ཨ་འདུས་སྐལ་བཟང་རྒྱ་མཚོ།
༡] ཉིན་འགའི་སྔོན་ཆུང་ནས་འདྲིས་པའི་གྲོགས་དམ་པ་སཱ་ར་མཐོ་སློབ་ཀྱི་དགེ་རྒན་དཀོན་མཆོག་རྒྱ་མཚོའམ། པིིར་མིང་ལ་ཨ་འདུས་མིག་ཆུ་ཞེས་འབོད་པ་གང་གིས་འཕྲིན་ལམ་བརྒྱུད་རེ་བ་ཞིག་བཏོན་བྱུང་། དེ་ནི་ང་ལ་མཚོན་ན་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་སྟེ། རང་ཉིད་ལ་མཚོན་ན། རེ་བ་ཧ་ཅང་ཆེ་བའི་གྲོགས་པོ་གང་གི་འབོལ་རྩོམ་གྱི་བརྩམས་ཆོས་རྣམས་ཕྱོགས་བསྒྲིགས་བྱེད་རྒྱུ་ཡིན་པས། དེའི་སྟེང་གླེང་བརྗོད་ཅིག་ཁྱོད་ཀྱིས་ཕྲིས་ཞེས་བསྐུལ་མ་གནང་བ་དེ་རེད། ངེད་གཉིས་ལ་མཚོན་ན། ཀ་ངོ་ཡིག་ངོ་མ་ཆོད་གོང་ནས་མཉམ་འགྲོགས་ཀྱི་སྐལ་བ་བྱུང་ཡོད་པས་ང་ལ་མཚོན་ན་ཁོང་གི་མི་ཚེར་རྒྱུས་ལོན་ཟབ་མོ་ཡོད་ཕྱིར། ངས་ཀྱང་གྲོགས་པོའི་ལྷད་མེད་ཀྱི་བརྩེ་འདང་གོང་དུ་བཀུར་ཏེ་ཁས་ལེན་བྱས་པ་ཡིན།
ང་ཀིརྟིའི་ནང་བསྟན་སློབ་གྲྭར་ཡོད་སྐབས་ཕལ་ཆེར་གྲོགས་པོ་ཁོང་ཨ་འདུས་ཡུལ་ཚོའི་སློབ་གྲྭ་ནས་ཐོན་ཏེ་དགོན་པར་བཞུགས་ཡོད། འོན་ཀྱང་། ཡུལ་ཚོའི་སློབ་གྲྭ་ཕལ་མོ་ཆེ་སློབ་གསོ་དང་། དགེ་རྒན་གྱི་ཆ་རྐྱེན་ཧ་ཅང་ཞན་པས་ཕ་ཡུལ་ནས་ཁོང་ལ་ཡིད་ཚིམ་པའི་སློབ་སྦྱོང་གི་གོ་སྐབས་ཤིག་རག་ཡོད་མ་རེད། དེ་བས་ཀྱང་སྐབས་དེའི་ཨ་མདོ་རྔ་བ་ནི། ཤེས་རིག་ཅེས་པའི་མིང་དོན་དེར་བསམ་གཞིགས་གཏོང་མི་སྤོབས་པའི་ཡུལ་གྲུ་ཞིག་ཡིན་པས་ཁག་ཀྱང་ག་ལ་ཡོད། འོན་ཀྱང་། མི་སྒེར་གྱི་རྨི་ལམ་དང་ལས་དབང་ནི། ཧ་ཅང་རྟོགས་དཀའ་བའི་དྲི་བ་ཞིག་སྟེ། ཉིན་ཞིག་རྔ་བའི་སྲང་ལམ་ནས་གྲོགས་པོ་ཁོང་གློ་བུར་དུ་རྒྱ་གར་ལ་སློབ་སྦྱོང་ཆེད་སོང་འདུག ཅེས་པའི་སྐད་ཆ་གོ་བ་མ་ཟད། རིམ་གྱིས་རྒྱ་གར་ནས་བསྐུར་བའི་པར་རིས་ཀྱང་མིག་ལ་མངོན་པས་ཁོང་གི་རྨི་ལམ་འཚོལ་བའི་འགྲུལ་བཞུད་དེར་ཡིད་སྨོན་མི་སྐྱེ་ཀ་མེད་གྱུར།
༢] ཕྱི་ལོ་ ༢༠༠༠ ལོའི་དགུན་ཁར་ང་ཡང་རྒྱ་གར་དུ་འབྱོར་ནའང་། སྡོད་གནས་ཁ་ཁ་ཡིན་པ་དང་སློབ་སྦྱོང་གི་བྲེལ་བས་ལོ་མང་པོར་ཡིག་འབྲེལ་ཙམ་ལས་མཇལ་འཛོམ་མ་བྱུང་། ཕྱི་ལོ་ ༢༠༠༧ ལོའི་གུང་སེང་ལ་ལྷོ་ཕྱོགས་ལ་སོང་བ་ཡིན། དེ་སྐབས་གྲོགས་པོ་ཁོང་ང་བསུ་བར་ཧུབ་ལིར་ཕེབས་འདུག དེ་ནི་ངེད་གཉིས་ཕ་ཡུལ་དང་ཁ་བྲལ་ནས་མཇལ་འཛོམས་བྱས་པ་ཐོག་མ་དེ་ཡིན། དེ་སྐབས་ཁོང་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་དབུ་མ་འཛིན་གྲྭར་སློབ་གཉེར་གནང་གི་འདུག