འཇམ་གཅེས།
འཕགས་ཡུལ་རྡ་རམ་ས་ཞེས་ཡོངས་གྲགས་པའི།།
མ་བཅོས་རང་བྱུང་བཀོད་ལེགས་ལྟ་ན་སྡུག །
འཕགས་མཆོག་འཇིག་རྟེན་མགོན་པོའི་བཞུགས་སྒར་འགྲམ།།
འབྱོར་ལྡན་ཡུལ་མི་ཞིག་གི་ཟ་ཁང་ཡོད།།
ཕྱི་ནང་ཁོར་ཡུག་བཀོད་པ་གཞན་ལས་འཕགས།།
ལས་མི་དག་ནི་གུས་ཞབས་ཧ་ཅང་ལེགས།།
སྐུ་མགྲོན་དག་ནི་འབྱོར་ལྡན་མཐོ་རིམ་ལས།།
འབྱོར་མེད་རིགས་ནི་གནས་དེར་མཐོང་བ་དཀོན།།
ཕྱོགས་མཐའི་མགྲོན་དག་ཟ་ཁང་ཕྱི་དང་ནང་།།
གང་འདོད་བཞུགས་གནས་གྲ་སྒྲིག་སྤུས་ཚད་ལྡན།།
ཁོར་ཡུག་ལྟད་མོར་རོལ་འདོད་མགྲོན་པོ་ཚོ།།
གནམ་གཤིས་ལེགས་ན་ཕྱི་རུ་བཞུགས་མཁན་མང་།།
ཟས་རིགས་གང་འདོད་ཡོད་མོད་རིན་གོང་མཐོ།།
འོན་ཀྱང་འབྱོར་མེད་ཁེར་རྐྱང་ལྷ་རྒོད་ང་།།
སྒོར་ཁུག་མཐུག་པོ་དེ་ཙམ་མིན་ན་ཡང་།།
ཟ་ཁང་དེ་འདྲའི་རིགས་ལ་ཧ་ཅང་དགའ།།
དེའི་ཕྱིར་ཁ་རྩང་ཉི་མ་ཕྱེད་ཡོལ་དུས།།
ཟ་ཁང་དེ་ཡི་ནང་དུ་ཐེངས་གཅིག་ཕྱིན།།
དུས་ཀྱིས་དབང་གི་ཟ་མ་མ་ཟོས་པར།།
ལྷིང་འཇག་རོལ་ཕྱིར་སྒོ་ཕྱིར་ཇ་མངར་མངགས།།
ལུས་སེམས་ལྷོད་ལ་ཕབ་རྗེས་ཨམ་ཕྲག་ནས།།
ཀུ་ཤུའི་རྟགས་ཅན་ག་ལེར་ཕྱི་རུ་བསྟོན།།
དྲྭ་ལམ་ཁག་ལ་མིག་གཤེར་ཐེངས་འགར་བྱས།།
ཡིག་ངག་གཉིས་ནས་འབྲེལ་ཡོད་གླེང་མོལ་ཞུས།།
ཁོར་ཡུག་མཛེས་པས་འདྲ་པར་རེ་འགའ་བླངས།།
དེ་ལྟར་ལྷོད་ལ་བབ་པའི་དུས་སྐབས་དེར།།
གཡས་གཡོན་ནགས་ཚལ་སྟུག་པོའི་ནང་རོལ་ནས།།
སྤྲེའུ་དཔུང་སྡེ་ཆེན་པོ་ཞིག་ཀྱང་སླེབས།།
རིན་བཞིན་ཟ་ཁང་སྟེང་ཤོད་ཕྱོགས་ཀུན་ནས།།
སྤྲེལ་རྩེད་འདྲ་མིན་སྣ་ཚོགས་མཐོང་བའི་དུས།།
ཡ་མཚན་ངང་ནས་ལྟད་མོ་ཡང་ཡང་བལྟས།།
སྐུ་མགྲོན་གཞན་པ་དག་ཀྱང་ང་དང་མཚུངས།།
སྐབས་དེར་གཟུགས་སྟོབས་ཆེ་ལ་གདོང་གཉེར་ཅན།།
སྤྲེལ་རྒན་ཉམས་ཆེན་ཞིག་ནི་ང་ཡི་ཕྱོགས།།
སོམ་ཉི་མེད་པར་ཁ་ཐུག་ཡོང་བཞིན་འདུག །
ངས་ཀྱང་སྐད་སྡིག་དྲགས་པོའི་ཕར་རྒྱུགས་བཤད།།
ཡ་མེད་ཤིན་ཏུ་ཚ་བའི་སྤྲེལ་རྒན་དེས།།
རྣ་བའི་ཟུར་ཙམ་བདག་ལ་མ་གཡར་བ།།
མདུན་ལྕོག་སྟེང་ནས་ཇ་ཕོར་བཙན་འཕྲོག་བྱས།།
ས་ལ་བརྡབ་ནས་དུམ་བུར་བཞི་ཙམ་བཅག།
ད་དུང་སྡེར་མ་ནང་གི་བྲོ་སྐམ་ཡང་།།
ག་ལེར་ཁྱེར་ནས་ཁང་པའི་ཐོག་དུ་ཕྱིན།།
གཡས་གཡོན་མགྲོན་པོ་ཕོ་གསར་མོ་གསར་ཚོས།།
མིག་ཟུང་ང་དང་སྤྲེལ་རྒན་གཉིས་ལ་ཅེར།།
འགའ་རེའི་རང་ཁ་ལག་པས་འགེབས་བྱས་ནས།།
གད་མོ་དགོད་པའི་སྣང་ཚུལ་དངོས་སུ་མཐོང་།།
ང་ནི་ངོ་ཚ་སྐྲག་སྣང་ཚོར་བ་དེས།།
གདོང་ལ་ཚ་ཤར་སྙིང་དམར་ཡང་ཡང་གཡུག།
དེ་ནས་ཟ་ཁང་སྐུ་མགྲོན་སྣེ་ལེན་པས།།
དབྱིན་སྐད་ཐོག་ནས་སྒྲ་ཟིན་མེ་ཌ་ཟེར།།
བོད་པའི་སྐད་དུ་གནད་འགག་མི་ཆེ་གོ།
སླར་ཡང་ཇ་དཀར་མངར་ཇ་སྦྲགས་མ་གནང་།།
དེ་མཚམས་སེམས་པ་ལྷོད་ལ་ཅུང་ཟད་བབ།།
བསམ་བློ་བཞི་གསུམ་བཅུ་གཉིས་སླར་ཡང་འཁོར།།
སྤྲེལ་རྒན་དེ་ལ་མིག་ལོག་ཡང་ཡང་བལྟས།།
ཉེ་ས་ཞིག་ནས་ལྕགས་གཡུག་འདོམ་གོང་མཐོང་།།
ད་དུང་སྤྲེལ་རྒན་ཐེངས་གཅིག་ཡོང་ན་སྙམ།།
སྤྲེལ་སྐྱག་བར་སྣང་ཁམས་སུ་འཐོར་དགོས་ཞིག།
ལྕགས་གཡུག་དེ་ཡིས་རྡུང་འདོད་ཡང་ཡང་སྐྱེས།།
ཡིན་ཡང་སྤྲེལ་རྒན་ནགས་སུ་ག་ལེར་བཞུད།།
དེ་ནས་ང་ཡང་ཅི་བྱ་གཏོལ་མེད་ངང་།།
ཞེན་འཁོན་དྲག་པོ་ཁོག་ཏུ་སྦས་བཞིན་དུ།།
བཅོས་མའི་འཛུམ་དམུལ་བཞིན་ལ་མངོན་ཁུལ་བྱས།།
ཇ་རིན་བརྩིས་ནས་རང་གནས་གོམ་ཁ་བསྒྱུར།།
འདི་ནི་ང་ལ་ཕོག་པའི་སྣ་སུན་ཡིན།།
འདི་ནི་སྤྲེལ་རྒན་ཞིག་གིས་མཐོང་ཆུང་ཡིན།།
འདི་ནི་ང་དང་སྤྲེལ་རྒན་རྐུབ་དམར་གཉིས།།
ཟ་ཁང་ནང་གི་དངོས་བྱུང་ལོ་རྒྱུས་ཡིན།།
ཕྱི་ནང་ཁོར་ཡུག་བཀོད་པ་གཞན་ལས་སྡུག་།
ལས་མི་དག་ནི་གུས་ཞབས་ཧ་ཅང་ཞན་།
སྐུ་མགྲོན་དག་ནི་ལོག་འཚོ་འབྱོར་ལྡན་རེད་།
འབྱོར་མེད་གྲལ་རིམ་དེ་རུ་ཆགས་ཡུལ་མེད་།
ང་ཡི་དྷ་སར།
དྷོ་ལ་དྷ་རིའི་གངས་རིའི་ཅོད་པན་བརྒྱན། །
ཏུ་རུན་ཏ་ཡི་སྤང་རིས་ལྗང་དར་གྱོན། །
སྦག་སུའི་ཆུ་བོའི་གོས་དར་མཇལ་དར་སྒྲོན། །
མཆོད་རྟེན་དུར་ཁྲོད་ནགས་ཚལ་སྤྲེའུས་ཁེངས། །
ངེས་པར་ཕེབས་ཤིག
སྤྲེའུ་རྒན་དེ་ནི་ལྟོག་པས་ནར་བས་ཡོང་།།
སྤྲང་རྒན་ཁྱོད་ནི་སྐྱིད་ཀྱི་སྣང་བས་ཡོང་།།
བདག་མོ་དེ་ཡི་སེམས་ཁར་སྙིང་རྗེ་བབས།།
འགྲོན་པོ་ཁྱོད་ཀྱི་སྙིང་ཁར་ཞེ་སྡང་བབས།།
ཡ་མཚན་ལྟད་མོ་བསམ་བློ་ཀུན་སྤྱོད་གར།།
ཡང་ཡང་བསམ་ན་སྙིང་རྗེ་སྟེར་བྱེད་རེད།
སྤྲེལ་རྒན་སྤྲང་རྒན་མཉམ་དུ་འཛོམ་པའི་དུས་
སྤྲང་རྒན་འཕོར་པ་སྤྲེལ་རྒན་འཁྱེར་བའི་སྐབས་
སྤྲང་རྒན་བྱ་ཐབས་ཟད་ནས་དབྱུག་པ་འཕྱར་
དགོས་རྒྱུའི་པག་ལ་པག་འཁུ་ད་ར་བྱྱུང་