ཁ་བརྡ་དང་དུས་བབ་ཟིན་བྲིས། ཧི་གཟུགས་ཟིན་བྲིས་སོགས་སུ་སྐོར་ར་རེ་བྱེད་སྐབས་ མཐོང་སྣང་འགའ་ཤར་བ་རྣམས་འདིར་གསལ་བཤད་ཅིག་བྱེད་འདོད་སྐྱེས་བྱུང་། དང་པོ་ནི། སྙན་ངག་གི་སྐོར་ཡིན། ངས་གོང་གསལ་གྱི་ཟིན་བྲིས་ཁག་ལ་རོབ་རྩིས་ཤིག་བརྒྱབ་སྐབས་ བརྒྱ་ཆ་ ༥༠ ལྷག་སྙན་ངག་རེད། བོད་ནང་དུ་སྙན་ངག་གིས་སྦས་པའི་བརྗོད་བྱ་འབྲི་ཐུབ་པའི་རྒྱུ་མཚན་གྱིས་ འཇིག་རྟེན་གྱི་བརྗོད་བྱ་ཡོད་ཚད་དང་ལྷག་པར་དུ་རྒྱ་ལ་མི་འཕྲོད་པའི་རིགས་རྣམས་སྙན་ངག་གིས་བྲིས་པ་རེད་ཅེས་ན་ཁག་འཇོག་ས་ཞིག་ རེད་དྲན། འོན་ཀྱང་། བཙན་བྱོལ་དུའང་སྙན་ངག་མང་པོ་དེ་འདྲ་འབྲི་དགོས་དོན་གང་ཡིན་ནམ་ཞེས་དྲན།
དེ་ནས། ཟིན་བྲིས་ཀྱི་ནང་གི་བརྗོད་བྱ་མང་ཆེ་བ་དེ། ང་དང་ཁྱོད་ཅེས་པ་འདི་ལས་འཕྲོས་འདུག དེ་ཡང་། “ངས་ཤེས། ང་བདེན། ངའི་བསམ་ཚུལ་འདི་ཡིན། ཁྱོད་མི་བདེན། ཁྱོད་ཀྱིས་མི་ཤེས། ཁྱོད་ཀྱི་བསམ་ཚུལ་མ་རེད།” ཅེས་པ་འདིའི་ནང་ལ་བསྡད་འདུག ངས་ འདི་དག་ནི་ན་ཚ་ཞིག་མིན་ནམ་དྲན། ན་ཚ་དེ་ཡང་། ཆེ་ས་ནས་བཤད་ན་མི་རིགས་ཤིག་མགོ་འཐོམས་པའི་ན་ཚ་ཞིག་དང་། ཆུང་ས་ནས་བཤད་ན། མཐོང་རྒྱ་དང་ཐོས་རྒྱ་མེད་པར་རང་གི་དྲན་ཚོད་ཙམ་ལས་གཞན་འབྲི་མ་ཤེས་པའི་ན་ཚ་ཞིག་མིན་ནམ་དྲན། ༼འདིའི་ནང་དུ་ང་ཡང་ཚུད་ཡོད།༽ ང་ཚོས་འབད་བརྩོན་ཞིག་བྱས་ན། ན་ཚ་འདི་ལ་སྨན་རེ་ཟུང་རྙེད་ཀྱང་སྲིད་པ་རེད། སྨན་དེ་ནི། བསམ་ཚུལ་ཙམ་ཞིག་མི་འབྲི་བར། བསམ་ཚུལ་དེ་དག་ཀྱང་ ཡིག་ཐོག་ན་ཡོད་པའི་དོན་དག་དེ་ཚོ་རྒྱབ་རྟེན་ལ་བཅོལ་ནས་བྲིས་པ་ཡིན་ན། ན་ཚ་དེ་རིམ་གྱིས་དྲགས་ངོ་ཤར་སྲིད་པ་ཞིག་རེད་དྲན།
ང་འདི་ལ་རྒྱབ་རྟེན་གཞན་ཞིག་ཡོད། དེ་ནི། རིག་གསར་གྱི་སྐབས་སུ་བོད་ཀྱི་རིག་གནས་ ༼རིག་གནས་བཅུ་༽ཧ་ལམ་མཚམས་ཆད་པ་རེད། དེ་ནས་གུ་ཡངས་ཀྱི་སྐབས་དེའི་གཞོན་སྐྱེས་མི་ཐོག་དེ་ཚོས་རིག་གནས་ཆད་པ་དེ་ཚོ་ལ་མཐུད་རྒྱག་པའི་འབད་བརྩོན་བྱས་པ་རེད། ལོ་རབས་དགུ་བཅུ་དང་ཉིས་སྟོང་གི་སྐབས་འདིར་མཐུད་བརྒྱབ་ཟིན་པའི་དུས་ཚོད་ཅིག་ཤར་བ་རེད། དེ་ནས་ང་ཚོ་གར་འགྲོ་འདིར་འགྲོ་མེད་པ་ཆགས་པ་རེད།
