ཨཱཙཱརྱ་ཨག་ལོད་ཀྱིས།
༄༅། །མེས་པོའི་རྐང་ལམ་འཚོལ་ཞོར་དེ་ནས་དཀའ་སྡུག་སྟོང་གི་མཁར་རྫོང་བརྩིགས། །
རིག་གཞུང་དྭངས་མའི་ཚེ་སྲོག་ལྷན་དུ་ཀྱག་ཀྱོག་ལམ་གྱི་སྣེ་མོར་ཤོར། །
གསོན་བྲལ་སྟོང་གི་གོད་ཆག་ཀློང་ནས་དེ་རིང་བར་དུ་གོག་བཞུད་བྱས། །
ཨ་མ་དྲན་པའི་གདུངས་དབྱངས་འདི་ཀོ་བྲག་རིའི་ལྡེབས་ཀྱི་ཀུ་ཅོ་འདྲ། །
དབུགས་དང་དབུགས་ཀྱི་རྒྱུ་བ་མཐུད་ནས་རྨི་ལམ་དག་ཞིང་གཤིབ་མྱོང་ཡོད། །
མི་ཚོགས་ཁྲོད་ཀྱི་སྒོ་གླེགས་གསེང་ནས་ཟུར་མིག་སྐར་མདའ་འཕངས་མྱོང་ཡོད། །
དྷ་ཤོད་མག་ལོའི་ཁུག་སོ་རེ་ནས་མཉམ་འཛོམས་ཉ་ཆུ་འདྲེས་མྱོང་ཡོད། །
ང་དང་གཡུ་ལོའི་བཞུད་ལམ་འདི་ཀོར་བར་ཆད་ཤ་འོད་ཇི་ལྟར་བརྡོལ། །
སྙན་པའི་ཚིག་གི་མེ་ཏོག་སྟེང་ནས་མངར་བའི་ཀེ་སར་བཏུངས་མྱོང་ཡོད། །
རྩུབ་མོ་ངག་གི་མདའ་མོའི་ཤུགས་ཀྱི་སྙིང་འབེམ་ཚལ་བར་གཤགས་མྱོང་ཡོད། །
འཇམ་རྩུབ་ངག་གི་ལོ་ཟླའི་ཁྲོད་ནས་མ་བུའི་སྙིང་གཏམ་འདི་ལྟར་གླེང་། །
ང་དང་ཨ་མའི་འདས་དོན་འདི་ཀོ་དབྱར་ཟླ་ར་བའི་དཔལ་ཡོན་ཙམ། །
ཀ་མེད་ཁང་ཆུང་གྲུ་བཞིའི་ནང་དུ་འདས་དོོན་རི་བོའི་ལྟོས་སུ་བཞེངས། །
གདུང་སེམས་འཁུར་བའི་སྙན་ཚིག་ངོས་སུ་ན་ཟུག་དུ་མའི་སྣང་བརྙན་བསྐྲུན། །
ཁ་སང་བཞུད་པའི་གཙང་ཆུ་དྭངས་མ་ད་དུང་དགག་མེད་སེམས་སུ་འབབ། །
ཨ་མ་མེད་པའི་སེམས་སྐྱའི་ཁ་དོག་ནོར་འཛིན་འདི་རུ་འཕྱུར་ཐབས་བྲལ། །
མགོ་བོ་སྔས་ཀྱི་སྟེང་དུ་འཇོག་དུས་སྐྲ་ལོའི་ཉག་མ་རེ་རེ་དྲན། །
མིག་ཟུང་ཐོག་ལ་ཅེར་ཐེངས་རེ་རེར་ལང་ཚོའི་བཞིན་ངོ་ལྷམ་མེར་བཀྲ །
མལ་ཁྲི་གྲུ་བཞིའི་སྟེང་དུ་ཉལ་དུས་བྱུག་པའི་དྲི་ཞིམ་རླུང་དང་བསྡོངས། །
ཨ་མ་དྲན་པའི་སྣང་བརྙན་གསོན་པོ་ནག་ནོག་དྲི་མས་སུབ་ཐབས་དབེན། །
སྐབས་རེ་དགའ་སྤྲོའི་གཤོག་ཟུང་བརྐྱངས་ནས་བདེ་བའི་མཁའ་མཐའ་བསྐོར་མྱོང་ཡོད། །
མཚམས་རེ་སྡུག་གི་འཁུར་བོ་བཏེགས་ནས་མྱ་ངན་བྱེ་ཐང་འགྲིམས་མྱོང་ཡོད། །
དགའ་སྐྱོ་འདྲེས་མའི་ལོ་ཟླའི་གསེང་ནས་མ་བུའི་བརྩེ་ཐག་འདི་ལྟར་བསྲིངས། །
ང་དང་མ་ལོའི་འདས་དོན་འདི་ཀོ་སྤྲིན་ནག་འཐབ་པའི་གློག་ཞགས་ཉིད། །
འཆམ་མཐུན་དཔྱིད་ཀྱི་ན་ཟླ་འཆར་དུས་བརྩེ་བའི་མེ་ཏོག་བཞད་མྱོང་ཡོད། །
རང་སེམས་རྫིང་བུ་དགའ་སྤྲོས་ཁེངས་དུས་འཛུམ་ཆུང་ངང་མོ་རྐྱལ་མྱོང་ཡོད། །
