བོད ལྷ་ཀླུ་གཉན་གསུམ།
་་་་་་་་་་་་་་་སྐད་ཡིག་གསུམ་སྤྱང་བརྡར་བྱེད་སའི་ངའི་ལས་ཀ
དེང་སང་ང་རང་གི་ལས་ཀ་བྱེད་ས་འདི་རུ་ལས་ཀ་བྱས་དེ་ཟླ་ངོ་གཉིས་ལྷག་ཏག་ཏག་འགྲོ་བཞིན་ཡོད་ལ། ང་རང་གི་ལས་ཀའི་ཆ་ནས་བཤད་ན། དུས་ཚོད་ལ་གཏན་ཁེལ་ཞིག་ཡོད་པ་དེ་ནི་ཉིན་གཅིག་ལ་ཆུ་ཚོད་བཅུའི་རིང་དུ་ལས་ཀ་བྱེད་རྒྱུ་དེ་ཡིན། མང་ཤོས་ཤིག་ཉིན་གུང་ཆུ་ཚོད་བཅུ་གཉིས་ནས་སྒོ་རུ་བུད་དེ། སྤྱི་སྤྱོད་རླངས་འཁོར་ཡོང་སའི་འབབ་ཚིགས་དེར་སོང་ནས་སྒུག་དགོས་པ་ཡིན། མཚམས་རེར་སྐར་མ་བཅོ་ལྔ་ཉི་ཤུ་ཞིག་ལ་སྒུག་དགོས་ཀྱི་ཡོད། ཉུང་ན་སྐར་མ་ལྔ་ནས་བཅུ་ཡིན།
དེ་ནས་སྤྱི་སྤྱོད་རླངས་འཁོར་ས་ཚིགས་གཉིས་པ་དེ་ནས་ཡང་སྐྱར་དེ་ལྟར་སྒུག་དགོས་ཀྱི་ཡོད། སྤྱི་སྤྱོད་རླངས་འཁོར་གཉིས་པ་དེ་ནས་ཕྱི་རུ་འབབ་དུས་སུ། མང་ཤོས་ཆུ་ཚོད་གཅིག་མ་ཟིན་པ་ལ་སྐར་མ་གཉིས་གསུམ་ཡིན། ལས་ཀ་བྱེད་སར་སླེབས་མ་ཐག ནམ་རྒྱུན་དུ་གོན་པ་བརྗེ་རུ་འགྲོ་བ་དང་། རང་གི་བོད་བཟོའི་རྒྱབ་ཁུག་སྔོན་པོ་དེ་མི་སྒེར་ལ་གཏོགས་པའི་ཤིང་སྒམ་གྲུབ་བཞི་མ་དེ་ཡི་ནང་དུ་བླུགས།
ཐབ་ཚང་དུ་འབྱོར་ནས། ཨེས་སུ་རལ་གྱི་ལས་ཀ་བ་དེ་དག་ལ་འཕྲད་རྗེས་སུ། ཁོང་ཚོའི་སྐད་ཀྱི་སྟེང་ནས་ཞོགས་པ་བདེ་ལེགས་སམ། ཁྱེད་བདེ་མོ་ཟེར་གྱི་ཡོད། རྒྱ་ནག་ནས་འབྱོར་བའི་མ་བྱན་ཆེན་མོ་དང་ལས་མི་གཞན་གསུམ་ལ། རྒྱ་སྐད་ཀྱི་སྟེང་ནས་ཁྱེད་བདེ་མོ་ཟེར་གྱི་ཡོད། ཁ་ན་སྒྲ་ནས་ཡིན་པའི་མ་བྱན་འབྲིང་བ་དེར་ཐུག་དུས་དབྱིན་སྐད་ཀྱི་སྟེང་ནས། ཁྱེད་བདེ་མོ་ཟེར་གྱི་ཡོད། འོན་ཀྱང་། ཁ་ཆེ་བ་སྡེར་མ་དཀྲུ་མཁན་གཉིས་ཡོད་པ་དེ་གཉིས་ལ་ངས་རྩ་བ་ནས་ཁ་ཆེ་བའི་སྐད་ཆ་ཚིག་གཅིག་མི་ཤེས་སྟབས། ཨེས་པོའི་སྐད་ཀྱི་སྟེང་ནས་བདེ་མོ་ཡིན་ནམ་ཟེར་གྱི་ཡོད།
ང་རང་དུས་རྒྱུན་དུ་ཟ་ཁང་ནང་དུ་ཐབ་ཚང་གཅིག་ལ་སྡེ་ཚན་གཉིས་ནས་གསུམ་ཡོད་པ་རེད། སྡེ་ཚན་གསུམ་པ་དེ་ནི་ང་ཚོ་ཡོད་ས་དེར་མི་གཏོགས་པར་ཕར་ཕྱོགས་སུ་ཡོད། ཁོང་ཚོས་ཉི་ཧོང་གི་ཁ་ལག་རྐྱང་རྐྱང་བཟོ་བཞིན་ཡོད། སྡེ་ཚན་གཞན་གཉིས་ཡོད། སྡེ་ཚན་གཅིག་ཤོས་དེ་ནི་ཤར་ཕྱོགས་ཀྱི་ཁ་ལག་བཟོ་བཞིན་ཡོད་པ་རེད། ཤར་ཕྱོགས་ཐེ་ལན་ཀྲའི་ཁ་ལག་གཙོ་བོར་བཟུང་ཡོད་ཀྱང་། བཟོ་མཁན་རྒྱ་ནག་ནས་ཡོང་བའི་མ་བྱན་ཡིན། ང་རང་སྡེ་ཚན་གཉིས་པ་དེར་གཏོགས་པ་དང་། ང་ཚོས་བཟོ་བཞིན་པ་དེ་དག་ནི་ཁུ་བའི་རིགས་དང་གྲང་ཚལ་གྱི་རིགས་ཡིན། ད་དུང་། ཟུར་ཟས་སམ་ཞོར་ཟས་མངར་མོའི་རིགས་བཟོ་བཞིན་ཡོད་པ་རེད།
ང་རང་དེང་ཐོག་ནས་ཐབ་ཚང་ནང་གི་རྒྱ་མི་དང་། ཁ་ན་སྒྲའི་མ་བྱན། ཨེས་སུ་རལ་གྱི་མ་བྱན། ཁ་ཆེ་བའི་མི་གཉིས་ཁོང་ཚོ་སུ་ཡིན་ཡང་མཐུན་ལམ་ཡག་པོ་བྱས་སྟབས། མི་སུས་ཀྱང་། བྱ་བ་ཆེ་མ་ཆུང་གསུམ་གང་ལ་ཡིན་ཡང་ང་རང་ལ་སྐད་གཏོང་གི་ཡོད། དེ་ནི་ཁོང་ཚོས་ང་རང་གིས་ཕྱིར་ཁ་ལན་མ་ལོག་པའི་གོ་སྐབས་དེར་དམ་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་མི་དག་གིས་ང་རང་ལ་རྒྱ་སྐད་ཀྱི་སྟེང་ནས་ཁ་བརྡ་བྱེད་པ་དང་ལས་སྐུལ་བྱེད་ཀྱི་ཡོད། ཁ་ན་སྒྲ་ནས་ཡིན་པའི་མ་བྱན་འབྲིང་བ་དེས་ནམ་རྒྱུན་ང་རང་ལ་དབྱིན་སྐད་བཤད་ཀྱི་ཡོད། ཨེས་སུ་རལ་གྱི་ལས་མ་དག་གིས་ང་རང་ལ་ཨེས་པོས་བཤད་ཅི་ཐུབ་བྱེད་ཀྱི་ཡོད་ལ། མང་ཤོས་ཤིག་ང་རང་གི་གཏན་ནས་གོ་ཐུབ་ཀྱི་མེད་ཀྱང་། ཟ་མ་མི་ཉུང་བ་ཞིག་ཁོང་ཚོས་ནམ་རྒྱུན་བཤད་བཤད་ནས་ད་ལྟ་རྣ་ལམ་དུ་ཅུང་ཙམ་