བཀའ་སྤྱིའི་འོས་འདེམས་ཀྱི་དུས་བཅད་ཐོན་ལ་ཉེ།།
ཚོགས་པ་སྐྱིད་སྡུག་ཚོ་ལ་འདུར་ལུང་འདུར་བྱེད།།
ལག་ལ་གང་ཡོང་པོ་འོས་མིར་འདོན་སྟངས་འདིས།།
ད་ནི་མང་ཚོགས་ཚོའི་མགོ་བོ་རྨོངས་ཚོད་རེད།།
སྐུ་ངོ་བཀྲིས་མཐོང་གིས་རྒྱུས་མྱོང་ཆེ་ཚུགས་འཛིན།།
བློ་བཟང་སང་གེ་ཡིས་གཞིས་གྲོང་གཏམ་གྱིས་འུར།།
འགྲན་རྩོད་ཆུང་ཆུང་གི་བྱེད་སྒོ་སྙིང་རྗེ་བོ།།
མང་གཙོའི་འགྲོ་སྲོལ་གྱི་ལད་མོའི་བཟོ་ལྟ་རེད།།
རྒྱ་རིས་དགོངས་ཞུ་ཡིས་ཀུན་ལ་བརྡ་ཞིག་བཏང་།།
འཇུ་ཆེན་ཁ་རོག་གེར་ཡུལ་ནས་ངལ་ཞིག་གསོས།།
རྡ་སའི་རི་གྲོང་གི་སྲིད་སྟེགས་རྩོད་རྙོག་འདི།།
མ་བཤད་ཐབས་མེད་ཀྱི་མཆིན་པ་ན་བྱེད་རེད།།
སུས་འཇོན་སུ་འདུག་ན་དེ་ཡིས་དེ་བཞིན་གྱིས།།
སུས་དགའ་སུ་འགྲིག་གི་འོས་མིར་ཆ་རྒྱུས་མེད།།
མེད་པོའི་ཁ་སྟོང་གི་སྐད་ཆ་ཚོན་པོ་འདི།།
ཇ་འཐུང་ཤ་ཟ་ཡི་ཚུལ་དུ་བཞེས་སུ་གསོལ།།
བསོད་སྟོབས་ར་ལི་ཡི་ཚུགས་ཀ་ཨེ་དྲན་གི།།
འཇུ་ཆེན་བུ་མོ་ཡི་དཔའ་སྐད་ཨེ་གོ་ཐལ།།
གྲྭ་བཙུན་སྤྱི་འཐུས་རེའི་སྤྱོད་ལམ་མཛེས་སོང་ངམ།།
འོས་སྒམ་ཟ་ཟུར་ནས་ག་ལེར་འདང་རེ་རྒྱོབས།།
སྤྱི་ལ་འཐུས་མིན་ནི་སྤྱི་དམངས་ཀུན་པོས་གཟིགས།།
སྤྱི་དོན་སྒྲུབ་མིན་དེ་སྤྱི་འཐུས་རང་ལ་དྲིས།།
སྤྱི་སྒེར་གཉིས་མོས་ཀྱི་མི་བུ་གྲུང་པོ་ཞིག།
སྤྱི་འབངས་ལྕེ་སྒྲོ་ཡི་ཚབ་ལ་ཐོན་པར་དགའ།།
རྒྱལ་ཞེན་བརྩེ་དུང་གིས་བྲང་གཞུང་བསྲེག་ནི་ཞིག།
རྣམ་དཔྱོད་རྣོ་ངར་གྱིས་རྨོངས་སེམས་བརྟོལ་ནི་ཞིག།
བློ་རྒྱ་ཀློང་ཡོངས་ཀྱིས་མི་སེམས་འཕྲོག་ནི་ཞིག།
འོས་སྒམ་གྲུ་བཞི་འདིར་གེག་མེད་འཁྲུངས་པར་སྨོན།།
ང་ཆབ་སྲིད་པ་ཅིག་མིན་པའི་ཆ་ནས་བཤད་ན། དུས་བབ་ཀྱིས་བློ་སེང་ལགས་བཅའ་འདྲི་བྱས་པ་དང་ཨ་རིའི་ཨར་ཨེཕ་ཨེ་རླུང་འཕྲིན་གྱིས་བསྟན་རྣམ་ལགས་ལ་བཅའ་དྲི་་སྤེལ་བའི་ཁྱད་པར་ད་ལྟ་བར་དུ་འདི་འདུག་པ་མཐོང་།
ངའི་མཆན་དང་པོ་འདི་དུས་བབ་ལངའང་བྲིས་ནའང་ད་ལྟའི་བར་བཏོན་མ་སོང་། ཁྱད་མཚར་བོད་པའི་གསར་འགོད་པ་ཚོར་བོད་པའི་སྲིད་དོན་པ་ཡིན་བསམ་ནས་སྤོབས་པ་བྱེད་བགྱིད་ཡོད་པ་འདྲ། འདི་འདྲ་ཡིན་ན་བོད་པ་གསར་འགོད་པ་གཅིག་གིས་ཞབས་འདྲེན་རེད་མ་གཏོགས་རྒྱལ་ཞེན་མ་རེད།
སྙན་ངག་པ་གངས་རི་སྐྱབས་ལགས། ཡིད་སེམས་འཕྲོག་འགྲོ་བ་སྙན་ངག་ཅིག་བྲིས་འདུག ངའི་སེམས་ཀྱི་ན་ཟུག་ཇི་བཞིན་བརྗོད་ཐུབ་འདུག་པས། ཁྱོད་སུ་ཡིན། ངས་ཤེས་ན་འདོད་གི།