ཉེ་ཆར་ཧི་གཟུགས་ཟིན་བྲིས་ཐོག་ མདོ་སྨད་ཀྱི་ས་ཆ་ག་གེ་མོ་ཞིག་ཏུ་སློབ་འབྲིང་ནང་ཚད་མ་སློབ་ཁྲིད་བྱེད་བཞིན་པ་དང་། དེའི་དགེ་རྒན་དེ་ཚོ་ལྡི་ཚ་དགོན་པ་ནས་གདན་དྲངས་པ་རེད་ཅེས་བཀོད་འདུག ལོ་ན་ ༡༥ ནས་ ༡༩ ཙམ་གྱི་སྐབས་འདིར་སློབ་མ་དེ་ཚོས་ཚད་མ་སྦྱངས་ནས་ཤེས་པ་ཆ་ཞོག སྦྱངས་ཚར་རྗེས་ཅི་ཞིག་བྱེད་ཀྱི་ཡིན་ནམ། སྨན་ཁང་དུ་སྨན་པ་བྱེད་དུ་འགྲོ་རྒྱུ་རེད་དམ།
དེ་ལྟར་ན། སྲོལ་རྒྱུན་རིག་གནས་ཀྱི་སློབ་སྦྱོང་དེས་ང་ཚོ་ལ་དུས་རབས་འདིའི་དགོས་མཁོ་ སྟེར་གི་མེད་ལ། དེང་རབས་ཀྱི་སློབ་སྦྱོང་དེ་ཚོ་ང་ཚོ་ལ་མེད་སོང་བ་རེད།
དཔེ་མཚོན་ཞིག་འཇོག གོང་གསལ་གྱི་ཟིན་བྲིས་རྣམས་སུ། སུམ་རྟགས་སྐོར་གྱི་རྩོད་པ་ཞིག་སླེབས་ཚེ། མཆན་འབྲི་མཁན་ནི་ཆར་པ་བབས་བབས་རེད། དཔལ་འབྱོར་སྐོར་གྱི་རྩོད་པ་ཞིག་སླེབས་ཚེ། མཆན་འབྲི་མཁན་ནི་ཉིན་མོའི་སྐར་མ་རེད། དེ་ལྟར་ང་ཚོ་སློབ་སྦྱོང་གིས་མ་འདང་བ་གཅིག དེ་ནས་ཐོས་པ་ཉུང་བའམ་གཞན་གྱི་བསམ་ཚུལ་ལ་བརྩི་འཇོག་གི་གོམས་གཤིས་མ་འཇགས་པ་གཉིས་ཀྱི་ཐོག་ནས། “བསམ་ཚུལ་”ཁོ་ན་སྨྲ་བའི་ཟིན་བྲིས་རིགས་བྱུང་བ་དང་འབྱུང་བཞིན་པ་མིན་ནམ་དྲན།
སྐད་ཆ་བཤད་སྟངས་གཞན་ཞིག་སྤྱད་ན། ང་ཚོས་ “གཞན་གྱི་བསམ་ཚུལ་དང་རྩོམ་ཡིག་རྣམས་”རང་གི་བསམ་ཚུལ་འབྲི་བའི་རྨང་གཞིའམ་དཔང་རྟགས་སུ་སྤྱད་ནས་ བསམ་ཚུལ་སྤེལ་བའི་གོམས་གཤིས་ཤིག་ཅིའི་ཕྱིར་མི་འཇགས་པ་ཡིན་ནམ།
རབ་གསལ་ལགས། དབྱེ་ཞིབ་ཡག་པོ་བྱས་འདུག རིག་གནས་ཆུང་བ་དེ་ཚོ་དང་། སྲོལ་རྒྱུན་གྱི་རིག་གནས་དེ་ཚོ་ཞར་ལ་སློབ། གཙོ་བོ་དེ་དེང་དུས་ཀྱི་ཚན་རིག་དང་། རང་གཞན་གཉིས་ལ་ཕན་པའི་ལག་རྩལ་དེ་ཚོར་བསླབ་ཐུབ་ན་ལེགས་པོ་རེད་སྙམ།
