ཁ་བའི་མདུན་དུ་འགྲེངས་ནས།
ཁ་བ་ཁམ་གང་ལྡད་ནས།
ང་དང་ཁ་བ་འབྲི་བར་བརྗོད་བྱ་ཅི་ཞིག་གི་འབྲེལ་གྲུབ་ཡོད་དམ།
ཁོ་བོ་ཕ་ཡུལ་ལ་ལོག་ཐེངས་རེར།
ཁ་བས་བསུས་མ་ཐེངས་རེ་བྱས་པ་ནི།
རྒྱུན་གྱི་གནས་ཚུལ་ཞིག་ཡིན།
དེ་བས་བདག་གི་ཡབ་ལགས་ཀྱིས་་
བསོད་ཟད་་་
ནམ་ཡང་ནམ་གྲང་མོའི་དུས་ལ་སླེབས་འོང་་་་ཟེར།
གོས་ལྭ་ཇི་ཙམ་ཐུག་པོ་གྱོན་ནའང་།
ཁ་བའི་གྲང་ངར་གྱི་དྲོ་བ་མྱོང་དགོས་པ་སྨོས་མེད་ཡིན་ནའང་།
ཁ་བའི་གྲང་ངར་ལ་མི་འཛེམ་པར།
ཁ་བའི་འདབ་མ་ལྷུང་སྟངས་དང་ཁ་བའི་དཀར་མདངས།
ད་དུང་སོབ་སོབ་ཡིན་པའི་ཁ་བའི་རེག་བྱ་དག་ལ།
མིག་གིས་བལྟས་ཤིང་སེམས་ཀྱིས་མྱོང་བ་ནི།
ཁོ་བོའི་རྒྱུན་གྱི་གོམས་གཤིས་སུ་གྲུབ་ཡོད།
རླངས་འཁོར་ལས་བབས་མ་ཐག་ཡིན་པའི་ཁོ་བོས།
གནམ་ནས་བབ་འོང་བའི་ཁ་བའི་གར་སྟབས་མཐོང་སོང་།
བརྩེ་བའི་གཅེན་པོ་དང་ལྷན་འཁྲུལ་འཁོར་ལ་བཞོན་ནས་འོང་དུས།
ཁ་བ་་་་ རེ་རེ་བྱས་ནས་ཁོ་བོའི་འགྲམ་ངོས་སུ་འབྱར་འོང་།
དེ་དུས་་་་་ལོ་གསུམ་གྱི་རྗེས་ནས་གཅེན་པོ་དང་ཐུག་པའི་དགའ་བ།
ཁ་བ་མཐོང་བའི་དགའ་བ།
དགའ་བ་མང་པོ་ཞིག་གིས་ཁོ་བོའི་མདུན་ནས་བསུས་འོང་།
དར་ལྕེ་ལྷབ་ལྷབ་གཡོ་བའི་རླུང་བུ་འདི་ཤེད་ཀྱིས་རྔུབ་ན།
ཁ་བའི་དྲི་ངད་ཚོར་འོང་། ཁ་བའི་རེག་བྱ་ཚོར་འོང་།
ད་ལོའི་ཁ་བ་ནི།
ཁོ་བོའི་རྣམ་ཤེས་གཡའ་དག་པར་བྱེད་པའི་བུམ་ཆུ་དྭངས་མ་ཞིག་རེད།
ད་ལོའི་ཁ་བ་ནི།
ཁོ་བོའི་མདུན་ལྗོངས་སུ་སྣ་བརྒྱའི་མེ་ཏོག་འགྲེམས་པའི་ལྷ་མོའི་ཁྱུ་ཚོགས་རེད།
ལ་རྩེར་འབྱར་ལ་ཁད་པའི་ཉི་འོད་ཀྱི་དྲོད་ལ་ལྡེ་བཞིན།
རྩིས་འཁྲུལ་ནང་ང་དང་ཁ་བ་འབྲི་དུས་ཀྱང་།
པར་ཆས་ངོས་བླངས་ཟིན་པའི་རི་མཐོ་ས་གཙང་གི་མཛེས་སྡུག་དག
རེ་རེ་བཞིན་མིག་མདུན་དུ་འཚང་ནས་འོང་།
རྒྱང་རིང་གི་གངས་རི། གངས་རིའི་སྐེ་རྒྱན་དུ་བཅིངས་པའི་སྤྲིན་དཀར་པོའི་འགུལ་སྟངས།
ཁ་བའི་དར་ཟབ་བསྣབས་པའི་རྔམ་ཞིང་མཐོ་བའི་ཕྱོགས་བཞིའི་རི་བོ།
དྭངས་རླུང་བསིལ་མ། བསེར་བུའི་རྒྱུ་ཕྱོགས་ལྷན་འགུལ་བའི་དར་ལྕེ།
མིག་གིས་བཟོད་མི་ཐུབ་པའི་ཉི་འོད་ཁ་བར་ཕོགས་པའི་འོད་མདངས།
རྒྱང་རིང་གི་རི་བོའི་དབུ་རྩེའི་ཟླ་བ་མོག་པོ།
གནམ་སྔོན་པོའི་ཟུར་དང་ཟུར་དག་ནས་དལ་གྱིས་སྐྱོད་པའི་སྤྲིན་ཚོམས།
ཁ་བས་ཕྱེད་འགེབས་བྱས་པའི་རྡོ་ལེབ་དང་ལྗོན་ཤིང་།
ཁ་བ་བཞུ་བའི་ཆུ་ཐིག
ཁ་བ་་་་་་་་་་་་་་
བདག་གི་ཀི་རིང་་་་་་་་་་
༢༠་༢་༢༠༡༣