དུར་བདག
———–
དང་པོ།
(ཐག་ཉེ་ཡི་མི་ཞིག་ལ།)
ངས་སྐད་ཆ་དུམ་བུ་འགའ་བཤད་པའི་དོན་དུ་ཆང་རག་དམ་བུ་འགའ་བཏུངས་ཡོད
དེར་བརྟེན་ང་བཟི་ཡོད ངས་དིག་དིག་ཀྱིས་བཤད་པ་དག་ངོ་མ་ཡིན་མིན་ང་ལ་འཚལ་བས
ངས་དེ་རིང་རང་ཉིད་ཀྱིས་བཤད་འདོད་པ་མཐའ་དག་སུ་ལའང་མ་འཛེམ་པར་བྱོ་རྒྱུ་ཡིན
མགྲིན་པ་གསེངས་ནས་ཧ་ཅང་ཡིད་འགུལ་ཐེབས་པའི་ཚུལ་གྱིས་ཁྱོད་ཀྱིས་ཅི་ཡང་བཤད་མི་དགོས
འཐད་མི་འཐད་ཀྱི་རྣམ་འགྱུར་ཅི་བསྟན་ཡང་ དགའ་མི་དགའ་ཡི་རྟགས་གང་བསྟན་ཡང་
ངས་ཁྱོད་ལྟ་བུའི་མྱི་རང་ཉིད་ཀྱི་གྲོགས་པོའི་གྲལ་ནས་སྤྱུགས་ཀྱི་ཡིན
ཁྱོད་ནི་རྡ་སའི་གཡས་གཡོན་གྱི་སྤྲེའུ་རྐུབ་དམར་དེ་དག་དང་ཀུན་ནས་མཚུངས་ཨང
གཉིས།
དྲང་མོར་བཤད་ན་ཁྱོད་ཤོག་བུས་བཟོས་པ་ངས་སྔ་མོ་ནས་ངོས་ཟིན་ཐོབ་ཡོད
འོན་ཀྱང ཁ་སང་དེ་རིང་གི་ཉིན་འདི་དག་བར་དུ་དེ་ཙམ་གྱིས་ཞེན་ལོག་དགོས་པ་ཞིག་ཏུ་མ་སོང་བས
ཞེ་ལྷོད་ལྷོད་ཀྱིས་བཟོད་པ་ཟེར་བའི་ཐ་སྙད་དེ་ལ་འབྱར་ནས་ཨུ་ཚུགས་ཀྱིས་ཨམ་ཚུགས་བསྡམས་ནས་བསྡད་པ་ཡིན
དེ་རིང་སྐད་ཆ་འདི་དག་ཞེ་འཁོན་ནང་བཞིན་ཞེ་སྡང་གིས་ཤོག་ངོས་སུ་ལྡུག་རན་དུས་སེམས་ཇེ་སྐྱོ་ནས་ཇེ་སྐྱོ་རེད
ས་མཐའ་འདི་ནས་འུ་གཉིས་བདག་པོ་ཡོད་མེད་ཀྱིས་གཅིག་ཏུ་སྣང་བས་རང་ཉིད་ཀྱི་མིག་བཙུམས་པ་ཡིན
ཁྱོད་ཀྱིས་རྗེས་ཕྱོགས་གྲོགས་པོ་གཞན་དག་གི་གྲལ་ནས་མིག་ལ་མི་རན་པའི་རང་ཉིད་རྔ་མ་དེ་བཅད་ན་རེད
གསུམ།
བས་མཐའ་འདི་ནས་རང་ཉིད་ལ་རང་ཉིད་ཀྱི་ཕོར་བའང་ཐེམས་མིན་གྱི་ཚོད་ཡིན་པས
ཁྱོད་ཀྱིས་ཀྱང་ངའི་སེམས་དང་ངའི་ཚོར་བ་ངའི་འཚོ་བ་ཤེས་ན་འགྲིག་གི
གང་ལྟར་ན་ནིང་གི་བརྩེ་བ་དེ་ད་ལོའི་དེ་རིང་ནས་བཟུང་ས་རིམ་པ་དགུའི་འོག་ཏུ་གཡུགས་ཚར་བ་བྱོས
ངས་ཀྱང་རང་ཉིད་ཀྱི་སེམས་ངོས་སུ་བརྐོས་པའི་ཁྱོད་ཀྱི་མྱིང་སྣོག་གི་ཡིན
ཁྱོད་ཀྱིས་ཀྱང་ང་གྲོགས་པོ་དག་ལས་གྲལ་རིམ་གང་དུ་བཞག་ཡོད་ཀྱང་དོར་དགོས
འདི་ནི་འུ་གཉིས་ཀྱིས་ཆེས་མཐའ་མཇུག་གི་གྱེས་ཁའི་བརྩེ་བ་ནག་པོ་དེའོ།
༢༠༡༡ ༦
༡༥ དགོང་མོ།