བྱུང་འདུག་ཡང་། ངས་ད་ལྟ་ཡང་ཁོང་ཚོའི་སྐད་གཏན་ནས་ཤེས་ཀྱི་མེད་ཟེར་ན་མི་འགྲིག་ཡང་། རང་འགོ་ཐོན་པ་ཞིག་ཤེས་ཀྱི་མེད་ལ། ཐབ་ཚང་ནང་གི་ལས་སྣེ་གལ་ཆེན་ཞིག་ང་རང་གི་འཛིན་མི་ཐུབ་པ་དེ་ཡང་། ངས་ཨེས་པོ་མི་ཤེས་པའི་ཡིན། རྒྱུ་མཚན་ཟས་ཐོ་ཚང་མ་ཨེས་པོའི་སྟེང་ནས་རྩིས་འཁོར་བརྒྱུད་ཚུར་ཐབ་ཚང་ལ་གཏོང་གི་ཡོད་དུས། ངས་ཀློག་ཤེས་ཀྱི་མེད་པས་ཡིན། ད་སྐབས་ཟུར་ཟས་རིགས་ཁ་ཤས་ཤིག་ཡོད་པ་དེ་དག་ཉིན་ལྟར་བལྟས་པ་ཡིན་སྟབས། ད་ནི་ཟུར་ཟས་རིགས་ཁ་ཤས་ཀྱི་མིང་དེ་ང་རང་གི་ཤེས་ཀྱི་ཡོད་ཀྱང་། ཁ་ལག་གཞན་དག་གི་མིང་ད་ལྟ་ཡང་ཀློག་ཐུབ་ཀྱི་མེད།
ལས་ཀ་བྱེད་ས་ནས་དུས་ཡུན་རིང་དྲགས་པ་ཡིན་མིན་མི་ཤེས་ཀྱང་། ལས་ཀ་བྱེད་ས་ནས་ལས་ཀ་བྱེད་པར་སྤྲོ་སྣང་ཡོང་བ་ལ་ཚང་མ་འཆམ་མཐུན་ཡོང་བ་དེ་ནི་གལ་ཆེན་པོ་ཡིན་ཡང་། ལས་མི་ཚང་མ་ཕྱོགས་སོ་སོ་ནས་ཡོང་བའི་གོམས་གཤིས་མི་འདྲ་བའི་དབང་གིས་ཕན་ཚུན་ལ་ལྟ་སྟངས་ཟེར་ནས་བཤད་ཁག་པོ་ཡིན་མོད། ལས་ཀའི་ཕྱོགས་ནས་སྡུག་རུས་བྱེད་ཐུབ་མིན་གྱི་བར་ཆད་ཧ་ཅང་ཆེ་བའི་ས་འདིའི་མི་མང་ཤོས་ཀྱི་ལས་ཡུན་རིང་བོ་མི་བྱེད་པ་དང་། ཁོང་ཚོ་ཆུ་ཚོད་ལྟར་གླ་ཆ་དགོས་ཀྱི་ཡོད་ལ། ཆུ་ཚོད་ཚང་བ་དང་བུད་འགྲོ་ངེས་ཡིན། འོན་ཀྱང་། ཤར་ཕྱོགས་ནས་ཡོང་བའི་རྒྱ་མི་དེ་དག་ནི་ལས་གླ་ཟླ་བ་ལ་རྩིས་བརྒྱབ་དེ་སྤྲོད་ཀྱི་ཡོད་ལ། ལས་ཡུན་ཡང་ཧ་ཅང་རིང་བོ་ཡིན། ཞོགས་པ་ཆུ་ཚོད་བཅུ་བ་ནས་དགོང་མོའི་ཆུ་ཚོད་དང་པོ་བར་དུ་བསྡོད་མཁན་ཡོད་ལ། ཉིན་གུང་ཆུ་ཚོད་དང་བོ་ནས་དགོང་མོའི་ཆུ་ཚོད་དང་བོ་བར་དུ་བསྡོད་མཁན་ཡང་ཡོད།
