་སྐྱོན་བཙུགས་པའི་དགོས་པ་མིན། གཙོ་བོ་སྤྱོད་པར་རྟག་ཞིབ་བྱེད་དགོས་པའི་བསམ་ཚུལ་ཡིན་ནོ།
རྩོམ་ཡིག་དེ་ལས་འཕྲོས་པའི་བསམ་ཚུལ་འགའ་ཞིག་ཞུ་འདོད་བྱུང།
༡། རྩོམ་ཡིག་དེ་ལས་ཀླུ་སྨྱོན་རྙིང་མའི་སྤྲུལ་སྐུ་ཡིན་པ་ཤེས་སོང།
༢། རྩོམ་ཡིག་དེ་ལས་བྱང་སེམས་བསྐྱེད་མདོག་གཞན་ལ་སྟོན་ཆེད་ངུ་དགོས་པའི་གནས་ལུགས་ཤེས་སོང།
༣། རྩོམ་ཡིག་དེ་ལས་རིན་པོ་ཆེའི་མིང་ཞིག་ཡོད་ན་ནུབ་ཕྱོགས་ཡུལ་ལ་འཁྱམས་མྱུལ་བྱེད་རྒྱུ་ཡོད་པ་ཤེས་སོང།
༤། རྩོམ་ཡིག་དེ་ལས་ནང་ཁུལ་ཁ་ཆད་བྱས་ནས་གཞན་ངོ་བསླུ་ཐབས་ཤེས་སོང།
༥། རྩོམ་ཡིག་དེ་ལས་འཇིག་རྟེན་ཆོས་བརྒྱད་ཟེར་བ་རིན་པོ་ཆེའི་མིང་འཛིན་པ་ལའང་ཡོད་པ་ཤེས་སོང།
མང་དུ་ཐོས་པ་ལུང་གི་ཡོན་ཏན་དང་།།
རྟོགས་པས་བདག་རྒྱུད་གྲོལ་བའི་སྐྱེས་བུ་རྣམས།།
བསྟན་པའི་རྩ་ལག་གཅིག་ཏུ་གནས་པའི་ཕྱིར།།
སྐུ་ཚེ་མཛད་འཕྲིན་ཡར་ཟླའི་མཆེད་པོར་ཤོག།
ཀླུ་སྨྱོན་ཧེ་རུ་ཀ་མཆོག་དང་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་རྣམས་གཉིས་ནས་ཉམ་ཆུང་བདག་མེད་ཕུག་རོན་དེ་ལ་བྱམས་སྐྱོང་ཚད་མེད་གནང་བ་ལ་ཤིན་ཏུ་ནས་ཀྱང་ཐུགས་རྗེ་ཞུ་བ་ལགས།
ཀླུ་སྨྱོན་མཆོག་ལ་ཕུལ།
གོམ་གཅིག་བོར་བའི་སྐད་ཅིག་སེམས་དང་ནི།
ཁམས་གསུམ་གང་བར་བྱས་པའི་སེམས་ཅན་ལ།
སྲོག་སྦྱིན་དགའ་བར་བྱས་པས་ཆར་མི་ཉེ།
ཁྱེད་ཀྱིས་ཕུག་རོན་དེ་ཡི་སྲོག་ཉིན་ཤས་རིང་སྐྱབས་ཏེ་བདེ་ཤི་ཡོང་རྒྱུའི་ཆེད་དུ་སེམས་བསྐྱེད་དང་སྙིང་རྗེ་དེར་རྗེས་སུ་ཡིད་རངས་ཡོད།
མ་གཞི་སྒྲུང་ཡག་པོ་འདུག་ ཡིན་ནའི་སྐྱག་པས་རྐུབ་འགྱོག་ ཆེ་ན་ངོ་དགའ་སྤྲེལ་ལད་ཙམ་ལས་སྙིང་པོ་མ་མཐོང་།། ངས་ཁྱོད་ལ་ལྷ་རེད་ཟེར་བ་དང་ ཁྱོད་ཀྱི་ང་ལ་ལྷ་ཡི་དབང་པོ་ཟེར་བ་ཙམ་མོ།།
རྣམ་དཔྱོད་དང་སྙིང་རྗེ་ཆེན་པོ་དང་ལྡན་པའི་སློབ་དཔོན་འཇིགས་མེད་བློ་གྲོས་རིན་པོ་ཆེ་དང་ཀླུ་སྤྲུལ་ཡེ་ཤེས་ཀྱི་གཏམ་རྒྱུད་ལ་ཡི་རང་བསྔགས་བརྗོད་ཡོད། ངས་བསམ་ཚུལ་ལ་དང་པོ་དུས་འཁོར་དབང་ཆེན་སྐྱབས་སུ་ཕུག་རོན་ནད་རོ་གླེང་སྐབས་རྟེན་འབྲེལ་མ་རབས་ཕུག་རོན་ཤི་ན་ཞི་བདེའི་རྒྱལ་མཚན་ཆག་པ་འདྲ་ཞིག་ཚོར་སོང་། གཉིས་པ་སྙིང་རྗེ་ཆེན་པོས་སེམས་མཆོག་དང་པོ་བསྐྱེད་པའམ་བུམ་དབང་དངོས་གཞི་ཐོབ་པ་ལྟ་བུ། མཐར་མཁན་སྤྲུལ་ཁྱེད་རྣམ་པས་བདག་སྐྱོང་དང་། ཁྱད་པར་དཔལ་ལྡན་རྒྱལ་བ་ཇོ་ནང་མཁྱེན་པའི་སྤྲུལ་སྐུ་ཞིག་གིས་དགྱེས་ཚོར་ཆེན་པོས་གསོ་སྐྱོང་གནང་བར་ཐོས་པས་འཛམ་གླིང་ཞི་བདེ་འབྱུང་བའི་རྟེན་འབྲེལ་འགྲིགས་པས་རྟེན་འབྲེལ་ཤིན་ཏུ་བཟང་། ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
ཨེ་མ་ཧོ།
ཤེས་རབ་ཆེན་པོས་མདོ་སྔགས་བསྟན་པ་འཛིན། །
སྙིང་རྗེ་ཆེན་པོས་འགྲོ་ཀུན་བུ་བཞིན་སྐྱོང་། །
ཐབས་ཤེས་ཀུན་བཟང་སངས་རྒྱས་བསྟན་པ་སྤེལ། །
མཁན་སློབ་ཆོས་རྒྱལ་དམ་པའི་དགོངས་དོན་སྒྲུབ། །
མཚན་ལྡན་བཤེས་གཉེན་ཚོགས་ཀུན་རྒྱལ་གྱུར་ཅིག །
གང་དྲན་དུ་ཤྲྰིས་གུས་ཕུལ། །
རྩོམ་འདི་ལས་རྐུན་རྒྱབ་ཇག་ལངས་ཟེར་བའི་དོན་ཤེས་སོང་། ཐུགས་རྗེ་ཆེ།