བརྩོན་འགྲུས་དང་གཞུང་གི་གོ་བ་གང་ཐད་ནས་འཛིན་གྲྭའི་ནང་གི་ལེགས་གྲས་ཡིན་པ་གོ་ཐོས་བྱུང་། འོན་ཀྱང་། ཁོང་ཆེས་དགའ་སའི་སློབ་ཚན་དེ་ནང་ཆོས་མ་ཡིན་པར་སྐད་ཡིག་དང་། རྩོམ་རིག་ཡིན་པའི་མྱོང་ཚོར་བྱུང་། དེ་སྐབས་ངེད་ཚོའི་བར་ནང་ཆོས་དང་། སྐད་ཡིག བརྡ་སྤྲོད་སོགས་ཕྱོགས་གང་ཐད་ནས་རྩོད་གླེང་ཡོང་གི་ཡོད། བརྗོད་པ་དལ་ཞིང་ཚོར་བ་བརླིང་བའི་གྲོགས་པོ་ཁོང་ནི་ནམ་ཡང་བོད་ཀྱི་ལར་ཞེན་དང་། མེས་པོ་ཚོའི་སྤོབས་པ་གླེང་རྒྱུར་དགའ་མཁན་ཞིག་རེད། དེ་ནས་ལོ་འགའི་རྗེས་ཁོང་རྡ་རམ་ས་ལར་སྨན་བཅོས་དང་མཉམ་དུ་སློབ་སྦྱོང་བྱས་ནས་བསྡད་པས་ང་ཚོ་ལྷན་གཅིག་ཏུ་རིག་གནས་འཛིན་གྲྭར་འགྲོ་མྱོང་། དེ་སྐབས་ཀྱི་ཁོང་ནི། བོད་སྐད། བོད་ཡིག་ལ་ཧ་ཅང་གཅེས་སྤྲས་ཆེ་བ་ཞིག་སྟེ། སུ་ཞིག་གིས་བོད་ཡིག་ལས་དབྱིན་ཡིག་བཟང་བར་བརྗོད་ན། ཁོང་གིས་དེ་ལ་རྩོད་སྒྲུབ་དང་ལན་འདེབས་གང་ཐུབ་བྱེད་ཀྱི་ཡོད་པས། ང་ཚོས་སྐབས་མང་པོར་རྩོད་གླེང་ཁོ་ནའི་ཆེད་དུ་བོད་ཀྱི་སྐད་ཡིག་གིས་རྒྱ་གར་ནས་ཟ་མ་རག་ཐུབ་ཀྱི་མ་རེད། དེ་བས་དབྱིན་ཡིག་སྦྱོང་དགོས་རེད་ཅེས་ཁོང་གི་འདོད་ཕྱོགས་ལ་རྩོད་པ་བསླངས་པ་ཉུང་ཉུང་གཏན་ནས་མིན་ནའང་། ཁོང་གི་གཤིས་ཀ་གྱོང་པོ་དེར་སུས་ཀྱང་འགྱུར་བ་གཏོང་མ་ཐུབ། དེ་ལས་ལྡོག་སྟེ་ཁོང་གིས་བོད་ཀྱི་ཤེས་རིག་ལ་བཅངས་པའི་སྙིང་སྟོབས་སྔར་བས་ཀྱང་ཇེ་ཆེར་གྱུར་སོང་། དོན་དངོས་ཐོག་རྡ་སར་ཡོད་དུས་ང་ཚོའི་བོད་ཡིག་གནས་བབ་དེ་ཙམ་བཟང་རྒྱུ་མེད་ནའང་། མེག་ལོའི་སྲང་བར་གྱི་དཔེ་ཁང་དང་། མཚན་ཉིད་གྲྭ་ཚང་གི་བཞི་མདོ་ནས་བོད་ཡིག་གི་ཚགས་ཤོག་དང་། རྩོམ་དེབ་གསར་པ་གང་ཞིག་ཡིན་རུང་ཉོ་རྐྱང་དང་། ཙོང་ཁ་ཟ་ཁང་དང་། ཨོྃ་ཟ་ཁང་སོགས་དུས་རྒྱུན་ང་ཚོས་ཇ་འཐུང་ནས་ཁ་བརྡ་གློད་སའི་ཁོར་ཡུག་དེ་དག་ནས། གྲོགས་པོ་ཁོང་གིས་ཁུ་སིམ་མེར་སྙན་ངག་དང་། བརྩམས་སྒྲུང་ཅི་ཞིག་ཡིན་རུང་ཀློག་རྐྱང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་དེ་ནི། ཁོང་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཇུག་པར་སྤོབས་པའི་རྨང་གཞིར་གྱུར་ཡོད་དེ། བོད་ཀྱི་སྐད་ཡིག་དང་རིག་གནས་ཁོ་ནར་བཅངས་པའི་བརྩོན་སེམས་དེས་ཁོང་གིས་མི་ཚེར་ང་ཚོ་སུ་ལ་ཡང་མ་ཐོབ་པའི་འགྱུར་ལྡོག་ཆེན་པོ་བཟོས་སོང་།
