བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།
དམ་པ་དེ་ཉིད་ནི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་མཆོག་གི་སྐུ་དུས་ནས་ཞབས་པད་དུ་བསྐོ་གཞག་གནང་བའི་གཞུང་ཞབས་བགྲེས་སོང་ཞིག་ཡིན་པ་མ་ཟད། དྲང་ཚུགས་དང་རྒྱལ་ཞེན་ཅན་དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་འོག་ཏུའང་བདེན་པའི་གནས་ཚུལ་གསལ་སྟོན་གནང་རྒྱུའི་འབད་རྩོལ་གནང་མཁན་ཞིག་ཡིན། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་སྐུ་ཚབ་དང་བལྟ་སྐོར་ཚོགས་ཆུང་སྔ་རྗེས་ལ་མཇལ་འཕྲད་སྐབས་དགའ་ལྡན་ཕོ་བྲང་གཞུང་གིས་རྒྱ་ནག་ལ་དཔྱ་ཁྲལ་འཇལ་བའི་ལོ་རྒྱུས་གཏན་ནས་མེད་སྐོར་མཛུབ་སྟོན་དང༌། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་དགོས་པའི་རེ་འདུན་བཏོན་པར་སྲིད་བློན་ཀྲོའུ་ཨེན་ལེ་ཡིས་ད་ལྟ་དུས་ཚོད་མ་རན་ཡང་རིམ་པས་དགོངས་བཞེས་གནང་འཐུས་ཁས་ལེན་གནང་བའི་དངོས་དོན་བདེན་དཔང་གནང་བ་དང༌། ཕྱི་ལོ་ ༡༩༨༩ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ངོས་འཛིན་གསེར་ཁྲི་མངའ་གསོལ་རྒྱ་ནག་དབུས་གཞུང་གིས་ངོས་བཞེས་བཀའ་འཁྲོལ་ལྟར་གནང་བ་ཡིན་ཚུལ་གྱི་འཁྱོག་བཤད་ལ་ཚད་ལྡན་བྱུང་རབས་ཀྱི་རྒྱབ་ལྗོངས་དང་བཅས་ཏེ། དངོས་བདེན་མིན་པའི་གསལ་བཤད་གནང་བ་དང༌། བོད་ནི་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བར་དབུས་གཞུང་དང་མཉམ་དུ་གྲོས་མཐུན་བཞག་པ་ཞིག་ཡིན་པས་དེའི་དམིགས་བསལ་གྱི་གནས་བབ་ངོས་འཛིན་དགོས་པའི་ཞུ་བསྐུལ་གནང་བ། ཕྱི་ལོ་ ༡༩༩༡ ལོར་སླར་ཡང་དབུས་གཞུང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་སྤྱི་དང༌། ལྷག་པར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་བའི་དོན་ཚན་ཁག་ལག་བསྟར་དགོས་པའི་ཞུ་བསྐུལ་གནང་བ། དེ་མཚུངས་པཎ་ཆེན་སྐུ་གོང་མ་མཆོག་དང་མཉམ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་འབད་རྩོལ་ཤུགས་ཆེ་གནང་བ་སོགས་ཡུལ་དུས་གནས་བབ་ལ་གཞིགས་པའི་མི་རིགས་ཀྱི་ལ་ཞེན་གཅེས་སྲུང་གནང་མཁན་ཞིག་ཡིན། རྗེས་བཞུགས་ལྷ་ལྕམ་སྲས་སྲོས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས།
བཀའ་ཤག་གི་དྲུང་ཡིག་ཚ་ག་ཚི་གེ་དེས་ཡེ་གེའི་མགོ་མཇུག་ནོར་འདུག ༼བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།༽ ཅེས་པ་དེ་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་དང་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། ཅེས་བཅོས་དགོས།