ཀླུ་སྨྱོན་ལ་ཕྱོགས་གང་ཐད་ནས་བཤད་རྒྱུ་མེད། ཁ་བཙོག་སྙན་ངག་དེ་ཚོ་ཡང་ཚུལ་འཆོས་མེད་པའི་རྟགས་མཚན་བླ་ན་མེད་པ་ཞིག་འདུག་པས་ངས་ནི་དེ་ཚོ་ཀློག་གིན་ཀློག་གིན་ཁོང་ལ་དགའ་མོས་ཆེར་འཕེལ་ཡོང་གིན་འདུག བྱང་ཆུབ་ཀྱི་སེམས་རྒྱུད་ན་ཡོད་མཁན་རེ་ཡོད་ན་དེ་ལས་ལྷག་པའི་སྤྲུལ་སྐུ་ཞིག་སུ་ཡོད། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས༎འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས༎བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་༎འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར༎གསུངས་ནས་རྒྱལ་སྲས་ཞི་བ་ལྷས་སྤྲུལ་སྐུར་ངོས་འཛིན་བྱས་ཚར་འདུག་ག དེ་བཞིན་དུ་སློབ་དཔོན་རིན་པོ་ཆེ་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་ནི་དེ་ལས་ཀྱང་སྨན་ཨ་རུ་ར་ལ་བཟང་བསྟོད་དང་དུག་བོང་བ་ནག་པོ་ལ་ངན་སྨད་མི་དགོས་པའི་དཔེ་བཞིན་རེད། ཁྱེད་རྣམ་པ་ལྟ་བུ་མང་ཙམ་ཡོད་ན་འཛམ་གླིང་འདི་ཡང་འདི་ལས་བཟང་ཞིག་ཡིན་པར་ངེས། ཐུགས་རྗེ་ཆེ།
ངོ་མ་ཁོང་གི་བྱམས་སྙིང་རྗེ་ནི་རིན་ཐང་མེད་པ་ཞིག་ཡིན་ཤེས་གསལ་རེད། སྤྱིར་མི་སུ་དང་སུ་འདྲ་ཞིག་ཡིན་རུང་གང་ཟག་གི་ཚོད་གང་ཟག་གི་མི་ཟིན་ཟེར་པ་ལྟར་ཀླུ་རྒྱལ་མཆོག་གི་བྱམས་སྙིང་རྗེ་ལ་ཡི་རིང་ཡོད་ཐུགས་རྗེ་ཆེ། འདི་ལྟ་བུའི་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག
བཅོས་མ་མ་ཡིན་པའི་སྙིང་རྗེ་ལ་བརྟེན་ནས་ཉམ་ཆུང་ཕུག་རོན་ཞིག་གི་སྲོག་སྐྱོབ་ཐབས་གནང་བ་ནི་ཤིན་ཏུ་ནས་ངོ་མཚར་ཆེ།གལ་ཏེ་ཨ་ལགས་རྣམ་པ་གཉིས་ཀྱིས་ཕུག་རོན་དེ་སྨན་ཁང་ཞིག་ཏུ་བསྐྱལ་རྒྱུའི་ཐབས་ཤེས་འདྲ་གནང་ཚེ་གཅིག་བྱས་ན་ཕུག་རོན་དེ་ནམ་ཞིག་འཕུར་ཡང་སྲིད་ལ། སྙིང་རྗེ་ཤུགས་དྲག་དེ་ལག་ལེན་དངོས་མ་ཞིག་ཏུ་བབས་པའི་བརྒྱུད་རིམ་དོན་ཆེན་ཞིག་ཀྱང་ཡིན་མོད། ཡིན་ནའང་། སྒོར་སྟོང་ཕྲག་ཁ་ཤས་འགྲོ་སོང་གཏོང་དགོས་ན་དེ་ཡང་དཀའ་མོར་གདའ་བས། རྣམ་པ་གཉིས་ཀྱིས་ཐབས་ཤེས་འདྲ་གནང་ཚེ་གཅིག་བྱས་ན་སྦྱིན་བདག་འདྲ་ཡང་རེག་སྲིད་པ་ཡིན་པས། གལ་ཏེ་དེ་འདྲའི་གོ་སྐབས་འདྲ་ཤར་ཚེ། དེ་དུས་སྙིང་རྗེ་དེ་ལག་ལེན་གྱི་མཐའ་དེར་གཏུགས་པ་ཡིན་པས། འཇིག་རྟེན་གྱི་སྐད་ཆས་བཤད་ན་ཁོར་ཡུག་སྲུང་སྐྱོབ་བྱས་བ་རེད་ལ་། ཆོས་ཀྱི་སྐད་ཆས་བཤད་ན་དགེ་བ་བླ་མེད་ཅིག་བསགས་པ་རེད། སྙིང་རྗེ་ཟེར་བ་དེ་ནམ་ཡང་ལག་ལེན་དང་རྐྱ་མ་བཀར་བ་ཡིན་ན་ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱེད་ཐུབ་པར་སོམ་ཉི་ཅི་ཡང་མེད། གང་ལྟར་སྙིང་རྗེ་དེ་ཡི་མཐུ་ལ་བརྟེན་ནས་ཕུག་རོན་སྙིང་རྗེའི་ཡུལ་ཅན་དེ་འཆི་བ་ལས་ཐར་བར་ཤོག།
མཁས་དབང་ཀླུ་སྨྱོན་ཀྱི་སྙིང་རྗེ་ལ་རྗེས་སུ་རང་ངོ། །༄༅། །ན་མོ་གུ་རུ། །ངོ་མཚར་ཆེ། སྙིང་རྗེ་སྐྱེ་བར་སྨོན། མཛད་བཟང་དེ་ལ་བསམ་ན། བྱང་ཆེན་ལམ་སྣ་ཟིན་པའི་སྐྱེས་བུར་ངེས་ཏེ། བློ་གྲོས་མི་བཟད་པ་བསྟན་པའི་མདོ་ལས། དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་་པོ་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་གསུངས་སོ། །བྱང་ཆུབ་སྤྱོད་པ་རྩོམ་པའི་སྐྱེས་བུར་ངེས་ཏེ། ག་ཡ་གཽ་རི་ལས། ལྷའི་བུ། བྱང་ཅུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ། །ཞེས་སོ། །ཐེག་ཆེན་བསྟན་པའི་རྩ་ལག་ཏུ་ངེས་ཏེ། རྗེ་བླ་མའི་ལམ་རིམ་ཆེ་བ་ལས། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྙིང་རྗེར་བསྟན། །ཞེས་སོ། གཞན་དོན་ཁུར་ཁྱེར་གྱི་སྐྱེས་བུ་རླབས་པོ་ཆེར་ངེས་ཏེ། སམྦྷུ་ཊ་ལས། ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཡིན། །ཞེས་སོ། །ཟུང་འཇུག་ཡེ་ཤེས་མཆོག་གི་བདག་ཉིད་ཏུ་ངེས་ཏེ། །བདེ་མཆོག་འབྱུང་བ་ལས། ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མ་དག་ནི་འོད་ཟེར་བཞིན། །ཞེས་སོ། །རྙིང་མ་པའི་སྤྲུལ་སྐུ་འཁྲུལ་མེད་ལགས་ཏེ། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་རྒྱུད་ལས། །སྙིང་རྗེ་ཆེན་པོ་ལས་བྱུང་བ། །སྤྲུལ་སྐུ་རྨད་བྱུང་རོལ་བར་ཤར། །ཞེས་སོ། །ཞེས་སྙིང་རྗེ་ཏིལ་འབྲུ་ཙམ་མེད་ཀྱང་འབྲས་བུ་ལ་ཡིད་སྨོན་འཆའ་བའི་དྲི་མེད་ལྷག་བསམ་གྱིས་གང་དྲན་ཤར་མར་བྲིས་པའོ། །
སྤྲུལ་བའི་སྐུ་མཆོག་དམ་པ་ཀླུ་སྨྱོན་མཆོག་གི་མྱི་གཤིས་ལ་རྗེས་སུ་ཡི་རངས་ཡོད།
ཀླུ་སྨྱོན་ཚང་གིས་ངོ་མ་དྲ་རྒྱའི་ཐོག་ལ་ཕེབས་མཁན་གཞན་པ་ཚོའི་ཕྲ་དོག་དང་ང་རྒྱལ་གྱི་མེ་ལྕེའི་མགྱོགས་རྡེལ་དེ་ཚོར་བཟོད་པའི་ཁ་མཚར་གྱི་ཆུ་རྡེལ་རེ་རེས་ཁ་གཏད་འཇལ་བ་འདིར་ངོ་མ་བདག་ཀྱང་ཡ་མཚན་ཅུང་སྐྱེས་བྱུང་།དེ་ངོ་མ་ཡིན།
འོན་ཀྱང་ཁོང་རབ་བྱུང་ངུར་སྨྲིག་འཛིན་པ་ཞིག་གིས་དུས་ཚོད་ནམ་བྱུང་ལ་བུད་མེད་ཀྱི་མཚན་མ་དང་ཆགས་པའི་རྩོམ་མང་པོ་ཞིག་དྲ་རྒྱར་འགེལ་བ་འདིས་རབ་བྱུང་གི་སྡེའི་མཚན་ཤས་ལ་འགྲོ་བས་དེ་ལ་ཅུང་དགོངས་པ་བཞེས་དགོས་པ་ནི་གྲོགས་ཀྱི་ཤ་ཚའི་སྙིང་གཏམ་ཁོ་ན་ཡིན། ཆགས་རྩོམ་དེ་དག་གིས་དགེ་འདུན་པ་གཞན་འདུལ་བ་ཚུལ་བཞིན་སྲུང་མཁན་རྣམས་ལ་གཞན་གྱི་ཁ་བརྡུང་བྱུང་བ་དང་། དེས་སྐྱེ་བོ་མང་པོ་ངན་སོང་ལ་སྐྱེ་བའི་རྒྱུ་བྱེད་དོ།
དེར་བརྟེན་རིགས་པ་སྨྲ་བ་ཞིག་གིས་གཟིགས་ན། སྤྱིར་ཀླུ་སྨྱོན་བྱེའུ་གཅིག་རྐང་པར་རྨ་འཕོག་པར་བརྟེན་པ་དེར་འདྲར་སྙིང་རྗེ་ཚད་མེད་སྐྱེ་བཞིན་ཡོད་ན། ཁོང་གི་ཆགས་རྩོམ་ལ་བརྟེན་ནས་མི་མང་པོས་དོན་མེད་ཁོང་དང་དགེ་འདུན་ལ་ཚང་འབྲུ་བྱེད་པའི་ལས་གསོག་པ་དང་། དེ་དག་ལ་བརྟེན་ནས་སྐྱེ་བོ་དེ་ཚོ་ངན་སོང་ལ་སྐྱེས། སྐྱེ་བ་མང་པོ་སྡུག་བསྔལ་མྱོང་བ་འདིར་སྙིང་རྗེ་ཅིའི་ཕྱིར་མི་སྐྱེའམ་ཅེས་ཞར་ལ་བློ་ལ་ཤར་བྱུང་།
འདི་ཡང་ཁོང་ལ་སྨད་པ་དང་སྐྱོན་བཙུགས་པའི་དགོས་པ་མིན། གཙོ་བོ་སྤྱོད་པར་རྟག་ཞིབ་བྱེད་དགོས་པའི་བསམ་ཚུལ་ཡིན་ནོ།
ཀླུ་སྨྱོན་ཚང་གིས་ངོ་མ་དྲ་རྒྱའི་ཐོག་ལ་ཕེབས་མཁན་གཞན་པ་ཚོའི་ཕྲ་དོག་དང་ང་རྒྱལ་གྱི་མེ་ལྕེའི་མགྱོགས་རྡེལ་དེ་ཚོར་བཟོད་པའི་ཁ་མཚར་གྱི་ཆུ་རྡེལ་རེ་རེས་ཁ་གཏད་འཇལ་བ་འདིར་ངོ་མ་བདག་ཀྱང་ཡ་མཚན་ཅུང་སྐྱེས་བྱུང་།དེ་ངོ་མ་ཡིན།