༣] འོད་སྟོང་ལྡན་པའི་ཕུགས་བསམ་དེའི་འོག་ནས་ཕྱི་ལོ་ ༢༠༠༨ ལོར་ཁོང་དངོས་སུ་ས་རཱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས། དེ་ནས་བཟུང་ཉིན་རེའི་སློབ་ཐུན་དང་གུང་སེང་གང་ཡིན་ལ་མ་ལྟོས་པར་བོད་ཀྱི་ཤེས་རིག་ལ་དབྱིངས་ཞུགས་ཏེ་རང་གི་མི་ཚེའི་ཁྲོད་གཞན་ལ་ངོམས་ཆོག་པའི་རྒྱལ་ཁ་ཞིག་ལེན་རྒྱུའི་ཐད་འབད་འབུངས་བྱས། ཐོག་མར་ཁོང་གི་རྨི་ལམ་དེ་ [ ཕ་ཡུལ་ ] ཚགས་ཤོག་སྟེང་བྱིས་པ་ཚོ་དགོད་སློང་བའི་མཚར་གཏམ་རེ་འབྲི་རྒྱུ་ནས་མགོ་བརྩམས། དེ་མཚུངས་སུ་ལྷོ་ཕྱོགས་ཕོ་ཉ། སམ་བྷོ་ཊ། སྐད་ཡིག བོད་དོན་གླེང་སྟེགས། བང་ཆེན། འོད་ཐིགས། ནོར་ལྡེ། སྤྱི་ཚོགས་མེ་ལོང་། དུས་བབ་སོགས་ཚགས་པར་དང་། སྐྱ་རེངས། ཅང་ཤེས་རྨིག་སྒྲ། ཆོས་དུང་དཀར་པོ། སྙན་ངག་གི་ཕ་ཁྱིམ། གངྒཱའི་བཞད་སྒྲ་སོགས་དུས་དེབ་ཁག་དང་། མཚོ་སྔོན་བོད་ཡིག་ཟིན་བྲིས། སེང་རྡོར་དྲ་བ། བཙན་པོ་ཚང་། ཁ་བརྡ། བོད་ཀྱི་དུས་བབ། མཆོད་མེ། ཤམ་བྷ་ལ།་སོགས་དྲ་རྒྱ་དང་། གངས་ལྗོངས་གཞོན་ནུ། ལུག་ཚང་འཕྲིན་སྟེགས་སོགས་བརྒྱུད་ལམ་འདྲ་མིན་གྱི་སྟེང་རྩོམ་ཡིག་བརྒྱ་ཕྲག་སྤེལ་ཡོད། སློབ་ཞོར་དུ་ས་རཱའི་སློབ་མ་རྣམས་ཀྱི་ཆེད་དུ་གྱང་སྦྱར་ཚགས་ཤོག བོད་དོན་གླེང་སྟེགས། གཱང་གའི་བཞད་སྒྲ་སོགས་ཀྱི་རྩོམ་སྒྲིག་པ་བྱས། རིམ་གྱིས་ཁོང་གི་རྩོམ་རྩལ་དང་། ཕུགས་བསམ་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་བརྩམས་ཆོས་ཀྱི་བརྗོད་གཞི་སྔར་བས་གཞི་རྒྱ་ཇེ་ཆེར་སོང་བར་མ་ཟད། རྩོམ་པ་པོ་ཚད་ལྡན་ཞིག་བྱེད་པར་འབྲི་བ་ལས་ཀྱང་ཀློག་པ་གལ་ཆེ་བའི་ལེགས་བཤད་ལ་ངེས་པ་གཏིང་ནས་རྙེད་དེ་བརྟུན་པ་བསྐྱེད་པའི་འབྲས་བུར་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་རིམ་དང་པོ་ཡང་འགའ་རེ་བླངས་ཡོད། ཕྱི་ལོ ༢༠༡༢ ལོར་སློབ་མཐར་ཕྱིན་སྐབས་རིག་གནས་རབ་འབྱམས་པའི་གནས་རིམ་ཁྲོད་ཆེས་ཕུལ་བྱུང་གི་སློབ་མར་གྱུར་པ་མ་ཟད། ལོ་ངོ་དེ་དག་གི་རིང་བྲིས་པའི་རྩོམ་ཡིག་རྣམས་ [ མིག་ཆུའི་བཞུར་རྒྱུན། ] ཞེས་པར་བསྡུས་ཏེ་རྩོམ་དེབ་ཐོག་མ་པར་བསྐྲུན་བྱས་ཤིང་། དེང་སྐབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོས་གདན་ཞུ་བྱས་པ་ལྟར་སློབ་གླིང་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་དེའོ།
