མགར་གཡུལ་རྒྱལ།
(༡)
སྙིང་སྡུག་བྱམས་པའི་སེམས་ལ་ཟུག་བའི།།
སེམས་ཀྱི་གསང་གཏམ་འབྲི་འདོད་ཡོད་ཀྱང་།།
ཁ་རྩང་བྲིས་པའི་བརྩེ་འཕྲིན་དེ་ལ།།
ནོར་འཛོལ་བྱུང་བའི་ཡིག་འབྲུ་མང་བས།།
གང་བཤད་བསམ་པའི་ནང་དོན་དེ་དག།
རང་ཉིད་མ་གཏོགས་ཤེས་མཁན་མི་འདུག།
(༢)
ལོ་སར་བསུ་བའི་ཤིས་ཚིག་འགའ་རེ།།
ཡུལ་མི་ན་ཟླར་འབུལ་འདོད་སྐྱེས་ཀྱང་།།
དེ་རིང་བྲིས་པའི་ཚིགས་བཅད་འདི་ལ།།
བཀྲ་ཤིས་ཟེར་བའི་ཚིག་འབྲུ་གཉིས་ལས།།
དེ་ལས་སྙན་པའི་སེམས་ཀྱི་སྨོན་ཚིག།
བསམ་བློར་འཁོར་ཐབས་ཡེ་ནས་མི་འདུག།
(༣)
སེང་རྡོར་བྲིས་པའི་སྙན་ངག་ནང་བཞིན།།
རྣ་བར་འཇེབས་པའི་ཚིགས་བཅད་འགའ་ཙམ།།
ཁ་རྩང་འབྲི་དགོས་བསམ་པ་ཡོད་ཀྱང་།།
ཚིག་སྦྱོར་བཟང་བ་གཅིག་གཉིས་མ་གཏོགས།།
མང་དུ་མཐོང་བ་ཧ་ཅང་དཀོན་པས།།
འབྲི་བའི་སྤོབས་པ་སྤུ་ཙམ་མ་བྱུང་།།
(༤)
སྐད་གྲགས་ཅན་གྱི་དཔེ་དེབ་གང་མང་།།
བཀླག་དགོས་བསམ་པའི་འདུན་པ་སྐྱེས་ཀྱང་།།
དེ་རིང་བཀླགས་པའི་དཔེ་དེབ་འདི་ནི།།
བདག་མེད་རྟོགས་པའི་ལྟ་བ་ཉིད་ཀྱིས།།
འཁོར་བའི་བྱ་བ་བཟློག་ཚུལ་ཡིན་པས།།
གོ་བ་རྙེད་ཐབས་གཏན་ནས་མ་བྱུང་།།
༢༠༡༧/༡/༢༧
གཟའ་པ་སངས་ཉིན།
ཁྱོད་ཀྱིས་བྲིས་པའི་ཡིག་ཆུང་འདི་ལ།།
ནང་དོན་ཟེར་ཟེར་བའི་བསྟན་རྒྱུ་མེད་ཀྱང་།།
སྡུག་ཡུས་བགྲང་ས་འདི་ནང་ཡིན་དུས།།
ལན་གཅིག་ཁྱོད་ལ་རྒྱབ་བསྐྱོར་ཞུ་ཆོག།
དོན་ཟབ་ཚིག་སྦྱོར་སྙན་ངག་སྙན་བྱུང་།
སྙན་ངག་སྡེབས་སྦྱོར་ཚིག་རྒྱན་འཛོམས་པ་།
མཁས་མང་སྙན་དུ་སྙན་ཚིག་ཕུལ་བ་།
གོ་རྟོགས་ཐུབ་པའི་རིག་པ་རྣོ་དགོས་།