འོན་ཀྱང་ཁོང་རབ་བྱུང་ངུར་སྨྲིག་འཛིན་པ་ཞིག་གིས་དུས་ཚོད་ནམ་བྱུང་ལ་བུད་མེད་ཀྱི་མཚན་མ་དང་ཆགས་པའི་རྩོམ་མང་པོ་ཞིག་དྲ་རྒྱར་འགེལ་བ་འདིས་རབ་བྱུང་གི་སྡེའི་མཚན་ཤས་ལ་འགྲོ་བས་དེ་ལ་ཅུང་དགོངས་པ་བཞེས་དགོས་པ་ནི་གྲོགས་ཀྱི་ཤ་ཚའི་སྙིང་གཏམ་ཁོ་ན་ཡིན། ཆགས་རྩོམ་དེ་དག་གིས་དགེ་འདུན་པ་གཞན་འདུལ་བ་ཚུལ་བཞིན་སྲུང་མཁན་རྣམས་ལ་གཞན་གྱི་ཁ་བརྡུང་བྱུང་བ་དང་། དེས་སྐྱེ་བོ་མང་པོ་ངན་སོང་ལ་སྐྱེ་བའི་རྒྱུ་བྱེད་དོ།
དེར་བརྟེན་རིགས་པ་སྨྲ་བ་ཞིག་གིས་གཟིགས་ན། སྤྱིར་ཀླུ་སྨྱོན་བྱེའུ་གཅིག་རྐང་པར་རྨ་འཕོག་པར་བརྟེན་པ་དེར་འདྲར་སྙིང་རྗེ་ཚད་མེད་སྐྱེ་བཞིན་ཡོད་ན། ཁོང་གི་ཆགས་རྩོམ་ལ་བརྟེན་ནས་མི་མང་པོས་དོན་མེད་ཁོང་དང་དགེ་འདུན་ལ་ཚང་འབྲུ་བྱེད་པའི་ལས་གསོག་པ་དང་། དེ་དག་ལ་བརྟེན་ནས་སྐྱེ་བོ་དེ་ཚོ་ངན་སོང་ལ་སྐྱེས། སྐྱེ་བ་མང་པོ་སྡུག་བསྔལ་མྱོང་བ་འདིར་སྙིང་རྗེ་ཅིའི་ཕྱིར་མི་སྐྱེའམ་ཅེས་ཞར་ལ་བློ་ལ་ཤར་བྱུང་།
འདི་ཡང་ཁོང་ལ་སྨད་པ་དང་སྐྱོན་བཙུགས་པའི་དགོས་པ་མིན། གཙོ་བོ་སྤྱོད་པར་རྟག་ཞིབ་བྱེད་དགོས་པའི་བསམ་ཚུལ་ཡིན་ནོ།
རྩོམ་ཡིག་བྲིས་ནོ་བཟང་གི
རྩོམ་ཡིག་འདི་ལས་ཀླུ་སྨྱོན་གྱི་ཕྱི་ནང་ཅུང་ཙམ་མཐོང་སོང་། ཡི་རངས་ཞུ། ཡིན་ནའང་རྩོམ་པ་པའི་མཚན་ཙམ་ལས་པར་མི་འདུག་པས་ངོ་ཤེས་མ་སོང་ཡང་རྩར་གཅོད་བྱས་ནས་ཁོང་གི་ལོ་རྒྱུས་སོགས་རགས་ཙམ་ཤེས་ཡོད། རྩོམ་པ་པོ་སློབ་དབོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞུ་བ་ལགས། ཨ་ཁུ་ཀླུ་སྨྱོན་ཕུག་རོན་ལས་སྙིང་རྗེ་སྐྱེས་ནས་༼མ་གྱུར་འགྲོ་བའི་སྡིག་གྲིབ་སྡུག་བསྔལ་ཀུན་༽ཞེས་སྨོན་ལམ་རྒྱག་སྐབས་རང་ནས། ༼མ་གྱུར་འགྲོ་བའི་རྒྱུ་ནོར་ལོངས་སྤྱོད་ཀུན།། མ་ལུས་ད་ལྟ་བདག་ལ་ཐོབ་པ་དང་།། བདག་གིས་ཀླུ་སྨྱོན་མགོ་སྐོར་བཏང་བ་ཡིས།། གནས་སྐབས་ཨ་སྒོར་ཏོགཙམ་ཐོབ་པར་ཤོག།༽ཅེས་མིག་ཆུ་རྫུན་མ་ཞིག་དང་ལྷན་ཁོག་སྨོན་ཞིག་བཏབ་ཡིན་པས། ཨ་ལ་ཀུ་རེ་ཡིན། ཁྱེད་རང་དེ་འདྲ་ཡིན་མིན་གང་ཤེས་ཏེ་དེང་སྐབས་ཨ་རི་དང་ཐེ་ཝན་གཙོ་བྱས་ཕྱི་རྒྱལ་ཁག་ན་དེ་འདྲའི་རྫུན་མ་མང་པོ་རེད།
བསྟོད་ན་བསྟོད་ཚུལ་མི་ཤེས་གནམ་ས་ལ་མི་ཤོངས། །
སྨད་ན་སྨད་ཚོད་མི་ཐུབ་རྐང་འོག་ལ་བཅུགས་འགྲོ །
རུས་དང་ཁྲག་ལ་འཐིམ་པའི་ཉེ་རིང་གི་དུག་རླངས། །
ད་དུང་ཆེན་པོ་དག་ལ་ཡོད་ཚོད་དུ་འདུག་ཨང་། །
རྩོམ་ཡིག་འདི་ལས་ཀླུ་སྨྱོན་གྱི་ཕྱི་ནང་ཅུང་ཙམ་མཐོང་སོང་། ཡི་རངས་ཞུ། ཡིན་ནའང་རྩོམ་པ་པའི་མཚན་ཙམ་ལས་པར་མི་འདུག་པས་ངོ་ཤེས་མ་སོང་ཡང་རྩར་གཅོད་བྱས་ནས་ཁོང་གི་ལོ་རྒྱུས་སོགས་རགས་ཙམ་ཤེས་ཡོད། རྩོམ་པ་པོ་སློབ་དབོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞུ་བ་ལགས། ཨ་ཁུ་ཀླུ་སྨྱོན་ཕུག་རོན་ལས་སྙིང་རྗེ་སྐྱེས་ནས་༼མ་གྱུར་འགྲོ་བའི་སྡིག་གྲིབ་སྡུག་བསྔལ་ཀུན་༽ཞེས་སྨོན་ལམ་རྒྱག་སྐབས་རང་ནས། ༼མ་གྱུར་འགྲོ་བའི་རྒྱུ་ནོར་ལོངས་སྤྱོད་ཀུན།། མ་ལུས་ད་ལྟ་བདག་ལ་ཐོབ་པ་དང་།། བདག་གིས་ཀླུ་སྨྱོན་མགོ་སྐོར་བཏང་བ་ཡིས།། གནས་སྐབས་ཨ་སྒོར་ཏོགཙམ་ཐོབ་པར་ཤོག།༽ཅེས་མིག་ཆུ་རྫུན་མ་ཞིག་དང་ལྷན་ཁོག་སྨོན་ཞིག་བཏབ་ཡིན་པས། ཨ་ལ་ཀུ་རེ་ཡིན། ཁྱེད་རང་དེ་འདྲ་ཡིན་མིན་གང་ཤེས་ཏེ་དེང་སྐབས་ཨ་རི་དང་ཐེ་ཝན་གཙོ་བྱས་ཕྱི་རྒྱལ་ཁག་njདེ་འདྲའི་རྫུན་མ་མང་པོ་རེད།