༤] གྲོགས་པོ་ཁོང་ལ་མཚོན་ན། ས་རཱ་མཐོ་སློབ་ནི་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱ་སའི་ཤེས་རིག་གི་སྡིང་ཆ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། བརྩི་དགོས་པ་ཞིག་ཀྱང་ལོས་ཡིན་ཏེ། གནས་དེ་ནས་ཁོང་གི་འཛད་མེད་ཀྱི་རྨི་ལམ་ལ་གཤོག་ཟུང་ཐོག་པས། ད་གཟོད་ཐུ་བྷོད་ཤེས་རིག་གི་མཁའ་ལམ་ཡངས་པར་གང་འདོད་དུ་འཕུར་བཞིན་པ་མ་ཡིན་ནམ། འོན་ཀྱང་གུས་པ་སྒེར་ངོས་ནས་ཆེས་ཡིད་སྐྱོ་བ་ཞིག་ནི། གྲོགས་པོ་གང་ཉིད་ངུར་སྨྲིག་གི་ལམ་བུ་ནས་དལ་གྱིས་མི་སྐྱའི་སྤྱི་ཚོགས་སུ་བཞུད་པ་དེ་རེད། རྒྱུ་མཚན་ནི། ངའི་རྨི་ལམ་གྱི་གཤོག་པ་ཕྲ་མོ་དེ་ནམ་ཡང་ཕ་ཡུལ་གྱི་རང་དགོན་དུ་བསྐྱངས་ཡོད་པས་རེད། གལ་སྲིད། གྲོགས་པོ་ཉིད་ཀྱང་། ངུར་སྨིག་གི་བླ་གོས་བཅངས་ཏེ་ཕ་མའི་རེ་སྒུག་དང་། ནང་བསྟན་གཞོན་རབས་པ་ཚོའི་འཛུམ་མདངས་འཚོལ་བར་ཆས་ཐུབ་ན་ཅི་མ་རུང་སྙམ་མོད། ལས་དབང་ནི། ནམ་ཡང་ལས་དབང་རང་ཡིན་པས། དེ་ལ་གྲྭ་རྐྱང་ངས་ཅི་བྱར་ཡོད་ཨང་།
༥] ད་ནི་ཁོང་གི་བརྩམས་ཆོས་ཀྱི་བརྗོད་དོན་ལ་འཇུག་པར་བྱ་སྟེ། རང་ཉིད་གྲོགས་པོ་ཁོང་གི་བརྩམས་ཆོས་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས་བཟང་ངན་གྱི་ལྟ་ཚུལ་སྣ་ཚོགས་ཤིག་བདོག་ནའང་། འདིར་བཀོད་པའི་ཁོང་གི་བརྩམས་ཆོས་ཕལ་མོ་ཆེའི་བརྗོད་དོན་རང་ཉིད་སློབ་མ་ཞིག་ནས་གཞོན་རབས་དགེ་རྒན་ཞིག་ཏུ་འཚར་ཅིང་ལོངས་པའི་བརྒྱུད་རིམ་ཁྲོད་རང་གིས་གང་ཞིག་བརྗོད་འདོད་པ་རྣམས་གཞན་གྱིས་ངོས་འཛིན་ཅི་ཞིག་བྱེད་མིན་ལ་མ་ལྟོས་པར་དངོས་སྟོབས་རིགས་པའི་སྒྲུབ་བྱེད་དང་བཅས་སྐད་གསེང་མཐོན་པོས་བསྒྲགས་ཡོད་དེ། དཔེ་མཚོན་ཞིག་བཤད་ན། [ སྐུ་ལོ་ལགས། བོད་ཡིག་ཅིག་སྦྱོངས་དང་། ] ཞེས་པའི་བརྩམས་ཆོས་དེས་མིག་སྔའི་བཙན་བྱོལ་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་ཚོས་མང་ཚོགས་ཀྱི་མདུན་ནས་བོད་ཡིག་གལ་ཆེ་ཚུལ་ཅི་ཙམ་བཤད་ཀྱང་། དོན་དངོས་ཐོག་རང་གི་བུ་རབས་ཚ་རྒྱུད་ཚོས་བོད་ཡིག་ཕར་ཟད་བོད་སྐད་ཡག་པོ་ཞིག་ཀྱང་མི་འཁྱོངས་པའི་གནས་བབ་ཡ་ང་བ་དེའི་གདོང་མདོག་གསལ་སྟོན་བྱས་ཡོད་པ་ལྟ་བུའོ།