མཇུག་གི་བཀའ་ཤག་གིས་ཟེར་བ་དེར་བཀའ་ཤག་ནས་ཟེར་དགོས། ཟླ་ཚེས་གསལ་བཀོད་བྱེད་རྒྱུ་ཆད་འདུག ལོ་རྒྱུས་ཀྱི་གལ་ཆེན་མི་སྣ་ཅིག་ལ་ཡིག་འབྲུ་གཅིག་ཡིན་ན་ཡང་གཟབ་གཟབ་གནང་དགོས།
མཆན་པུ་འདི་ངས་དུས་བབ་ཚང་གི་ང་ཕོད་གྲོངས་འདུག་ཟེར་བའི་ཚན་པ་དེར་བཏབ་པ་ཞིག་འདི་རུ་ཁུར་ནས་ཡོང་ཡོད། འདིའི་ནང་དོན་འདི་ལ་ཡང་འཚམ་པོ་སྙམ་གྱི་འདུག་ལགས། སྤུན་ཟླ་དག་གིས་ཐུགས་འཇག་འཚལ།
སྤུན་ཟླ་ཚང་མས་ཐུགས་ལ་ངེས་དགོས་པ་ཞིག་ལ། པན་ཆེན་སྐུ་གོང་མ་ཚང་ལ་ཡང་ཚོང་བ་རྒྱགས་པ་ཞེས་མིང་བཏགས་པ་དྲན་པ་བྱོས་དེ། རེ་ཞིག་རིང་འདས་པོ་ང་ཕོད་མཆོག་ལ་མྱ་ངན་གུས་མདུད་ཞུ་འདོད་མེད་ཀྱང་། ཁ་ལ་སྙིང་རྗེ་ཐོག་པའི་བོད་མི་ཞིག་གི་སྐྱེ་ཡོད་དུས། བསམ་ཤེས་རེ་གནང་དེ་མ་ཎི་རྐང་རེ་བཏོན་ན་རེ་ཞིག་རིང་སྒུག་རོགས་ཞུ། ངས་འདི་ནས་འགྲོ་བ་མི་སྤྱིར་སྟངས་པ་ཞིག་གི་ཚབ་བྱས་དེ་ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ལ་ང་ཕོད་ཁོང་སྐུ་འདས་པ་དེར་སེམས་གསོ་དང་མྱ་ངན་བྱེད་ཀྱི་ཡོད། ས་སྒང་གཅིག་གི་སྒང་ནས་མི་རིགས་གཅིག་ལ་སྐྱེ་བའི་མི་རྒན་ཁོང་དེ་རིང་འུ་ཅག་གྱེས་ནས་ཉི་མ་གཉིས་པ་དེ་རེད། ཞེ་དགུ་ཟེར་ནས་བོད་ལ་བརྩི་སྲོལ་ཞིག་ཡོད་པ་རེད། གནའ་རབས་བོད་མི་དག་གི་གུས་སྲོལ་ཡིན་ན་རང་གི་དགྲ་ཤི་བ་ཡིན་ན། ཞེ་དགུ་ཚང་རེག་བར་དུ་མིང་འདོག་དང་གཏམ་ངན་ཚིག་ངན་བཤད་སྲོལ་མེད་པ་ཡིན་དུས་སྤུན་ཟླ་དག་གིས་དེ་ལྟར་ཐུགས་ལ་འཇག་པར་འཚལ་ཞེས་སླར་ཡང་ཐེངས་ཤིག་ཞུས་པ་ཡིན་ལགས།
རང་རེའི་བཙན་བྱོལ་བོད་གཞུང་གིས་རྒྱལ་པོ་གླང་དར་གྱི་འདས་མཆོད་ཞིག་ཡོད་པར་བཟོས་ན་གང་འདྲ་འདུག
ཤི་ཚད་ལ་མྱ་ངན་དང་སྨོན་གསོལ་བྱེད་རྒྱུ་ནི་བོད་གཞུང་གི་གཤིས་ཀ་འདྲ་ཞིག་ཡིན་ས་རེད། ང་ཕོད་ཡོད་དུས་སྐབས་ལ་ཅིག་ནས་འགྲིག་མི་འདུག་ཅེས་བོད་གཞུང་གིས་བཤད་ཡོད་ལ། རྒྱ་གཞུང་ལྟར་ང་ཕོད་ཤི་དུས་མྱ་ངན་གུས་འདུད་ཡོད་ཚུལ་ཡང་བོད་གཞུང་གིས་བཤད་ཡོད། དེ་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་ཅེས་བོད་གཞུང་གིས་བཤད་མྱོང་ཡོད་ཅིང་། ཡང་དེ་ལ་ངོས་ལེན་ཡོད་པའི་བཟོ་འདྲ་བོད་གཞུང་གིས་ད་སྐབས་སྟོན་གྱིན་ཡོད། གང་ལྟར་ང་ཕོད་ཀྱི་མི་ཚེ་ལས་ཀྱང་གཏམ་རིང་པོ་ཆགས་ངེས་རེད།
འོས་ལང་ལགས
(ཤི་ཚད་ལ་མྱ་ངན་དང་སྨོན་གསོལ་བྱེད་རྒྱུ་ནི་བོད་གཞུང་གི་གཤིས་ཀ་འདྲ་ཞིག་ཡིན་ས་རེད)།
ཁྱོད་རང་ཤི་དུས་ཡང་བོད་གཞུང་ནས་མྱ་ངན་གུས་དུད་ཞུ་ཡོང་ཨ་ལེ་བློ་བདེ་བོ་གནང་གོ
ང་ཚོ་ནས་ད་ལྟ་ནས་མྱ་ངན་ཞུ་བཞིན་ཡོད།
ཚིག་འདིས་དོན་བོད་གཞུང་ལ་འཛིན་པའི་རྒྱ་དམར་གྱིས་ལྟ་བ་དང་མཐུན་ལ་འོསལང་ཁོང་རང་ག་འདྲ་ཡིན་གསལ་བཤད་གནང་འདུག