ཕྱེ་མ་ལེབ་ཙེས་ས་འབུ་ནག་རིང་ལ་གཡུ་འབྲུག་སྔོན་མོ་འཁྱིལ་འདྲ་ཞེས་པ་དང་།
ས་འབུ་ནག་རིང་གིས་ཕྱེ་མ་ལེབ་ཙེ་ལ་བྱ་རྒྱ་འཁྱང་ཆེན་ནམ་མཁའ་ནས་འཕུར་ཞེས་པའི་དཔེ་འདི་ཁོང་གཉིས་ལ་སྦྱར་ན་མཛེས་པ་ལ།
རྩོམ་བློ་ལ་བབས་སོང་། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། ཞེས་པ་ལྟར་རེད། རང་རེའི་སྟོན་པ་མཆོག་གིས་རིགས་ལམ་དྲི་མ་མེད་པས་བརྟེན་དགོས་གསུངས་པ་ལས་གུས་ཕྱིར་མིན་ཞེས་གསུངས་པའི་གནད་དོན་ཡིད་ལ་བརྣག་དགོས།
བྱང་ཆུབ་ཀྱི་སེམས་སུ་ཞིག་གི་རྒྱུད་ལ་ཡོད་ན་དེ་ལ་རྒྱལ་བའི་སྲས་ཟེར་གྱི་རེད། ལོག་རྟོག་ནི་མུན་པ་དང་འདྲ་བས་ཡོན་ཏན་མི་མཐོང་སྐྱོན་མཐོང་། སྐྱེས་བུ་དམ་པ་ནི། བསྟོད་པས་དགའ་བར་མི་འགྱུར་ལ།།སྨད་པས་མི་དགར་མི་འགྱུར་ཞིང་།།རང་གི་ཡོན་ཏན་ལེགས་གནས་པ།།སྐྱེས་བུ་དམ་པའི་མཚན་ཉིད་ཡིན།།ཞེས་པ་ལྟར་དང་། སྤྱོད་འཇུག་ལས། དེ་ཚེ་ཤིང་བཞིན་གནས་བར་བྱ།།ཞེས་སོགས་ཀྱིས་བསྟོད་སྨད་ཀྱིས་མི་གཡོ་བར་ཤིང་བཞིན་གནས་དགོས་བར་གསུངས་སོ།།
ཀླུ་སྨྱོན་ངོ་ནས་འགྱུར་འདུག སྔ་མ་ལྟར་མ་རེད། འགྱུར་འདུག ལོ་བཅུ་བདུན་རྗེས་སུ་ད་ལོ་རྗེས་ནས་དུས་དབང་ནས་ངོ་ཕྲད། ང་དང་ཨ་ལགས་ཁུ་བྱང་གཉིས་ཀའི་བར་དུ་བཞུགས་འདུག དུས་དབང་ལ་ཉན་ནས་བཞུགས་འདུག ༧གོང་ས་མཆོག་ནས་ཀ་མ་ལ་ཤི་ལའི་སྒོམ་རིམ་པར་བའི་སྙིང་རྗེ་ནས་ཆོས་ཐུན་གྱིས་འགོ་བཙུགས། ༼བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་པ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ ༽གསུངས། ཀླུ་སྨྱོན་གྱི་སྤྱན་ནམ་མཁའ་ལ་གཟིགས་ཤིང་སྙིང་རྗེའི་སྤྱིན་ཆབ་ཞལ་རས་ལས་བབས། ངས་མ་མཐོང་པ་ལྟར་བྱས་ནས་བསྡད།
༧ གོང་ས་མཆོག་གིས་ཆོས་ཐུན་གཉིས་པ་བྱང་ཆུབ་ཀྱི་སེམས་ནས་འགོ་བཙུགས། དངུལ་ཆུ་ཐོགས་མེད་བཟང་པོའི་ལག་ལེན་སོ་བདུན་མར་འཕྲོས། ༼ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།། མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།། དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།། བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།།༽ཀླུ་སྨྱོན་རང་གི་བྲང་ལ་སྦར་ཉུལ་བྱེད་ཅིང་ལུས་ཀྱི་བ་སྤུ་གྱེན་དུ་གཟེངས། ཁ་ཤ་ལྷབ་ལྷུབ་ཏུ་ཅི་ཞིག་བགྲང་པ་མི་ཤེས་མོད། མུག་མུག་མང་པོ་བགྲང་ནས་འཚམ་མི་ཆད། ཕྲེང་པ་སྔོ་རིས་པོ་ཐེབ་སྲིན་བར་ན་གཅོད་ལ་ཁད་བྱེད་ཅིང་འདའ།
༧ གོང་ས་མཆོག་གིས་ཆོས་ཐུན་གསུམ་པ་བུམ་པའི་དབང་བསྐུར། དབུ་མཛད་ནས་མནྟལ་འདི་ལྟར་ཕུལ། ༼ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞིའི།། འདོད་པའི་སྒྱུ་རྩལ་ལ་མཁས་ལུས་ཕྲ་མ།། ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཕོ་ཉའི་ཚོགས།། མཛེས་སྡུག་སྒྱུ་མའི་ཕྱག་རྒྱ་རྣམས་ཀྱང་འབུལ།།༽སྔགས་རྒན་ཀླུ་སྨྱོན་གསུངས་ཆོས་གྲོལ་མ་ཐག་རླུང་གིས་བསྐྱོད་པ་ལྟར་མཛེས་མའི་རྗེས་སུ་རྒྱུགས། དོ་རྒྱ་དགེ་སློང་གཅིག་བུ་ཤུལ་ཏུ་ལྷག
ད་དུང་གསང་དབང་སོགས་ཀྱི་ཆོས་ཐུན་སྐབས་རྣམས་མང་མོད་གསང་བར་བྱེད།
