རྩོམ་པ་པོ། བསེ་རུ་
———–
གངས་དཀར་མ་ཡུམ་མངལ་ལས་སྦྲུམ་པའི་ང༌།།ཤ་དང་རྩམ་པའི་རོ་བཅུད་མྱོང་མཁན་ང༌།།
མ་བསླབས་ཡིག་དྲུག་བཟློ་བའི་ནེ་ཙོ་ང༌།།དམ་ཆོས་སྙིང་པོའི་རང་ངོ་མ་འཕྲོད་ང༌།།
མི་རིགས་ལ་རྒྱའི་ཟུངས་ཁྲག་མི་རྒྱུ་ང༌།།མགོ་བདེ་དྲན་འཕྲུལ་ངན་ཁྲག་རྒྱུ་བའི་ང༌།།
མཐོན་པོའི་ཁྲི་ལ་འགྱིངས་པའི་རྗེ་བོ་ང༌།།ཉམ་ཆུང་འབངས་ལ་སྡང་བའི་གཤེད་མ་ང༌།།
གཞིས་བྱེས་བོད་མིའི་རྩ་དོན་སྒྲུབ་མི་ང༌།།ལྷག་བསམ་སྙིང་སྟོབས་གོ་ཆ་མི་བཙན་ང༌།།
ཁ་ནས་ས་དྲུག་བདེན་དོན་སྒྲོག་མཁས་ང༌།།ཁོག་ན་རང་དོན་ས་བཀྲ་འབྲི་མཁན་ང༌།།
ཤེས་ཡོན་གཤོག་ཟུང་རྒྱས་པའི་མཁས་པ་ང༌།།རང་དོན་ནམ་མཁར་ལྡིང་བའི་རྒོད་པོ་ང༌།།
བླ་བྲང་འཁོར་ཚོགས་མང་བའི་སྤྲུལ་སྐུ་ང༌།།ལུགས་ཟུང་མཛད་པའི་ཆ་ཤས་ཉུང་བའི་ང༌།།
གཞུང་ཆེན་རྟོགས་པའི་དགེ་བཤེས་མིང་ཅན་ང༌།།ཨ་རིའི་ཞིང་ཁམས་ཐར་པར་འཛིན་པའི་ང༌།།
དམ་ཆོས་རྣལ་མར་མི་བརྩོན་བཙུན་གཟུགས་ང༌།།འཇིག་རྟེན་ཆོས་བརྒྱད་འདམ་ལ་ཚུད་པའི་ང༌།།
སློབ་མ་འཁོར་ཚོགས་སྐྱོང་བའི་དགེ་རྒན་ང༌།།དཔེ་མཁྱུད་གཟེབ་ཏུ་ཚུད་པའི་འཇོལ་མོ་ང༌།།
བཤེས་གཉེན་དུ་མ་བསྟེན་པའི་མཆན་བུ་ང༌།།སྣོད་ཀྱི་སྐྱོན་གསུམ་ལྡན་པའི་བཤེས་རྨོངས་ང༌།།
རིགས་མཐུན་དགའ་མར་མ་འགྲོགས་བུ་རུལ་ང༌།།སྐྲ་སེར་རྒན་མོར་བློ་སྙིང་གཏོད་མཁས་ང༌།།
ཡ་རབས་སྤྱོད་བཟང་བུ་ལ་མ་བསླབས་ང༌།།མ་རབས་གཤིས་ངན་བུ་ཡི་པ་ཕ་ང༌།།
རིགས་རྒྱུད་གཙང་མར་མི་སྤེལ་བོད་མོ་ང༌།།ལང་ཚོའི་མེ་ཏོག་གཞན་ལ་སྤྲོད་འདོད་ང༌།།
ཁ་མིག་ཡར་ལྟའི་གོམས་གཤིས་མ་བསླབས་ང༌།།འཕྱོན་མ་སྙིང་མེད་བུ་མོའི་ཨ་མ་ང༌།།
འདས་པའི་ཕ་མེས་རིག་གཞུངསྐྱོང་བའི་་ང༌།།ད་ལྟ་སློབ་གཉེར་བྱ་བར་ཞུགས་པའི་ང༌།།
མ་འོངས་བོད་ཀྱི་སོན་རྩར་རེ་བའི་ང༌།།རྣམ་གཡེང་ལེ་ལོའི་སྒྲོག་གིས་བཅིངས་པའི་ང༌།།
ང་ཡིན་ཟེར་བའི་བོད་མིའི་སྤྱི་ཚོགས་ཀྱིས།།ང་ལ་ཞེན་པའི་མྱོས་ཆུ་བཏུང་དྲགས་པས།།
ང་རྒྱལ་གོམ་ཁ་འཁྱོར་བའི་རྐང་སྟབས་ཀྱིས།།ང་ཅག་སྤྱི་དོན་རྡོག་པས་བརྫིས་འདི་སྐྱོ།།
ང་ཚོ་བོད་མིའི་སྤྱི་ཚོགས་མེ་ལོང་ལས།།ང་སྣང་མ་དག་སྐྱོན་མཚང་གཟུགས་མཐོང་བས།།
ང་ཡང་སྨྱུག་ཐོགས་མཁན་པོའི་རྗེས་འབྲངས་་ཏེ།།ང་ཡི་སོར་རྩེས་ལན་ཅིག་གཟིགས་མོར་བཤམས།།
ང་ཡིས་སེམས་ཚོར་དྲག་པོ་འདིར་བཤམས་པར།།ང་རྒྱལ་ཁྲོ་བའི་སྡང་མིག་གཟིགས་དོན་མེད།།
ང་ལ་གནོད་པའི་དོན་གནད་འགའ་མཆིས་ཚེ།།ང་ཡི་དམིགས་དོན་དེ་ཡིས་འགྲུབ་པ་ཡིན།།
རང་དོན་ཁོག་ཏུ་སྦེད་འདོད་ང་ལ་མེད།།བདག་ཀྱང་སྐྱོན་གྱིས་སྒྲིབ་པའི་རྩམ་གཟན་ཞིག།
སྤྱི་དོན་མིང་གི་ལྷག་མར་གྱུར་ཉེན་པས།།སྐྱོ་བའི་གླུ་ཞིག་དེ་རིང་ངག་ལས་ཐལ།།
རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ཚིག་སྦྱོར་སྤེལ་སྟངས་དང་དོན་ཉམས་འདོན་སྟངས་ལ་བལྟས་ན་རྭ་ཅོ་གཅིག་ཅན་ཞིག་གིས་བྲིས་པ་ཤེས་ཐུབ།
རྩོམ་ཡིག་ལེགས་ཉེས་ནི་ཀློག་པ་པོས་འབྱེད་དགོས་པ་ལས།
རྩོམ་པ་པོ་རང་ཉིད་ཀྱིས། ང་ནི་ཚངས་པའོ། ཚངས་པ་ནི་ཆེན་པོའོ་ཞེས་སྨྲས་ན།
དེ་ནི་དོན་དམ་གྱི་རྩོམ་པ་པོ་ཞིག་ཏུ་མི་འགྱུར་རོ།།