ཨེ་མ་ཧོ།
ཀ་ཡེ་གསོན་དང་སྙན་ངག་འབྲི་མཁས་མ།།
ཡང་ཡང་རྗེས་དེད་འདི་ལ་རྒྱུ་མཚན་གང་།།
དངོས་ཡོད་བདེན་ཚིག་ཡིན་པར་ངས་མ་མཐོང་།།
དགེ་སློང་ང་ལ་རེ་བ་མ་བཅའ་ཞིག །
གསུམ་ལྡན་དགེ་སློང་ཡོད་པར་བདེན་སྲིད་ཀྱང་།།
ན་ཆུང་ཁྱོད་འདྲ་མཚན་ལྡན་རིག་མ་མིན།།
གཞན་ལུས་ཐབས་ལྡན་ཡིན་པར་བདེན་མོད་ཀྱང་།།
སྒྱུ་ལུས་སྙིང་པོ་ཡོད་པར་ངས་མི་འཛིན།།
ཕོ་མོ་མི་ཤེས་ངོ་གདོང་དཔར་རྫུན་ཞིག །
རྒྱ་མིན་བོད་མིན་གཅེར་གཟུགས་བརྗེན་པ་ཞིག །
དགྲ་མིན་གྲོགས་མིན་ཉིན་མཚན་བརྡ་སྟོན་ཁྱོད།།
ད་ནི་མ་འདུག་རང་གི་གནས་སུ་དེངས།།
མཆུ་དང་སེན་མོ་ཚོན་རྩི་དམར་པོས་ཕྱུག །
སྐྲ་དང་སྨི་མ་རྫུན་མས་ཁ་མདོག་བསྒྱུར།།
གདོང་དང་རྣ་བར་འདྲ་འབག་ཕ་ལམ་རྒྱན།།
བརྩེ་དང་དུང་བར་བརྗོད་ཀྱང་ངས་མི་འདོད།།
བོད་ཡིག་ཤེས་པར་དགའ་བའི་བརྡ་སྤྲོད་ཞིག །
བོད་མི་ལ་རྒྱ་ཡོད་པས་བདེན་གཏམ་ཞིག །
བོད་རིགས་ཡིན་པར་མཚོན་པའི་ལྷག་བསམ་ཞིག །
བོད་མིན་རྒྱ་རིགས་ཡིན་ཀྱང་ཤེས་ངེས་ལགས།།
དེ་ཉིད་བདེན་པའི་རང་བཞིན་མཐོང་བའི་ཕྱིར།།
ཆོས་ལུགས་ཕྱོགས་ཞེན་མེད་པའི་རིས་མེད་དང་།།
སྣང་སྲིད་དག་མཉམ་འཁོར་འདས་ལེགས་མཁྱེན་པས།།
གཟུར་གནས་དྲང་སྲོང་དཔལ་དགྱེས་རྡོ་རྗེ་ལགས།།
ཞེས་པ་དབྱིན་བོད་ལ་ཆགས་ཐོགས་མེད་པའི་ངོ་དེབ་རྫུན་མ་ཡིན་པའི་བུ་མོ་ཞིག་གིས་ཉིན་མཚན་ཀུན་ཏུ་རྗེས་བཞིན་བསྐྱོད་ནས་དགའ་འདོགས་དང་བརྩེ་རབས་ངོ་དགའ་བསྟན་པའི་མཆོད་སྤྲིན་ཆར་བཞིན་ཕབས་ཀྱང་མིང་རྫུན་གྱིས་བསླུ་འཁྲིད་ཡིན་པར་ཤེས་ཀྱང་སྙིང་རྗེས་ཆོས་སྦྱིན་རེ་བྱས་ཀྱང་དོན་མེད་ཆགས་གཏམ་དང་ཆོས་ལུགས་ཆོལ་ཁ་རྒྱ་བོད་སོགས་བྱ་བ་ངན་ཞེན་གྱི་ལེ་ལོའི་གྲོགས་མོ་འམ་གྲོགས་པོ་དེ་མཁན་ཆེན་བླ་མའི་གདོང་གྲོགས་ལས་ཡུལ་ཕུད་རྗེས་འདོན་གྱི་རྫོང་བ་རུ་ཨེ་མ་ཧོས་བགྱིས་པར་དགེའོ།། །།
ད་དབུལ་དགོས་རེད། མཁན་ཆེན་དཔལ་རྒྱས་ལགས།
འདོད་ཆགས་རུས་པའི་རྐང་ལ་མེ་འབར་ཡང་།།
རྣམ་འགྱུར་ཆགས་པ་བྲལ་བའི་དགེ་སློང་ལ།།
སྐྱེས་པ་བུ་མོར་རྫུས་ཏེ་ངོ་དེབ་ནང་།།
ཡག་ཉེས་ཅི་ཡིན་ཡང་ལྕི་བཀྱགས་བྱུང་ངམ།། ?
(ང་ནི་ཁྱོད་ལ་མི་འདོད་དོ།) གོ་བ་ཞིག་རྩ་ནས་མ་རག་ཐལ། ལྷ་སའི་སྐད། ཁམས་སྐད། སྟོད་སྐད། ཆོས་སྐད། སྒང་ཏོག་སྐད། ལ་ཏོག་སྐད། གང་ཞིག་ན་བརྡ་སྤྲོད་འདི་འདྲ་ཞིག་ཡོད་པའི་གསལ་ཁ་བཤད་རོགས་ཞུ།