ཨ་ཁུ་ཀླུ་སྨྱོན་ཚང་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་གདུལ་བྱར་གྱུར་ནས་ཐེག་ཆེན་ལམ་གྱི་འཇུག་སྒོར་བྱམས་པ་དང་སྙིང་རྗེ་དང་པོ་དེ་ཕུག་རོན་ནད་པར་སྐྱེས་པར་དགའ་ནི་ཡོད། སྐབས་དེར་ཕུག་རོན་ནད་པ་ལས་སྡུག་བསྔལ་བའི་སེམས་ཅན་གཞན་ཞིག་ཨ་ཁུ་ཀླུ་སྨྱོན་གྱི་སྙིང་རྗེའི་དམིགས་བསྟེན་དུ་མེད་པ་ཡིན་མི་སྲིད། དེ་དགོས་པའི་ཆེད་དུ་ཡིན་པ་ངེས། དེ་རིང་ནས་ཨ་ཁུ་ཀླུ་སྨྱོན་ལ་བྱང་སེམས་ལས་དང་པོ་བ་ཞེས་མཚན་གསོལ་ན་གང་འདྲ་འདུག།
སློབ་དཔོན་འཇིག་མེད་བློ་གྲོས་ལགས་ཀྱང་ཨ་ཁུ་ཀླུ་སྨྱོན་གྱིས་ཅི་གསུང་བཀའ་བཞིན་སྒྲུབས་པའི་གདུལ་བྱར་གྱུར་པ་ཡང་བཟང་གིན་ཡ། ཁྱེད་ཀྱིས་སྒྲུང་རྩོམ་འདི་ཨ་ནེ་ཇོ་མོས་ལ་ཕུག་སྡུག་བསྔལ་གྱི་གནའ་སྒྲུང་དེ་དང་གཉིས་སུ་མེད་པ་ཞིག་འདུག། འོན་ཀྱང་ཁྱེད་ལ་ཨ་ཁུ་དྲུངས་ནས་ཨ་སྒོར་རྒྱའི་རིན་ཐང་དེ་དོ་ཟླ་འདུག་མི་བསམ་མོ། ཧཧཧཧཧཧ།།
གཞོན་ནུ་ཟླ་མེད་འདི་དངོས་གནས་ཆོས་གཞུང་ལ་གོ་བ་ཡོད་མཁན་ཞིག་རེད་ཨང་བསམ་བྱུང་། དེ་མ་གཏོགས་ཀླུ་སྨྱོན་གྱི་ཆལ་ལ་ཆོལ་ལེ་དེ་ཚོ་ནི་ཨ་ཁུ་སྟོན་པའི་སྒྲུང་ལྟ་བུ་རེད།
ཀླུ་སྨྱོན་ལ་མ་སྡིགས་པར་ལྟད་མོ་ལྟོས། ཁོང་གི་ཐོག་ན་ལྟད་མོ་མང་པོ་མཐོང་རྒྱུ་འདུག ལྟད་མོ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་བཞིན་འདུག
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།།
སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།།
གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།།
བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།
ཚིགས་བཅད་འདི་འབྲི་དགོས་བསམས་ནས། ཡི་གེའི་རྩོམ་པ་པོའི་མཚན་འཚོལ་བར་ཡར་ཕྱིན་པས། གོང་གསལ་ཚིགས་བཅད་དེ། དེ་རང་འདུག་པ་བཤུས་ཏེ། འདིར་བཀོད། སྤྲུལ་སྐུ་ཀླུ་སྨྱོན་དང་། སྤྲུལ་སྤྲུལ་སྐུ་རྩོམ་པ་པོ་གཉིས་ཀའི་ཐུགས་རྒྱུད་ལ་བྱང་སེམས་རིན་པོ་ཆེ་ཡོད་པས་བདེ་གཤེགས་སྙིང་པོ་མངོན་པར་གསལ་ཏེ། སྙིགས་མའི་དུས་འདིར་འགྲོ་བ་དཔག་ཏུ་མེད་པ་ཕུག་རོན་ནད་པ་དེ་ལ་སོགས་པའི་དོན་མཛད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ལགས། ང་སློབ་གྲྭར་འགྲོ་སྐབས་ཁང་པ་སོགས་སྡོད་གནས་སྦྱིན་པ་པོ། སེམས་ཀྱི་སྨན་པ། འཕེལ་ལེགས་ཧམཏམན་ཞུ་བ་འགྲོ་བ་སེམས་ཅན་ལ་རང་བཞིན་གྱིས་སྙིང་རྗེ་ལྡན་པ་ཞིག་ཡོད། ད་ལྟ་སྐུ་གཤེགས་ནས་ལོ་ངོ་ལྔ་ཙམ་འགྲོ ཁོང་གིས་ཕུག་རོན་ནད་པ་དག་ནང་དུ་ཁྱེར་འོངས་ནས་གསོས་པ་དང་སྐྱེད་ཚལ་དུ་འཕུར་དུ་བཅུག ཉིན་ཅིག་ཕུག་རོན་གསོས་པ་ཞིག་སྐྱེད་ཚལ་དུ་འཕུར་དུ་འཇུག་པར་ཁྱེར་སྐབས་བདག་གི་ལག་པར་འཆང་བཞིན་པའི་ངང་ནས་ཚེ་འཕོས་སོང་། ང་རང་སེམས་ཕམ་ཡང་། ཁོང་ཐུགས་ཕམ་འོང་བསམས་ནས་ཚེ་འཕོས་པ་མ་བཤད། ཁོང་ཉིན་གཅིག་རྒྱལ་བ་རིན་པོ་ཆེས་༡༩༩༡དུས་ཕུག་རོན་དཀར་པོ་ཞིག་ཁོང་ལས་ཁུངས་ལ་ནད་པ་གཟིགས་པར་འགྲོ་སྐབས་མཐོང་། སླར་ཆུ་ཚོད་གསུམ་རྗེས་སུ་ཕུག་རོན་དེ་དེ་རང་ན་བསྡད་ཡོད་པར་ཐེ་ཚོམ་སྐྱེས་ཏེ་ཞིབ་ཏུ་བལྟས་པས། ཕུག་རོན་དེའི་གཤོག་པ་ཡ་གཅིག་ཆག་ཡོད་པར་གཟིགས། ནང་དུ་ཁྱེར་འོངས་ཏེ། བུ་ལྟར་གསོས། སྨན་པ་ཁོང་རང་སྐུ་གཤེགས་པའི་རྗེས་སུ་ཡང་། སྨན་པ་འཕེལ་རང་གི་ཆུང་མ་གནས་བཀྲ་ལེགས་ཀྱིས་གསོ་སྐྱོང་འོག་ལོ་སྔོན་མའི་ནང་ཚེ་འཕོས། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་རྣམས་བདེ་བར་གྱུར་ཅིག་ཅེས་པ་ལས་བདག་ལ་ནི་དེ་འདྲ་བའི་སྙིང་རྗེ་སྐྱེ་བ་ཤིན་ཏུ་ནས་དཀའོ།།
འོན་ཀྱང་བདག་རང་གིས་ནུས་པའི་བྱ་བ་ནི་བོད་སིལ་བུར་མ་སོང་བའི་སྐད་དང་ཚིག་དག་བཀའ་བསྟན་གསུང་འབུམ་སོགས་ན་ཡོད་པ་ཉམས་ཆག་སོང་བ་དང་སླར་གསོ་ཐུབ་ན་བསམས་ཏེ། བཀའ་བསྟན་སོགས་ན་གསལ་བ་བཞིན་དུ། སྙིང་སྟོབས་ཀྱིས་འདང་མ་སོང་།ཞེས་པར་ སྙིང་སྟོབས་ཀྱིས་ལྡང་མ་སོང། ཞེས་དང། དགོང་མོ་ཞེས་པར་དགོངས་མོ་ཞེས་འབྲིའོ། འདི་ཡིས་བོད་སིལ་བུར་སོང་བ་སྐད་ཡིག་གཅིག་ཏུ་སྒྲིལ་བ་བརྩོན་པའི་དགེ་བ་འདྲ་མཆིས་ན། དེ་ཉིད་བོད་རིག་གཞུང་ཡུན་རིང་དུ་གནས་པའི་ཆེད་དུ་བསྔོའོ།།
བགྲང་བྱ་དུ་མའི་སྔ་རོལ་དུ་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་རྒྱུད་པའི་རྣམ་ཐར་མཇལ་བའི་སྐལ་བཟང་གི་གོ་སྐབས་ཤིག་བྱུང་བར་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོའི་མཛད་རྣམ་དུ་བུ་སྟོན་རིན་པོ་ཆེ་དང་ལྷན་དུ། གཙང་གི་ས་ཆ་ཞིག་ཏུ་ཕེབས་ལམ་དུ་སེམས་ཅན་ག་གེ་མོ་ཞིག་ནད་ཀྱིས་མནར་ནས་འཆི་ལ་ཉེ་བ་ཞིག་མཇལ་སྐབས་རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་ཤུམ་ནས་བཞུགས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་ཞིག་དྲན་སོང་། རྗེས་སུ་ཡིད་རངས་ཡོད། གང་ལ་སེམས་ཀྱི་དམ་པ་རིན་ཆེ་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ལོ།
མ་གཞི་ནས་བྱེད་སྟངས་དེ་ཚོ་ཡག་པོ་རེད། མཐའ་ཡས་བའི་སེམས་ཅན་ལ་ཕན་འདོད་ཀྱི་བསམ་པ་སྐད་ཅིག་ཙམ་ཞིག་བསྐྱེད་ན་ཡང་། དེ་ལ་རྒྱལ་བ་རྣམས་ཐུགས་བགྱེས་པའི་མཆོད་པ་བླ་ན་མེད་པ་ཡིན། སེམས་ཅན་མགུ་བ་མ་གཏོགས་པ།།རྒྱལ་བ་མཉེས་པའི་ཐབས་གཞན་མེད།།ཅེས་གསུངས་པ་ལྟར་ང་ཚོའི་འདི་འདྲའི་ཐོག་ལ་ཤུགས་སྣོན་རྒྱག་ཐུབ་པ་ཡིན་ན་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞབས་འདེགས་བླ་མེད་དུ་འགྱུར་རྒྱུ་ཡིན་པ་གདོན་མི་ཟ། ཇོ་བོ་རྗེས། སེམས་ཅན་ཐམས་ཅད་མཐོང་བའི་ཚེ།།ཕ་མ་བུ་ཚའི་འདུ་ཤེས་བསྐྱེད།།ཞེས་པ་ལྟ་བུའི་བསམ་བློ་ཞིག་གིས་མི་ཚེ་སྐྱེལ་བ་ལ་དོན་དང་ལྡན་པ། བདེ་སྐྱིད་ངོ་མ་ཞིག་གི་མགོ་ཚུགས་པ་ཡིན། ང་ཚོ་ལག་ལེན་གྱིས་ཕོངས་པ་མ་གཏོགས་ཆོས་ཀྱིས་ཕོངས་མེད། ཡིན་ཡང་ལས་སླ་བ་ཞིག་མ་རེད། འགལ་རྐྱེན་རི་ལྟར་འཛིངས་བ་དང་འཁྲུག་ཆ་དོད་པོའི་སྤྱི་ཚོགས་འདི་འདྲའི་ནང་ལ་ཆོས་ཟེར་དུས་དགོས་མེད་མཁོ་མེད་ཅིག་ཏུ་རྩིས་བ་དང་ཉིན་རེའི་འཚོ་བ་ལ་ཕན་ཐོགས་མེད་པའི་སྣང་བ་བན་བུན་ལས་ཡོད་པ་མ་རེད། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ།།དེ་ཀུན་གཞན་ཀུན་འདོད་ལས་བྱུང་།།ཞེས་གསུངས་པ་ལྟར་དེ་འདྲའི་བསམ་བློ་ཡོད་མཁན་ཞིག་ཡིན་ན་ཕལ་ཆེར་མི་བླུན་པ་ཞིག་མིན་པ་ཐག་ཆོད་ལ། དེ་ལ་རླབས་ཆེན་གྱི་བསམ་བློ་བ་ཟེར་ན་ཆོག་གི་རེད། དགེ་མི་དགེ་ཟེར་བ་གཙོ་བོ་ཀུན་སློང་གི་ཆ་ནས་འཇོག་པ་མ་གཏོགས་ལུས་ངག་གི་བྱ་སྤྱོད་ཡག་འདུག་གི་ཆ་ནས་འཇོག་གི་མེད་པ་འདྲ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།ཞེས་པ་ལྟར་རེད། སྤྱིར་བཏང་རང་རང་ལ་རང་གཤིས་མ་འདྲ་བ་དང་ལྟ་བ་མ་འདྲ་བ། མོས་པ་མི་འདྲ་བ། དགའ་ཕྱོགས་མི་འདྲ་བ་ཡོད་པ་རེད་དེ་རང་ཉིད་ཁ་ལོ་སྒྱུར་མཁན་ངོ་མ་ནི་ནང་གི་ཤེས་རབ་རེད། ཤེས་རབ་དེ་ལའང་ཉོན་མོངས་ཅན་དང་ཉོན་མོངས་མ་ཡིན་པ། ཀུན་རྫོབ་དང་བདག་མེད་རྟོགས་པའི་ཤེས་རབ་སོགས་མང་པོ་ཡོད་པ་ལས་མགོན་པོ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་གྱི།།ཀུན་གྱི་རྩ་བ་ཤེས་རབ་ཡིན།།ཞེས་གསུངས་པ་ལྟར་ཡང་དག་པའི་ཤེས་རབ་བསྐྱེད་པ་ལ་འབད་དགོས། ཤེས་རབ་མེད་ན་བཟང་ངན་གྱི་དབྱེ་བ་མི་ཤེས། བླང་དོར་གྱི་རྣམ་དབྱེ་མི་ཤེས་བས་སྲིད་པ་འཁོར་བར་མུ་མཐུད་དུ་འཁྱམ་ངེས་རེད།
ཀླུ་སྨྱོན་ཟེར་བ་ངས་སི་ཡིན་གསར་པོ་མི་ཤེས་། འོན་ཀྱང་ཕུག་རོན་ནད་པའི་དཀོར་དེ་དངོས་གནས་ཡིན་ན་ ཀླུ་བླ་མ་རིན་པོ་ཆེ་ངོ་མ་རེད་། འགྲོ་བ་ཡོང་གི་ཆེད་དུ་སྐུ་ལས་སྐྱོན་རོག་།
ཐུགས་རྗེའི་བདག་ཉིད་དངོས་སམ་བརྫུས་ཀྱང་རུང།།གཞན་ཕན་ལྷག་བསམ་དྲིལ་བསྒྲགས་མཛད་པ་གང་།།
རང་གཞན་ཀུན་ལ་བག་ཅུང་ཞིག་སྟེར།།འོན་ཀྱང་སྐྱབས་བཅོལ་བོད་པའི་སྤྱི་ཚོགས་འགའ་ཞིག་ནདྷང་།།
འཆི་ལ་ཉེ་བའི་མཁལ་མ་ནད་པ་དང་།།རྒྱ་ཡིས་རྡུང་པའི་དཔའ་བོ་ནད་གཅོང་ཅན།།འདི་དག་སངས་རྒྱས་བསྟན་དང་མི་རིགས་སླད།།རང་གི་ལུས་སྲྲོགབྦློ་ཡིས་བཏང་བ་ལས།།འདི་དག་ཕྱུག་བདག་བྱང་སེམས་ཁྱེད་རྣམས་གཉིས།།བློ་སྦྱོང་སྒོམ་ཡུལ་ཙམ་དུ་ཟད་དམ་ཅི།།གཞན་ནི་མཆན་གཉིས་པ་འགོད་མཁན་བཀྲིས་ལགས་སམ་བཀྲས་ཀྱིས་གསུངས་པ་ལ་རྒྱུ་མཚན་ཤིན་ཏུ་ཆེ་བར་མཐོང་བ་ཅམ་མོ།།རྩོམ་པ་པོ་སློབ་དཔོན་ལགས་སུ་བཀའ་འདྲི་ཞུ་ཡས་ནི་བདག་ཉིད་ཆེན་པོ་ཀླུ་སྨྱོན་རིན་པོ་ཆེ་མཆོག་ད་ཆ་ཨ་རིའི་འབྲོག་བདག་ཕྱུག་པོ་ཞིག་ཡིན་ཚོད་འདུག་པས་ཨ་ལགས་ཁོང་ལ་སྙིང་རྗེའི་དམིགས་པར་གྱུར་པའི་ཕྱུགས་དུ་ཡོད་དམ།དེ་མིན་ཁོང་ཨ་རིའི་གྲོང་ཁྱེར་ནང་བཞུགས་པའི་པྱུགས་བདག་ལ་ཇི་ལྟར་འགྱུར་རམ།།སྐུ་རྩེད་ཞུས་པ་ཡིན།།སྐྱར་ཀྱི་རྩོམ་ལ་ལན་གཅིག་གཟིགས་དང་།དགོད་བྲོ་པོ་འདུག་གཱ།།།ཧཧཧཧཧཧཧ།།
བཀླགས་ཟིན སྙན་པོ་བྱུང་།
བ་སྤུ་གཟེང་གཟེང་བྱས་སོང་།
སྙིང་རྩ་གཡུག་གཡུག་བྱས་བྱུང་།
སྔར་མར་པ་ལོ་ཙྰ་བའི་སྲས་དར་མ་མདོ་སྡེ་ཡང་ཕུག་རོན་གྱི་རོ་ལ་འཕོ་བ་གྲོང་འཇུག་གནང་བ་དང་། ཡང་ཕྱིས་སུ་ག་ར་ཞྭའི་ཡུལ་དུ་རྒྱལ་བ་རྒོད་ཚང་པས་ཁྲར་སྤྲུལ་དུས། མཁའ་འགྲོ་མས་བྱ་ཕུག་རོན་ལ་སྤྲུལ་པ་དང་། དབུས་གཙང་ཁུལ་དུ་གནས་ཆུང་གི་རྟེན་གཅིག་ནས་གཅིག་ཏུ་སྤོས་དུས་ལམ་བར་དུ། གནས་ཆུང་བྱ་ཕུན་རོན་ཞིག་ལ་སྤྲུལ་ནས་ཤིང་སྡོང་ཞིག་འཐིམས་པས། དེ་ནས་བཟུང་ལྷ་ཆེན་པོ་དེ་འྡར་ཞིག གནས་ཆུང་ཆུང་གཅིག་ལ་འཐིམས་པས། གནས་ཆུང་དུ་མཚན་ཐོགས་ཞེས་པ་ཞིག་ཀྱང་གོ་མྱོང་ཡང་། ང་རང་རང་གིས་ནི། ལོ་རྒྱུས་ཀྱི་ཁུངས་མཇལ་བའི་སྐལ་བ་མ་བྱུང་ངོ་།།