ཚེ་རིང་།
དབྱར་ཁའི་ནམ་ཟླ
བྱམས་ལྡན་སུ་ཞིག་གི་ལག་ཟུང་བཞིན་བརྐྱངས་ནས་སླེབས
སྐད་ཅིག་མའི་ཡུན་དེར
ས་གཞི་ལྗང་ལོས་ཁུར་ཞིང་རླུང་བུར་བསིལ་ཁ་ལྷུང
མཚམས་ལ་ལར ཆར་ཐིགས་རེ་འགའ
ཁྱོད་ཀྱི་མིག་ཆུ་བཞིན་ཟིམ་ཟིམ་འབབ་ཅིང
སྐབས་འགར བྱ་བྱིའུ་རྒྱུས་མེད་རེ
བདག་གི་དྲན་པ་ལྟར་གང་སར་འཕུར
སྟོན་མཇུག་གི་འགྲུལ་བཞུད་དྲན་དུས
རི་བོ་མཐོན་པོ་ཞིག་གི་རྔམ་བརྗིད་ཤར་འོང་ལ
ཆུ་བོ་ནག་པོ་ཞིག་གི་ཁ་ཞེང་ཡང་དྲན་འོང
ལྐོག་གཡོ་དང་འཇམ་མཁས་ཀྱིས
དྲན་ཤེས་དཀྲུགས་པའི་རྔོན་པ་དེ་ཚོ
ཐབས་མཁས་དང་བསླུ་བྲིད་ཀྱིས
ཆུ་ཚོད་བརྐུ་བའི་ཇག་པ་དེ་རྣམས
ནམ་ཡང་ངའི་ཉེ་ས་ན ངའི་སེམས་ཀྱི་ཉེ་ས་ནས
འཛུམ་གྱིས་གཙེས་ཤིང་འཛུམ་གྱིས་རྒོལ
ལོ་མ་ལྗང་ཁུ་ཞིག་གི་ཁ་དོག་ལ་སེར་ཐིག་ལྷུང་དུས་སུ
རྐང་རྗེས་རབ་རིབ་ཅིག་ཁྱོད་ཀྱིས་མདུན་ནས་རྒྱང་ལ་འཐེན་ཞིང
ནོངས་འགྱོད་ཀྱི་ལྷག་མ་ཁུར་བའི་རླུང་འཚུབ་དེས
ཁྱོད་ཀྱི་གདོང་ལ་བཙན་གྱིས་འབྲད་དུས
ད་གཟོད ཟླ་བའི་འོད་ཟེར་དེ་མིག་ཆུ་ཡིན་པ་ཚོར་ངེས
དེ་དུས དེ་དུས་སུ
འགྲུལ་བ་ཆ་ཡོད་ཅིག་གིས་ཁྱོད་ལ་ཁ་ཆེམས་ཤིག་བསྐྱུར་ཡོད
2014/6/8 — ཕྱི་དྲོ།