རྫ་ཚེ་རིང་བཀྲ་ཤིས།
ཉེ་བའི་ཉིན་མོ་འདི་ཀའི་མ་བུ་ལྷན་འཛོམས་ཀྱི་དུས་ཚོད་དང་སྐར་ཆ་དེ་དག་ངའི་སེམས་ངོགས་སུ་ད་དུང་ཡང་ཡང་དྲན་གྱིན་ཡོད། ཨ་མས་ཕ་ཡུལ་ནས་བསྣམས་ཡོང་བའི་རྩམ་ཆུར་མར་གསུམ་དང་། གྲོ་མ་བཅས་ནི་རྒྱ་ཟས་གང་ཞིག་ལས་ཀྱང་གཙང་དག་ལྷད་མེད་དང་། རོ་ཞིམ་བཅུད་ཆེན་དུ་འདུག བདུན་ཕྲག་འདིའི་ཡར་སྔོན་རང་ལ་ཕྲན་དངོས་སུ་བཀའ་དྲིན་ཅན་གྱི་ཨ་མ་དང་ལྷན་འཛོམས་བྱུང་ཞིང་། མི་ལོ་བཅུ་ཕྲག་གི་རྗེས་སུ་མ་བུ་སླར་ཡང་ཐུག་པའི་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད།
ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཀྱི་ས་གནས་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ཁྲིན་ཏུ་ནས་ཁུན་མེན་བརྒྱུད། བྷན་གོག་རྒྱལ་སྤྱིའི་གནམ་ཐང་དུ་འཕུར་བཞིན་པའི་ཨ་མ་ལགས་བཞུགས་ཡུལ་གྱི་གནམ་གྲུ་དེ་བདེ་བླགས་ངང་གནམ་ཐང་དུ་བབས་ཟིན་པ་དུས་བསྟར་རེ་མིག་ཏུ་གསལ་པོར་མངོན། འོན་ཀྱང་ད་དུང་སྒོ་ཕྱིར་དངོས་སུ་ཐོན་རྒྱུར་འགྲོ་ལུགས་འགའ་ཞིག་བརྒྱུད་དགོས། དེ་ནས་ཅ་ལག་ལེན་བླངས་ཏེ་དངོས་སུ་ཕྱི་ལ་ཐོན་རྒྱུ་རེད། ང་དང་རོགས་པ་གཞན་བཅས་ཀྱིས་གནམ་ཐང་གི་ཕྱི་ལོགས་སུ་ཨ་མ་ལགས་སྒོ་ཕྱིར་ཐོན་རྒྱུར་སྒུག་བཞིན་ཡོད། སྐབས་དེའི་ངའི་སེམས་ཚོར་ནི་སྒྲོག་ལས་ཤོར་བའི་རྟ་རྒོད་ཅིག་དང་ཤིན་ཏུ་འདྲ།
ཐའེ་ལན་དིའི་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་ཁྱམ་ནས་མཐོ་སྒང་གི་འབྲོག་པ་མ་བུ་གཉིས་དངོས་སུ་ངོ་འཕྲད་བྱུང་བ་ནི་སུས་ཀྱང་བློ་ཡུལ་དུ་འཁོར་ཐུབ་ཡོད་རྒྱུ་མ་རེད། ང་དང་ཨ་མ་དངོས་སུ་ངོ་ཐུག་བྱུང་། སྐབས་དེར་ངའི་སེམས་ལ་མི་ཚེ་ནི་སྐྱོ་གར་ཁོ་ན་རང་ཞིག་གཏན་ནས་མ་རེད་སྙམ་པའི་བསམ་བློ་ཤུགས་དྲག་པོ་ཞིག་སྐྱེས། དེ་མུར་ངེད་མ་བུ་གཉིས་དང་རོགས་པ་གཞན་བཅས་མགྲོན་ཁང་གི་ཕྱོགས་སུ་བསྐྱོད། ང་ལ་བྱ་བ་རླབས་ཆེན་ཟིན་པའི་སྐྱེས་བུ་ལྟར་ཧ་ཅང་ཡིད་ཚིམ་པའི་སྣང་བ་ཤར་ཞིང་། ཨ་མ་ལགས་ཀྱི་གདོང་ན་ཡང་མི་ཚེ་འདིར་སླར་ཡང་ངོ་ཕྲད་བྱུང་བར་ཡིད་མི་ཆེས་པའི་རྣམ་འགྱུར་དཔོག་པར་དཀའ་བ་ཞིག་བགས་ཀྱིས་མངོན།
མགྲོན་ཁང་དུ་སླེབས་པ་དང་ཨ་མ་ལགས་ལ་གཟུགས་པོ་འཁྲུད་རོགས་བྱས་ཤིང་། སྔ་ས་ནས་གནམ་གཤིས་དང་ཁོར་ཡུག་གི་གནས་བབ་ལ་དཔག་སྟེ་གོ་སྒྲིག་བྱས་པའི་སྟོད་གོས་དང་སྨད་གཡོག་གྱོན་དུ་བཅུག་རྗེས་མུ་མཐུད་ཇ་ཚ་བོ་འཐུང་གིན་ཁ་བརྡ་བྱས། ངེད་མ་བུ་གཉིས་དངོས་སུ་ཉལ་དུས་མཚན་ཕྱེད་ཆུ་ཚོད་གསུམ་པ་ཆགས་འདུག འོན་ཀྱང་ངལ་དུབ་དང་ཉོབ་སྣང་གཏན་ནས་མ་བྱུང་།
ཕྱི་ཉིན་ནས་ཐའེ་ལན་ན་སྐད་གྲགས་ཆེ་བའི་དཀོན་མཆོག་གསུམ་གྱི་མཆོད་སྡོང་དང་གནས་གཞི་བཟང་པོ་དག་མཇལ་དུ་ཕྱིན། ཞི་དུལ་ལྡན་པའི་དགེ་སློང་དག་གི་རྐང་པར་ཡང་ཕྱག་འཚལ། རང་སྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་དག་ལ་ཡང་ཕྱག་བསྐོར་བྱས། ད་དུང་། དབུ་རྩེ་ན་སངས་རྒྱས་ཀྱི་སྐུ་བརྙན་ཁྲི་བརྒྱ་ཐམ་པ་བཞུགས་པའི་དྷརྨ་ཀཱ་ཡའི་ཀུན་དགའ་ར་བའི་ལྟེ་བའི་གཎྡོ་ལ་དང་། གོང་མའི་ཕོ་བྲང་གི་ཚལ་དུ་བཞེངས་པའི་གཡང་ཊི་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་བརྙན་འཇིག་རྟེན་ན་གྲགས་པ་རྒྱལ་ཁབ་ཀྱི་ནོར་བུ་ཆེན་པོ་གསུམ་གྱི་ཡ་གྱར་དུ་གྲགས་པར་ཡང་མཇལ། སྨོན་ལམ་ཡང་ཅི་ནུས་བཏབ།
དེ་ལས་ཀྱང་ཡིད་ཚིམ་པ་ཞིག་ལ། ཉིན་འདི་དག་གི་རིང་། ངས་ཨ་མ་ལགས་ཀྱི་ཕྱག་ནས་སྐྱོར་དེ་ཕན་ཚུན་འགྲོ་སྐྱོད་ཀྱི་གོ་སྐབས་ཐོབ་པ་ཙམ་དུ་མ་ཟད། གནམ་ཐང་གི་ཕྱི་ཁྱམ་ནས་ཐེ་ཚོམ་སྤུ་ཙམ་མེད་པར་མིག་ཀོང་མཆི་མས་བཀང་བཞིན་ཨ་མ་ལགས་ལ་དམ་པོར་འཁྱུད་དེ་ཕན་ཚུན་མིག་ཆུ་འབྱིད་རེས་བྱས། ངས་རང་གི་ལག་གིས་གསོལ་ཇ་ཚ་བོ་བཟོས་དེ་ཨ་མའི་ཇ་ཕོར་དུ་དྲངས་ཤིང་། ཚ་གྲང་སྙོམ་པའི་ཆུ་དྲོན་གྱིས་ཨ་མ་ལགས་ཀྱི་གཟུགས་པོ་འཁྲུད་རོགས་བྱས། ངས་ང་རང་གི་ཁ་པར་ནང་གི་འཚོ་བ་དང་འབྲེལ་བའི་དཔར་རིས་འདྲ་མིན་དེ་དག་ལ་ཨ་མ་ལགས་ལ་བསྟན་ཞིང་། ངེད་མ་བུ་གཉིས་མཉམ་དུ་འདྲ་པར་དེ་དག་ལ་ལྟད་མོ་བལྟས་ཏེ་གྱེས་བྲལ་གྱི་ལོ་ཟླའི་འཚོ་བ་མངར་ལ་སྐྱུར་བ་དག་གི་སྐོར་ལ་ཁ་བརྡ་བྱས། ངས་གནམ་ཐེངས་སུ་སྐྱེལ་མ་བྱེད་སྐབས་ཨ་མ་ལགས་དང་མཉམ་དུ་རིང་སྲེལ་སྙིང་པོར་བྱས་པའི་མཆོད་རྟེན་གྱི་མདུན་དུ་འགྲེངས་ཏེ་ཨ་མ་ལགས་ལ་སླར་ཡང་མཇལ་བའི་ཁ་ཆད་དང་བཅས་སངས་རྒྱས་ཀྱི་སྐུ་བརྙན་རིན་པོ་ཆེའི་ཞལ་ལ་མཉམ་དུ་བལྟས། ཨ་མའི་མིག་ཆུ་འཐིམ་པའི་གཙང་ཤོག་ནང་ལྭའི་གློ་ཁུག་ཏུ་བཅུག་སྟེ། ཚན་རིག་པ་ཞིག་གིས་སྐྱེས་མ་ཞིག་གི་མིག་ཆུའི་ཐིགས་པ་ཤེལ་སྦུགས་སུ་བླུགས་པ་སློབ་མ་ཚོར་བསྟན་དེ། འདིའི་ནང་དུ་ཆུའི་གྲུབ་ཆ་ལས་གཞན་དུ་ང་ཚོས་མི་མཐོང་བའི་བྱམས་བརྩེའི་གྲུབ་ཆ་ཞིག་ཀྱང་ཡོད་པ་རེད་ཅེས་གསུངས་པའི་བཀའ་མོལ་སྐད་གྲགས་ཅན་དེ་ཡང་དྲན་པར་བྱས། མདོར་ན་ཉིན་དེ་དག་གི་རིང་ངས་དཔར་མཁན་མཁས་་པས་སྐྱེ་དངོས་དང་ལྗོངས་བཀོད་ཀྱི་གསང་བའི་མཛེས་ཆ་འཚོལ་བ་ལྟར་རིགས་པ་ཤིན་ཏུ་བསྒྲིམས་ཏེ་རང་ཉིད་ཨ་མ་དང་ལྷན་དུ་འགྲོ་འཆག་ཉལ་འདུག་གི་ཆ་ཤས་རེ་རེ་ནི་ཅི་འདྲའི་མཛེས་སྡུག་དང་ལྡན་ལ་དོན་སྙིང་ཆེ་བ་ཞིག་ཡིན་པ་ཡིད་ལ་དྲན་དུ་བཅུག
དེ་ལྟ་ན་ཡང་། ཆེས་མཛེས་སྡུག་ལྡན་པའི་མངོན་གྱུར་དེ་དག་ང་དང་ཨ་མའི་ཡུན་རིང་གྱེས་བྲལ་གྱི་ལོ་ཟླ་རིང་མོའི་རོལ་དབྱངས་ཀྱིས་རམ་དཀྲོལ་དང་གཞོག་འདེགས་མེད་ཙ་ན་ཕལ་ཆེར་འདི་ཙམ་དུ་ཚད་མཐོ་བའི་རླབས་རྩེར་སོན་མི་ཐུབ་པ་ཞིག་རེད། དེའི་ཕྱིར། ལོ་རྒྱུས་དང་དུས་ཀྱི་སྐྱོ་གནས་མེ་རི་འཕྱུར་བའི་འདག་མེ་ལྟར་འཇིགས་སུ་རུང་བ་དག་གི་ཀློང་ནས་ཀྱང་འོད་དུ་འཚེར་བའི་ཚེ་སྲོག་གི་ཕ་ལམ་གཞན་ཞིག་ཀྱང་རྙེད་དུ་ཡོད་པ་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་རེད། བར་སྐབས་གཞན་དང་གཞན་དུ། ལོ་སྔ་མར་ཨ་མ་ལགས་ང་ལས་ཆེ་བའི་བུ་ཐུ་བོ་དང་ཤི་བྲལ་བྱུང་བའི་མྱ་ངན་གྱི་གནས་སྟངས་སོགས་ནང་མི་དག་གི་ལོ་བཅུའི་རིང་གི་སྐྱིད་སྡུག་གི་འཚོ་བ་དང་དྲོ་གྲང་གི་ནམ་ཟླ། ད་དུང་ཡུལ་མི་དང་རུ་སྐོར་དག་གི་འཚོ་བའི་གནས་སྟངས་དང་། དུས་བསྟུན་གྱི་འགྱུར་འགྲོས་སོགས་ལ་ཁ་བརྡ་ཧ་ཅང་མང་པོ་བྱས། མདོར་ན། དུས་ཡུན་ཧ་ཅང་ཐུང་ཡང་རིན་ཐང་ཆེ་ལ་ཤིན་ཏུ་སྐྱིད་པའི་མ་བུ་མཉམ་འཛོམས་ཀྱི་དུས་ཚོད་དེ་དེ་ལྟར་བསྐྱལ།
དེ་མིན། ལོ་སྔོན་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ང་དང་རྒྱལ་ཁོང་མ་ལེ་ཤི་ཡ་ནས་ཡིན་པའི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་ཚ་མིན་ལིང་ཡོངས་བསྒྲགས་གླེང་མོལ་གྱི་འདུ་འཛོམ་བྱེད་སྒོ་ཞིག་ཏུ་ཁོང་གིས། ཁོང་ནི་འབྱོར་བ་ཆེ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཕ་དམ་པ་ནི་ཧ་ཅང་སྒམ་ནན་དང་རྔམ་ཟིལ་ཆེ་བའི་དཔོན་ཆེན་ཞིག་ཡིན་པ་དེས་ཁོང་ཉིད་ཕ་དམ་པའི་འགྲམ་དུ་གཅར་རྒྱུར་ཞེད་སྣང་སྐྱེས་ཤིང་། ཁོང་གི་མི་ཚེ་གང་པོར་ཕ་དམ་པར་འཁྱུད་པའི་གོ་སྐབས་མ་ཐོབ་པ་ནི་མི་ཚེའི་འགྱོད་གདུང་ཆེ་ཤོས་ཡིན་པ་དང་། ཁོང་གི་ཕྱིས་ཀྱི་གློག་བརྙན་དག་གིས་ཁྲོད་དུ་ཆེད་དུ་ཁོང་དང་ཕ ་དམ་བའི་བར་གྱི་དམིགས་བསལ་གྱི་བྱུང་བ་སྐོར་ཞིག་འབྲི་བཞེངས་བྱས་པའི་སྐོར་གསུངས་པའི་སྐད་ཆ་དུམ་བུ་དེས་ཀྱང་ངས་རང་ཉིད་ཨ་མ་དང་མཉམ་དུ་འགྲོགས་པའི་དུས་ཐུང་གི་ཉིན་མོ་འདིའི་ཁྱད་དུ་འཕགས་པའི་རིན་ཐང་གི་སྐོར་ལ་ངོས་འཛིན་གྱི་ཚད་གཞི་མཐོ་རུ་གཏོང་བར་རམ་འདེགས་བྱས་བྱུང་།