[ ཀུན་སྤྱོད་ ] ཅེས་པ་ནི་རྩོམ་པ་པོ་ཁོང་གི་བརྩམས་ཆོས་སྤྱིའི་སྲོག་དབུག་ཏུ་ཡོད་པའི་བརྡ་ཆད་སྤྱིར་བཏང་བ་ཞིག་སྟེ། འདིས་རྩོམ་པ་པོ་རང་ཉིད་ཀྱི་ཉམས་ཆུང་བའི་གཤིས་ཀ་དང་། རིན་ཐང་ལྟ་བ་ཡང་ང་ཚོར་འོས་སྦྱོར་བྱས་ཡོད། དེ་བས་ཀྱང་རྩོམ་པ་པོས་ཀུན་སྤྱོད་ངོས་འཛིན་གྱི་ཚད་གཞི་དེ་ཕུགས་བསམ་དང་། བརྩོན་སེམས། འདྲ་མཉམ། དཔྱོད་ཤེས་སོགས་ཀྱིས་འཇོག་དགོས་པའི་ལྟ་ཚུལ་ནན་བརྗོད་བྱས་པ་དེས་རྩོམ་ཡིག་འདིས་ང་ཚོར་ཀྱེལ་ཡངས་དང་བློ་གྲོས་ལ་བརྟུན་པ་བསྐྱེད་དགོས་པའི་བསླབ་བྱའང་གཏིང་ཟབ་མོ་བྱས་ཡོད། ཁྱད་པར་དུ་བོད་མིའི་ཁ་དཔེར། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཞེས་པ་ལྟར། རྩོམ་པ་པོའི་ཀུན་སྤྱོད་དང་། བརྩམས་ཆོས་གཉིས་རྦད་དེ་འབྲེལ་མེད་དུ་སོང་བའི་གནས་ཚུལ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་སུ་ཡོད་པ་དེ་དག་ལ་བརྩམས་ཆོས་དང་མིའི་ནུས་པ་གཞི་གཅིག་ཏུ་སྤུངས་དགོས་པའི་བརྡ་ལན་ཡང་གནང་ཡོད།
གཞན་ཡང་། [ བརྩམས་སྒྲུང་ཁྲོད་ཀྱི་གླང་དར་མ། ལོ་རྒྱུས་ཁྲོད་ཀྱི་ལྷ་སྲས་དར་མ། ] ་ཞེས་པ་འདིས་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་བརྩམས་ཆོས་འབྲི་སྟངས་ལ་ཕྱོགས་བསྡོམས་ཤིག་བྱས་ཡོད་དེ། འཁྲུལ་སྣང་དང་། དགའ་ཕྱོགས་ལོ་རྒྱུས་སུ་བསྲེས་ཤིང་། དོན་དངོས་ཀྱི་བྱུང་རབས་བརྫུན་ལ་གཏོང་བའི་མིག་སྔའི་ཡིག་ཉོག་མང་པོ་ཞིག་ལ་ཚ་འདྲི་བྱས་འདུག་པས། ལར་ནས་རྩོམ་འབྲི་བ་འགའ་རེས་ལོ་རྒྱུས་སུ་བསྙད་ཅིང་བླུན་པོ་དག་གིས་བྱུང་རབས་སུ་བཀུར་བའི་ཡིག་ཉོག་མང་པོ་ཞིག་གིས་ང་ཚོས་སྤྱི་ཚོགས་ཧྲིལ་པོའི་དཔྱོད་ཤེས་ཀྱི་བློ་མིག་བསྒྲིབས་པའི་ནག་ཉེས་ངོས་འཛིན་ཤེས་དགོས་པའི་དྲན་བསྐུལ་བྱས་འདུག
བཙན་བྱོལ་ཁྲོད་ནས་འཚར་ལོངས་བྱུང་བའི་གཞོན་རབས་རྩོམ་པ་པོ་ཁོང་ནི། ནམ་ཡང་བདེན་པ་གླེང་བ་ལ་དགའ་ཞིང་། བརྫུན་ཕུགས་གཏོར་བར་སྤོབས་པ་ཞིག་ཡིན་ཏེ། ལས་ཀྱི་སྦྱོར་བ་དེ་དག་གི་ཆེད་དུ་ [ བསམ་གཞིགས་རྣལ་མས་ཞོགས་དུང་གླེང་པ] དང་། [ དཔྲལ་བའི་མིག་དང་། ཁོག་པའི་སྙིང་། ] [ དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་མཁན་ཞིག་ཡིན་ནམ། ] སོགས་ཀྱིས་ནི་བོད་མི་རིགས་ལ་དགའ་ཞིང་། བོད་ཀྱི་རིག་གཞུང་ལ་གཅེས་པའི་སྐྱེས་བུ་ཤེས་རབ་ཅན་དག་ལ་སྤྱི་ཚོགས་ཀྱིས་ཉེས་ཞྭ་བཀབ་པའི་སྣང་ཚུལ་སྐྱོ་ལྷང་ངེ་བ་དག་གི་ངོ་གདོང་བསྟན་ཡོད་པར་མ་ཟད། རྩོམ་པ་པོ་རང་ངོས་ནས་སྒྲོན་མེའི་འོད་ཕྲེང་ལྟ་བུའི་དེ་དག་གི་བླ་ན་མེད་པའི་བརྩམས་ཆོས་གཙུག་ཏུ་བཀུར་ཏེ་གདེངས་འཇོག་དང་། སྐྱེས་བུ་དེ་དག་གི་ལྟ་ཚུལ་ལ་གསེད་བཀྲོལ་ཞིབ་མོར་བྱས་ཐོག ཁོང་ཚོ་ནི་ནམ་ཡང་བོད་ཀྱི་ཤེས་རིག་འཕེལ་རིམ་གྱི་བྱུང་རབས་ཁྲོད་མུན་སེལ་གྱི་སྐར་ཆེན་རེ་རེ་ཡིན་པའི་བཅོས་མིན་གྱི་ངོས་འཛིན་རྣོ་ངར་ལྡན་པའི་སྒྲུབ་བྱེད་དང་སྦྱར་ནས་གླེང་ཡོད།