སྙན་ངག་འབྲི་བར་སྐྱོན་མེད། ཡིན་ནའང་། དེས་ཆུང་ས་ནས་རང་གི་ལྟོ་གོས་སྐྱོང་མི་ཐུབ་ལ། ཆེ་ས་ནས་མི་རིགས་འདིར་ཞབས་འདེགས་ཆེན་པོ་སྒྲུབ་མི་ཐུབ། དགེ་འདུན་ཆོས་འཕེལ་ལགས་ཀྱང་སྙན་ངག་དེ་ཞར་ལ་སྦྱངས་འདུག རྒྱལ་བ་ལྔ་པ་ཡང་སྙན་ངག་དེ་དབང་ལུང་མན་ངག་མང་པོ་ཞིག་ཞུ་བའི་བར་གསེང་ལ་སྦྱངས་འདུག རྗེ་ཙོང་ཁ་པ་ཆེན་པོ་ཡང་སྙན་ངག་ལ་མཁས་པ་ཡིན་རུང་། དེ་ཞར་ལ་སྦྱངས་པ་ལས། གཙོ་བོ་དེར་ཤུགས་བརྒྱབ་མེད། ངེད་ཚོའི་བོད་པ་ལོ་ཆུང་མང་པོ་ཞིག་ལ་ལམ་སྟོན་ཡག་པོ་ཐོབ་མེད་སྟབས། སྙན་ངག་ཏོག་ཙམ་ཡག་པོ་འབྲི་ཤེས་མ་ཐག་ལམ་གསེང་ང་རྒྱལ་ཆེན་པོ་ཞིག་བཅངས་ནས། ཤེས་བྱའི་གནད་གཞན་ལ་ལྷོད་གཡེང་ཤོར་གྱི་འདུག
བཤད་སྲོལ་ཞིག་ལ། ཇིའུ་མི་རིགས་བརྒྱ་ཚོགས་ཁང་ཞིག་ནང་འཛོམས་ན། དེ་ནང་ནས་བརྒྱ་ཆ་བཞི་བཅུ་ཚོང་གི་བདག་པོ་རེད། བརྒྱ་ཆ་སུམ་བཅུ་ཁྲིམས་བརྩོད་པ་རེད། བརྒྱ་ཆ་བཅུ་སྨན་པ་རེད། དེ་མིན་རྣམས་ཆབ་སྲིད་པ་དང་། སྒྱུ་རྩལ་མཁས་པ་དང་། རིག་གནས་མཁས་པ་རེད་ཟེར་སྲོལ་འདུག
ད་ངེད་ཚོ་བོད་པ་བརྒྱ་ཚོགས་ཁང་ཞིག་ནང་འཛོམས་པའི་དབང་དུ་བཏང་ན། ཇི་ལྟར་ཡོང་ས་རས།
བྱས་ཙང་ལོ་ཆུང་བ་རྣམས་ཀྱིས་དེང་དུས་ཀྱི་ལག་རྗེས་ཡོད་པའི་ཤེས་ཡོན་རྣམས་ལ་དོ་སྣང་གནང་རོགས།
དགོངས་དག ངས་བཤད་ན་འདོད་པ་གཅིག་ཆད་འདུག དེ་ནི། ད་ལོའི་ཟིན་བྲིས་ཀྱི་ནང་ནས་ཕུལ་དུ་བྱུང་བ་ཁག་གཅིག་ཡོད་པ་དེ་རེད། དེ་ནི་འཇམ་དབྱངས་སྐྱིད་ཀྱི་ མནར་གཅོད་ཀྱི་གོ་རིམ་” དང་། ཁང་གསར་རྡོ་རྗེའི་ “ཕ་རྒན་གྱི་ཕམ་ཁ་” སོགས་དང་། དེ་ནས་ལུང་རིགས་ཀྱི་ “པེ་ཅིན་དང་ཕོན་ཡང་” མགོན་པོ་ཕྱག་གཉིས་པའི་རྒྱ་མཚོར་བསྐྱོད་པའི་ཟིན་ཐོ་སོགས་ནི་ཧ་ཅང་ཀློག་སྤྲོ་བ་བྱུང་ཁག་གཅིག་ཡིན། དེ་བཤད་རྒྱུ་བརྗེད་འདུག
རབ་གསལ་ལགས། ཟིན་ཐོ་གོང་དེ་དག་ཡག་པོ་ཡོད་པའི་སྟེང་རིན་བཟང་གི་མུ་འབྲེལ་ཟིན་ཐོ་ཞེས་པའི་དེབ་འདི་ཁྱེད་ཀྱི་ཕྱག་ཏུ་ཡོད་བཞིན་དུ་གཅིག་པུར་ཀློག་ནས་ ཉར་བསྡད་དགོས་དོན་གང་ཡིན་ནམ། དེའི་ནང་མང་ཆེ་བ་ཁོང་གི་སྔ་ཕྱི་གཉིས་བྲིས་པའི་ཁོངས་ནས་མི་གཞན་ལ་སྐད་་ཆ་འདྲིས་ཏེ་་ ༡༩༦༠ རེ་གྲངས་སོགས་ནང་བོད་མི་ཁག་ཅིག་ནསརང་སོ་སོས་སྡུག་བསྔལ་མྱངས་རབ་ཡིན་འདུག་པས་དེ་ཚོ་དུམ་བུ་རེ་རེ་བྱས་ཏེ་འཇམ་དབྱངས་སྐྱིད་ཀྱི་ཟིན་བྲིས་ལྟ་བུ་བྱས་ཏེ་བཀོད་ན་ཡག་པོ་མི་འདུག་གམ། ངའི་གོ་ཐོས་སུ་དེབ་མཐུབ་པོ་ཞེ་དྲག་ཡོད་ས་མ་རེད། བྱས་ཙང་མར་བཏོན་ཤོག དེ་འདྲ་བྱས་ན་དེའི་སྟེང་བགྲོ་གླེང་འཁྲུག་པོ་ཞིག་ཚུགས་སྲིད་པ་རེད། རིན་བཟང་གི་མུ་འབྲེལ་ཟིན་ཐོ་ཁྱེད་རང་གཅིག་པུ་ཉར་མ་སྡོད། མར་བཏོན་་ཤོག
གྲོགས་པོ། ང་ལ་རིན་བཟང་གི་དེབ་དེ་གཉིས་ཀ་དཔར་ཀློག་བརྒྱབ་པ་ཞིག་ཡོད། དགོངས་པ་རྩ་ནས་མ་ཚོམས་རོགས། ལེའུ་རེ་རེ་བཞིན་གློག་ཀླད་དུ་འཇུག་རྒྱུའི་ཁོམ་ལོང་དང་རྩོལ་བ་གཉིས་ཀས་ལྕོགས་གི་མི་འདུག ལ་རྩེ་དཔེ་མཛོད་ཁང་དང་ཁོ་ལོམ་བྷི་ཡ་མཐོ་སློབ་གཉིས་ཀ་ལ་དེབ་འདི་གཉིས་འདུག ལ་རྩེ་དཔེ་མཛོད་ཁང་ལ་འབྲེལ་བ་བྱེད་ན། http://www.latse.org ཐོག་འབྲེལ་ལམ་གསལ་འདུག
ཐེངས་འདིར་ངེད་ཀྱིས་ཁྱེད་ལ་གསལ་བཤད་ཅིག་ཞུས་ཆོག་པ་ཞུ། ངས་ཐབས་ཤེས་དང་འབད་བརྩོན་བྱས་ནས་དེབ་དེ་གཉིས་ཐོབ། ཁྱེད་ཀྱིས་ང་ལ་དེབ་ཐོབ་པ་དེ་ངེད་ཀྱི་ནག་ཉེས་ཤིག་ལ་མཐོང་ངམ། ཁྱོད་ཀྱིས་ཀྱང་འདུན་པ་ཡོད་ན་ཅིའི་ཕྱིར་འབད་བརྩོན་གནང་མི་ཐུབ་བམ། མ་མཐའ་ལའང་རྡ་རམ་ས་ལ་ན་དེབ་དེ་ཁ་ཤས་ཡོད་ཚོད་རེད། གོ་ཐོས་ལ་དེབ་དེ་དག་འདུག་ཟེར།
ངའི་ཨ་མ་དེ་ཡང་རིན་བཟང་ལགས་ཀྱི་དེབ་དེའི་ནང་གི་དམར་གསོད་ཁྲོད་ནས་བྲོས་ཐར་བའི་”ཐུའུ་ཧྥེ་”ཞིག་ཡིན་པས་ཁོང་གིས་ལོ་མང་སྔོན་ང་ལ་དེའི་སྐབས་ཀྱི་དངོས་ཡོད་གནས་ཚུལ་དེ་ཚོ་བརྗོད་མྱོང་ལ། རྗེས་སུ་ཁོང་གིས་དེ་སྐོར་བཤད་པ་དག་སྒྲ་ཐག་ནང་ཕབ་ནས་ཉར་བསྡད་ཡོད། དེ་བཞིན་ངའི་པ་ལགས་ཀྱང་རིན་བཟང་གི་དེབ་དེའི་ནང་གི་ཨ་ཁུ་བྱམས་པ་འཕྲིན་ལས་ཚང་དང་ལྷན་དུ་གྲྭ་པ་སྐོར་ཞིག་རྩེ་ཁོག་གི་ཕྱོགས་སུ་བྲོས་ནས་མ་ཐར་བར་རྒྱ་དམག་གིས་འཇུས་ནས་ཕྱིར་ཁྲིད་ཡོང་ཟེར་བ་དེའི་ནང་དུཡོད་ཅེས་ཁོང་གིས་ང་ལ་བརྗོད་མྱོང་།