སྒུག་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་མ་བུ་མཉམ་འཛོམས་ཀྱི་ཉིན་མོ་འདིའི་ཆེད། གྲོགས་པོ་ཧ་ཅང་མང་པོ་ཞིག་གི་བརྩེ་སེམས་དང་རོགས་རམ་ཐོབ་ཅིང་། ཁོང་རྣམ་པས་ངེད་མ་བུ་གཉིས་ལ་གནང་བའི་ཐུགས་ཁུར་དག་ནི་ངའི་སེམས་ངོགས་སུ་གསུབས་ཐབས་མེད་པའི་རི་མོ་གཞན་ཞིག་ཏུ་གྱུར།
དེ་དང་མཉམ་དུ་འཇིག་རྟེན་འདིར་ང་དང་ཨ་མ་ལགས་མཉམ་འཛོམས་ཀྱི་ཉིན་མོ་མཐོང་ན་འདོད་པའི་རེ་སྒུག་ཆེས་ཟབ་པའི་ཕུ་བོ་དམ་པ་དེ་རིང་འཇིག་རྟེན་འདིར་མི་བཞུགས་ཤིང་། ཁོང་གིས་ཉིན་མོ་འདི་སྒུག་མ་ཐུབ་པར་མ་ཟད། པར་རིས་དང་རྩོམ་ཡིག དྲ་ཐོག་གི་སྐད་བཞག་བཅས་གང་ཞིག་གི་ལམ་ནས་ཀྱང་མ་བུ་མཉམ་འཛོམས་ཀྱི་ཉིན་མོ་འདིར་རོལ་མྱོང་བྱེད་ཐབས་མེད་པ་འདི་དྲན་པ་ཙམ་ན་སེམས་པ་ཧ་ཅང་སྐྱོ་ཞིང་འཁྲེང་བ་ཞིག་འདུག་སྟེ་ཅི་བྱ།
ཐ་མ་དེར་ངས་ཨ་མ་ལགས་ཐའེ་ལན་དའི་གནམ་ཐང་དུ་སྐྱེལ་མ་ཞུས། གནམ་ཐང་འདི་ནི་འཛམ་གླིང་བུ་གླིང་འདི་ཙམ་ན་སངས་རྒྱས་ཀྱི་རིང་སྲེལ་སྙིང་པོར་བྱས་པའི་གསེར་གྱི་མཆོད་རྟེན་གནམ་ཐང་གི་ཁྱམ་ཆེན་གྱི་ལྟེ་བར་བཞེངས་ཡོད་པའི་གནམ་ཐང་གཅིག་པུ་དེ་མིན་ནམ་སྙམ། ང་རང་ཉིད་ཨ་མ་ལགས་དང་མཉམ་དུ་མཆོད་རྟེན་གྱི་མདུན་དེར་བརྟན་པོར་འགྲེངས་ཏེ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ཚར་གཅིག་བཏོན། དེའི་རིང་ཨ་མ་ལགས་ཀྱིས་ཀྱང་ངེད་མ་བུ་ཅག་ཤི་ན་གསོན་ན་རེ་ས་སྐྱབས་གནས་ཁྱེད་མ་གཏོགས་མེད་ཅེས་ཤུབ་བུར་གསོལ་བ་འདེབས་ཤིང་འདུག