ཁོང་གི་བརྩམས་ཆོས་ལས། ང་ཆེས་དགའ་སའི་རྩོམ་ཡིག་དག་ནི། [ སློབ་ཕྲུག་ཚོ། དྲན་པ། ] [ དགེ་རྒན། སེམས་ནང་གི་ཉི་མ། ] [ དགེ་རྒན་གླེང་བ། ] ཞེས་པ་དག་རེད། དེའི་རྒྱུ་མཚན་ནི། རྩོམ་ཡིག་དེ་དག་ཀློག་སྐབས་རང་ཉིད་དགེ་རྒན་ཞིག་ཡིན་ཚེ། ཧ་ཅང་བརྩེ་ཞིང་དུང་བའི་སློབ་ཕྲུག་ཚོ་དང་ལྷན་དུ་ཡུན་རིང་འགྲོགས་མྱོང་བའི་འཚོ་བ་རྣལ་མར་ཕྱིར་དྲན་བྱེད་ཐུབ་པར་མ་ཟད། ལྷག་བསམ་རྣམ་དག་གིས་སློབ་ཕྲུག་ཚོ་དང་མཉམ་འགྲོགས་བྱས་པའི་ཉིན་མོ་རེ་རེ་ནི། དགེ་སློབ་གང་ཞིག་ཡིན་རུང་ལུས་སེམས་གཉིས་ཀ་མུན་པ་དང་རྒྱང་བཀྱེད་ཕྱིར་འོད་ཀྱི་འཇིག་རྟེན་བཙལ་བའི་ལེའུ་ཞིག་ཡིན་པའི་ངོས་འཛིན་ཐོབ་ཐབས་སྤྱད་ཡོད་པས། ད་གཟོད་རྩོམ་ཡིག་འདི་དག་ནི་ཆེས་ཕུལ་ཏུ་བྱུང་བ་ཏག་ཏག་རེད་འདོད།
ད་དུང་། ཁོང་གིས་བྲིས་པའི་ [ སྐད་ཆའི་ཚོམ། ] ཞེས་པའི་ཚིག་སྦྱོར་དག་ལ་བོད་ཡིག་ནས་དབྱིན་འགྱུར་བྱས་པའི་བརྩམས་ཆོས་ཀྱི་བྲོ་བ་ཡོད་པར་མ་ཟད། རྩོམ་ཡིག་འབྲི་ཐབས་དེའི་རིགས་ནི་ང་ཚོས་ངེས་པར་སྦྱང་དགོས་པའི་གནས་ཤིག་ཀྱང་རེད་སྙམ།
[ སྟོན་པ་ཡེ་ཤུའི་འཁྲུངས་སྐར་བསུ་བ། ] ཞེས་པའི་རྩོམ་ཡིག་དེ་ཡང་མི་རིགས་གཞན་གྱི་རིག་གཞུང་གི་བྱེད་སྒོར་འཇུག་པའི་སྤོབས་པ་སོགས་བསྟན་འདུག་པས། ཡིག་སྒྱུར་གྱི་བྱ་བར་འཐུས་ཤོར་ཆེན་པོ་སོང་བའི་འུ་ཚོར་མཚོན་ན། དུས་སྐབས་འདིར་བརྗོད་དོན་དེ་ཧ་ཅང་དགོས་ངེས་ཀྱི་གྲས་སུ་གཏོགས།
དེ་བས་ཀྱང་ང་ཚོས་ཁོང་གི་བརྩམས་ཆོས་ [ སྐྱོན་བརྗོད་དང་། བསྙོན་འཛུགས་ ] ཀློག་སྐབས་ཉེ་ལམ་བཀའ་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཐལ་སྤྱོད་ཀྱི་བྱ་འགུལ་རུལ་དྲི་ཁ་བ་དག་གི་སྣང་བརྙན་འཆར་ཡོང་བ་མ་ཟད། དེ་སྔོན་ཡང་འུ་ཚོས་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་དང་། བསྙོན་འཛུགས་ཀྱི་གོ་བ་གསལ་པོར་མ་ཐོབ་པའི་ནག་ཉེས་དཔེ་མཚོན་བཀོད་དེ་ལྟ་ཚུལ་རུལ་བ་དེ་ཉིད་མཐར་སྤྱུགས་དགོས་པའི་སྒྲུབ་བྱེད་ནན་པོ་བཀོད་ཡོད། རྩོམ་ཡིག་འདི་ནི་ཉེ་ལམ་བོད་ཕྱི་ནང་གཉིས་ཀའི་དྲ་ཐོག་ནས་ཀློག་པ་པོ་ཆེས་མང་ཤོས་ཀྱི་བརྩམས་ཆོས་ཀྱང་ཡིན་པ་དེས་རྩོམ་པ་པོ་ཁོང་གི་བསམ་བློའི་སྨིན་ཚད་དང་། རྩོམ་ཡིག་གི་རིན་ཐང་ཚད་མཐོར་སོན་པ་རྟོགས་ཐུབ།