བྱ་བའི་སྒོ་འཕར་ཕྱེ་བའི་ཚེ་ན་རམ་འདེགས་ལོ་འདབ་འཛིངས་མྱོང་ཡོད། །
ང་དང་མ་ལོའི་སྐྱེད་ཚལ་འདི་ཀོ་སྒྲོན་དྲུག་འཇའ་ཟེར་ཕུབ་དང་མཚུངས། །
རོ་བརྒྱ་ཟས་ཀྱི་བཅུད་ལ་འཐམས་ནས་བརྩེ་གཏམ་སྦྲང་ཆར་འཇོ་མྱོང་ཡོད། །
དཀའ་སྡུག་འཕྲང་གི་ཁུག་སོ་སླེབས་དུས་ཁྲོ་བའི་གཉེར་ལྡེབ་བརྩེགས་མྱོང་ཡོད། །
མ་འགྲིགས་མ་མཐུན་ཆག་སྒོའི་ཁྲོད་ནས་ཁོང་ཁྲོའི་གཤོག་ལྕག་རྡེབས་མྱོང་ཡོད། །
ང་དང་གཡུ་ལོའི་ཕྱིར་རྟོག་འདི་ཀོ་སྒྱུ་མའི་སྣང་བ་གསོན་པོ་ཞིག། །།
༢༠༡༩།༩།༢༦།ནུབ་མོར་ས་རཱ་མཐོ་སློབ་ཏུ།
སརྦམངྒལཾ།།
ཨ་མ་མེད་པའི་སེམས་སྐྱའི་ཁ་དོག་ནོར་འཛིན་འདི་རུ་འཕྱུར་ཐབས་བྲལ།། ཞེས་པའི་འཕྱུར་འདི་ཤོང་ཐབས་བྲལ་བའམ། ཆུད་ཐབས་བྲལ་བའི་དོན་ངའི་ཡུལ་སྐད་དངོས་་བཀོལ་བར་དགའ་སྣང་ཞིག་བྱུང་ཡང་། འཆུར་བྲིས་ན་ནོར་བཟོ་ཆུང་བར་བསམ།
སྤྱིར་སྟངས་བྱས་ན། ཕ་མ་གཉིས་ཀྱི་བྱམས་བརྩེ་དང་། བཀའ་དྲིན་ལ་ཁྱད་པར་དེ་ཙམ་མེད་ཀྱང་། མི་མང་པོ་ཞིག་གིས་ཨ་མའི་དྲིན་དྲན་ཏེ་དྲན་གསོའི་ཚོར་གདུངས་དབྱངས་སུ་གྱེར་བའམ། སྙན་ངག་ཏུ་སྡེབ་པ་ནི་ལེགས་པའི་རང་བཞིན་ཡང་། ཨ་ཕའི་བཀའ་དྲིན་སྐོར་ཟུར་ཙམ་མི་གླེང་བར་བལྟས་ན། གསང་བ་ཞིག་དབྱངས་ཀྱི་དཀྱིལ་དུ་གབ་ནས་ཡོད་པ་མིན་ནམ་ཡང་སྙམ། ང་ལྟ་བུ་ལ་མཚོན་ན། ཕ་མ་གཉིས་ཀྱི་བྱམས་བརྩེ་ལ་ཁྱད་པར་མེད། ལྷག་པར་ངའི་ཨ་ཕ་ནི། ངའི་ཆེད་དུ་གང་ཡང་བྱེད་ཕོད་པའི་དཔའ་བོ་གླེན་པ་ཞིག་ཀྱང་ཡིན་པས་སྙིང་རྗེ་བ་ལ་བཟོད་གླགས་མེད་པ་ཞིག་ནམ་ཡང་ཡོད།
གྲོགས་མཆོག་ལགས་དེ་རང་ཉིད་སྐྱེས་ཨ་མ་ཁོ་ནར་གོ་ན་མི་འགྲིག དེ་ནི་ཨ་མ་བཞིན་བློ་ཐག་ཉེ་བའི་མི་བུ་ཞིག་མཚོན་ཆེད་རེད། ཧཧཧཧ
ཡཱ་ད་བྱས་ན། མ་སྐྱེས་ཨ་མ་དར་རེད་འདུག ད་ཧ་གོ་སོང་།
དེས་ན་༼ང་དང་མ་སྐྱེས་ཨ་མའི་མྱོང་བ་༽ཞེས་མ་བྲིས་ནས་ནོངས་འདུག།
ཡཱ་ད། འབྲོག་པ་ནི་འབྲོག་པ་རང་རེད། དང་པོ་དྲིན་ཅན་ཨ་མ་ཡིན་ཤག་བྱས། གཉིས་པ་མ་སྐྱེས་ཨ་མ་ཡིན་ཤག་བྱས། གསུམ་པ་བློ་ཐག་ཉེ་བའི་མི་བུ་ཞིག་མཚོན་ཟེར་ན། གྲྭ་བའི་དགའ་རོགས་གྲྭ་བ་ཞིག་ཟེར་གྱི་ཡོད་པ་གོར་མ་ཆག སྐྱུག་མ་བྲོ།
ཨ་མ་དང་གཡུ་ལོ་མེ་ཏོག་གཉིས་འབྲེལ་བ་ཤུགས་ཆེན་ཡོད་པས། རྩོམ་དེའི་ནང་གཡུ་ལོ་མེ་ཏོག་ཅེས་པའང་བཀོལ་ཡོད་དོ། །ཧཧཧཧཧཧ།
ད་གང་ཤེས། ཉིད་ཀྱི་རྩོམ་དེ་ཐེམ་པའི་སྒང་གི་རིལ་མ་དང་གཅིག་པ་རེད་འདུག