སྐབས་འདིར་ངའི་སེམས་ལ་སྨྲ་རུ་མི་བཏུབ་པའི་སེམས་འགུལ་གྱི་ཚོར་བ་དང་། དགའ་སྐྱོ་དུང་གསུམ་འདྲེས་པའི་ཚོར་བ་དུང་ངེ་བ་ཞིག་ཡིད་གཏིང་ནས་འཕྱུར་ཞིང་། རིང་སྲེལ་རིན་པོ་ཆེ་སྙིང་པོར་བྱས་པའི་སངས་རྒྱས་ཀྱི་སྐུ་རུས་གྱི་མཆོད་རྟེན་འདིའི་འདུན་ནས་མ་བུ་་གཉིས་སླར་ཡང་མཇལ་བའི་ཁ་ཆད་དང་། ཕན་ཚུན་རྟེན་འབྲེལ་གྱི་ཁ་བཏགས་གཡོགས་ཏེ་གྱེས་འཚམས་ཞུ་རྒྱུ་བྱུང་བ་དེར་དམིགས་བསལ་གྱི་དོན་སྙིང་ཆེན་པོ་ལྡན་པའི་ངེས་ཤེས་དང་སེམས་གསོ་ཡང་ཆེན་པོ་བྱུང་།
རྫ་ཚེ་རིང་བཀྲ་ཤིས་ཀྱིས། 2015ལོའི་3ཚེས་7ལ་ཐའེ་ཝན་ཐའེ་པེ་རུ།
མ་བུའི་མིག་ལ་སྦས་པའི་ཆུ་བོའི་རྒྱུན། །
དལ་བུར་བཞུར་པའི་གཏམ་རྒྱུད་མངར་སྐྱུར་ཅན། །
འདི་ན་ཀྰ་ལིའི་ཕྲེང་བར་བརྒྱུས་པ་དག །
ཀློག་པའི་སྐབས་སུ་དུས་ཚོད་གློག་བཞིན་མྱུར། །
མ་བུ་ལྷན་འཛོམས་གཏམ་རྒྱུད་མུ་ཏིག་ཕྲེང་།
ངོ་མཚར་ཚིག་གི་དར་ལ་བརྒྱུས་པ་འདིས།
བདག་ཡིད་བརྟན་པ་འཕྲོག་དང་ལྷན་གཅིག་ཏུ།
མིག་ཟུང་མཆི་མའི་འཛིང་བུས་གདོང་པ་བརླན།
མཁྱེན་རབ་ཕུལ་བྱུང་འཛམ་གླིང་སྙན་པར་གྲགས།།
བརྩེ་ཆེན་བྱམས་སེམས་མ་རྒན་གཅེས་པས་སྐྱོར།།
གང་དང་འགྲོགས་ན་ཡིད་འོང་རྒྱལ་བའི་སྲས།།
ཚེ་རིང་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཤོག།
ཨ་མར་འཕྲད་པའི་སྒྲུང་ཐུང་འདི།།
ས་མཐའི་གྲོང་ནས་བཀླགས་རྒྱུ་བྱུང་།།
ཨ་མ་ཚེ་རིང་ལོ་བརྒྱ་ཤོག།།
བུ་ཁྱོད་བྱ་བ་ལམ་འགྲོ་ཤོག།།
མ་བུ་མཉམ་འཛོམས་ནི་གཞིས་བྱེས་མང་པོའི་སེམས་ཀྱི་རེ་འདུན་ཡིན།
ཁྱེད་ལ་བཀྲ་ཤིས་བདེ་ལེགས།
མ་བུའི་བརྩེ་དུང་དེས་མི་མང་བློ་འགུལ་ཐེབས། །མི་ཆོས་ཡ་རབས་ཀྱི་རྩ་བ་ཚུགས་ནས་འདུག །མ་བུ་ཞལ་འཛོམས་ལ་བཀྲ་ཤིས་བདེ་ལེགས་ཞུ། །མི་རིང་སླར་མཇལ་གྱི་འདུན་པ་འགྲུབ་གྱུར་ཅིག །
དྲ་གྲོགས་རྣམ་པས་བདག་གི་རྩོམ་གཟིགས་ཤིང་། །
བརྩེ་བའི་མཆིད་དང་རྩོམ་ཚིག་བྲིས་པ་ལ། །
སེམས་ཀྱི་གཏིང་ནས་བཀྲ་ཤིས་བདེ་ལེགས་དང་། །
ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་བར་བགྱི། །