གཞན་ཡང་། ཁོང་གི་བརྩམས་ཆོས་ཁྲོད་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་། འཚོ་བའི་ཁ་ཕྱོགས་འགྱུར་བའི་བབ་དང་བསྟུན་རིག་གནས་ཀྱི་ངོས་འཛིན་ཕྱོགས་རེར་སོང་བ་ལྟ་བུ་ཡང་མཐོང་སྟེ། དཔེར་ན། [ སྡོམ་པ་དང་ཤེས་ཡོན་གླེང་པ། ] ཞེས་པའི་བརྩམས་ཆོས་དེར་ཉེས་པའི་ཆུ་ལོན་ལྟར་གྱུར་པའི་སྡོམ་པ་ཆིག་རྐྱང་བར་རིག་པའི་སྐྱེ་རྒྱུན་དང་། དཔྱོད་པའི་སྒོ་མོ་འགོག་པའི་ལྟ་ཚུལ་བཟུང་བ་ནི། གུས་པ་གྲྭ་རྐྱང་ཞིག་ཡིན་པའི་ཤ་ཞེན་གྱིས་མིན་པར། གྲོགས་པོ་གང་ཉིད་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱར་བྱས་པའི་འཕགས་བོད་ཀྱི་བརྩམས་ཆོས་དག་ཞིབ་མཇལ་མ་བྱས་པའི་ཉེས་པ་ཙམ་དུ་མཐོང་སྟེ་འདི་ཙམ་རེ་ནི་སུ་ལང་ཡོད་ངེས་ཨང་།
མདོར་ན། ང་ཚོས་ཁོང་གི་རྩོམ་ཡིག་གང་ཞིག་བཀླགས་ཀྱང་མི་རིགས་ཀྱི་ལར་ཞེན་དང་། རིག་གཞུང་གི་འདུ་ཤེས། གཟུར་གནས་ཀྱི་དཔའ་སྤོབས། ཡར་སྐུལ་གྱི་ནུས་པ་བཅས་གསལ་པོར་མཐོང་ཐུབ་ལ། བརྩམས་ཆོས་ཀྱི་ཁང་ཁྱིམ་རེ་རེའི་སྤུབས་སུ་དྲང་ཚུགས་དང་། ལྷག་བསམ་གྱི་རྩིག་རྨང་བརྟན་པོ་ཞིག་རང་ཤུགས་ཀྱིས་ཚོར་ཐུབ། ལྷག་པར་དུ་བདག་ལ་མཚོན་ན། བརྩམས་ཆོས་འདི་དག་ཀློག་པ་ནི་གཟུར་གནས་ཀྱི་བོད་མི་རྒན་རབས་པ་ཞིག་ལ་ཧ་ཅང་དཀྱེལ་ཡངས་པའི་སྒོ་ནས་བགྲོ་གླེང་བྱེད་ཀྱིན་པའི་ཚོར་བ་ཞིག་ཀྱང་ཡོང་གི་འདུག་གོ དེ་དག་ནི་གུས་པ་སྒེར་ངོས་ནས་མིག་ཆུའི་བརྩམས་ཆོས་ལ་རོལ་མྱོང་བྱས་པའི་ཟིན་ཐོ་ཙམ་ཡིན།
མཐའ་དོན་ནུབ་ཕྱོགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཡེ་ཤུ་ཆོས་ལུགས་པ་དང་། ཚན་རིག་པའི་དབར་རྣོ་ངར་ལྡན་པའི་རྩོད་སྒྲུབ་ཀྱི་ལམ་བུ་ཡུན་རིང་བརྒྱུད་མྱོང་བ་ཇི་བཞིན། ཉེ་ལམ་བོད་དུ་ཡང་། སྐུ་ཞབས་ཞོགས་དུང་དང་། མདའ་སྨྱུག སྒོ་ཤེར་སོགས་དཔྱོད་ལྡན་གྱི་སྐྱེས་བུ་སྒེར་ཚུགས་ཅན་མང་པོས་རང་གི་བསམ་བློ་འོད་དུ་བསྒྲོན་ཏེ་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ལྟ་ཚུལ་གསར་པ་མང་པོར་དཀྱེལ་ཡངས་ཀྱི་ཁོར་ཡུག་འཚོལ་བཞིན་པ་དེ་ནི། རིག་གནས་སྣ་མང་ལ་དགའ་མཁན་གྱི་མི་རིགས་ཤིག་གི་ངོས་ནས་གླེང་ན། ཧ་ཅང་ཡི་རངས་པའི་གནས་སུ་མཐོང་། དེ་མཚུངས་སུ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་ཡང་། རྔ་ལ་དཔགས་པའི་འཆམ་དང་། ཁ་ལ་དཔགས་པའི་སོ། ལྟར་ཉེ་བའི་ཆར་སྤྱི་ཚོགས་དང་། རིག་གནས་ཀྱི་ཁ་ཕྱོགས་བརྗོད་གཞིར་བཟུང་བའི་བགྲོ་གླེང་རང་བཞིན་གྱི་འབོལ་རྩོམ་འགའ་རེ་བཀླག་རྒྱུ་རྙེད་པའི་ཁྲོད་ནས། སྐུ་ཞབས་ཨ་འདུས་མིག་ཆུ་ལགས་ཀྱིས་བརྩམས་ཆོས་འདི་ཡང་། བརྗོད་བྱ་དོན་དང་། རྗོད་བྱེད་ཚིག བསམ་བློའི་སྨིན་ཚད། གང་གི་ཆ་ནས་ཀྱང་འཐུས་སྒོ་ཚང་བའི་འབོལ་རྩོམ་བརྩམས་ཆོས་ཀྱི་དཀྱིལ་དུ་བཞག་ན་འོས་ཏེ། རྩོམ་པ་པོ་དང་། བསམ་བློ་བར་ཁས་འཆེ་བ་ཕལ་མོ་ཆེ་ཚིགས་བཅད་འགའ་རེའི་གླུ་དབྱངས་རྐྱང་པར་ཤི་འཐམ་བྱས་ཏེ་དོན་གྱི་རོ་བཅུད་ཕུན་སུམ་ཚོགས་པའི་གཏམ་ཕྲེང་བ་ལྷུག་པོའི་བགྱི་བ་ལྷུར་བླངས་ལེན་པའི་ཤེས་རབ་ཅན་ཆེས་དཀོན་པས་སོ།
མདོར་ན་རྩོམ་པ་པོ་རང་གིས། [ འབོལ་རྩོམ་ཚད་ཐུབ་ཅིག་འབྲི་ཐུབ་ན་དེ་ལ་བརྟེན་ནས་སྤྱི་ཚོགས་ལ་གཡོ་སྐྱོམ་ཆེན་པོ་འོང་ཞིང་། རིག་གནས་ལ་དགག་སྒྲུབ་སྣ་མང་འབྱུང་ངེས་པའི་ལྟ་ཚུལ་ ] བཟུང་སྟེ་གང་ཞིག་བྲིས་པ་རྣམས་འདིར་རྒྱ་ཆེའི་ཀློག་པ་པོ་དག་གི་སྤྱན་སྔར་བཤམས་པ་འདིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་བྱ་གཞག་དང་། རིག་གནས་རྒྱུན་འཛིན་གྱི་ཐད་བགྲོ་གླེང་གང་འཚམས་བྱས་འདུག་ན། ཚང་མས་རང་གི་མིག་ཟུང་དང་། རང་གི་བསམ་བློ་སྤྱད་དེ་ཐེངས་རེར་དགྱེས་གཟིགས་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་རྩོམ་པ་པོ་གང་ཉིད་ཀྱིས་ང་ཚོའི་སྤྱི་ཚོགས་ཀྱི་མེ་ལོང་དང་། ལམ་སྟོན་གྱི་སྒྲོན་མེར་གྱུར་པའི་རིན་ཐང་ཅན་གྱི་བརྩམས་ཆོས་གང་མང་ཞིག ཆར་བ་ཆུ་གྲོགས་དང་། རླུང་བུ་མེ་གྲོགས། ཞེས་པའི་དཔེ་ལྟར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་གསོས་སྨན་དུ་སྤེལ་ཐུབ་པའི་ཡིད་ཆེས་དང་། རེ་བ་བྱེད་ཀྱི་ཡོད། ཞལ་བྲོ།
ས་སྐྱ་མཐོ་སློབ་ཀྱི་རང་ཤག་ཏུ་ཨ་འདུས་སྐལ་བཟང་རྒྱ་མཚོས། ཕྱི་ལོ་ ༢༠༡༦། ཟླ་ ༤། ཚེས་ ༡༡། ཉིན།
ཧྲ་གི་ཡ།
དཔེ་ཡག་པོ་བྲིས་གནང་འདུག་པར་་བཀྲིས་བདེ་ལེགས་ཡོད།
རང་གི་སྐད་དང་་ཡི་གེ་ནི་རང་མི་རིགས་ཀྱི་བླ་སྲོག་ཡིན་པའང་བརྗེད་ག་ལ་རུང།
ཁྱེད་ཤེས་ལྡན་པ་རྣམས་ནས་ངེས་པར་འབྲི་རྩོམ་གནང་སྐྱོང་བའི་འབོད་བསྐུལ་ཞུ་གི་ཡོད།
བོད་གངས་ལྗོངས་རྒྱལ་ལོ།
ཁ་བརྡ་དྲ་བ་འདིའི་ནང་ལའང་གཏམ་བཟང་གོ་རྒྱུ་འདུག་་་་