ལས་གླ་ཡང་ཕར་དེད་ནས་སོང་དུས་ལས་གླ་མང་ཤོས་དེ་རེག་ས་ནི། ཡུལ་མི་ཨེས་སུ་རལ་གྱི་མི་དེ་ཚོ་ཆགས་ཀྱི་ཡོད་པ་དང་། ལས་ཡུན་རིང་བ་དང་དཀའ་ལས་ཁག་ཤོས་བྱེད་མཁན་དེ་དག་ལ་རེག་གི་མེད་པ་རེད། འོན་ཀྱང་། རྒྱ་ནག་ནས་ཡོང་བའི་ལས་མི་དེ་དག་གིས་རང་ཉིད་ཡོང་སའི་རྒྱལ་ཁབ་ཀྱི་ལས་གླ་ལ་བསམ་བློ་བཏང་དུས་བསྡབས་ཁ་ཤས་ཀྱི་འཕར་ཡོད་སྟབས་ཁ་རོག་གེར་མགོ་བོ་སྒུར་ནས་བྱེད་ཀྱི་ཡོད་པ་རེད་ལ། ཤར་ཕྱོགས་ནས་ཡོང་བའི་མི་མང་བོ་ཞིག་གིས་དེ་ལྟར་བསམ་ནས་སྤྱི་ཚོགས་གསར་བ་དང་རྒྱལ་ཁབ་གསར་བ་ཞིག་ནས་ལས་ཀ་ཡར་མར་མང་བོ་བརྗེ་བོ་རྒྱག་རྒྱུར་སྐྲག་ནས་བསྡད་ཡོད་པ་རེད།
ང་རང་གི་རྒྱ་སྐད་ཡག་པོ་མེད་ཀྱང་། ཁོང་ཚོས་གང་བཤད་པའི་བརྒྱ་ཆའི་དྲུག་བཅུ་ནས་བདུན་བཅུ་གོ་ཐུབ་པ་དང་ཕར་ལན་ཡང་གང་ཙམ་ཞིག་ལོག་ཐུབ་ཀྱི་ཡོད་པས། ཁོང་ཚོའི་ནམ་རྒྱུན་དུ་ང་རང་ལ་སེམས་ཐག་ཉེ་བོ་བྱེད་ཁུལ་བྱེད་ལ། ཁོང་ཚོས་ནམ་རྒྱུན་དུ་ང་རང་ནི་ཀྲུང་གོ་བ་ཞིག་ཡིན་པར་འདོད་ཀྱི་ཡོད་ཀྱང་། ངས་ཁོང་ཚོ་ལ་ང་རང་བོད་པ་ཡིན་ཟེར་ནས་གླེང་དུས། མ་བྱན་ཆེན་མོ་དེས་བོད་ཟེར་ན་རྒྱལ་ཁབ་གང་ལ་ཟེར་གྱི་ཡོད་པ་རེད་ཟེར་ནས་ཐེངས་མ་ཁ་ཤས་ལ་དྲིས་སོང་། དེ་དུས་ངས་ཁོ་ལ་ཁྱེད་ཅག་གིས་ནམ་རྒྱུན་ཤིས་ཙང་ཟེར་ནས་ཐོས་བསྡད་པ་དེ་ལ་ཟེར་གྱི་ཡོད་པ་རེད་ཅེས་བཤད་དུས་སུ། མགོ་བོ་གཡུགས་ཞོར་དུ། དེ་ནི་ཀྲུང་གོ་བ་མ་རེད་དམ་ཟེར་ནས་བཤད་སོང་། ངས་དེ་ལ་དེ་ནི་རྒྱ་ནག་སྲིད་གཞུང་གི་ལྟ་ཚུལ་རེད། ཡིན་ཡང་། ད་ལྟའི་འཆར་ང་ཚོའི་༧རྒྱལ་བ་རིན་པོ་ཡིས་རྒྱ་ནག་སྲིད་གཞུང་གིས་བོད་ལ་རང་དབང་སྤྲད་པ་ཡིན་ན། རྒྱའི་མངའ་ཁུངས་སུ་བསྡོད་རྒྱུར་རེ་བ་ཡོད་ཅེས་གསུང་གི་ཡོད་པ་རེད་ཅེས་བཤད་དུས་སུ། ཁོས་དེ་རེད། བོད་འདི་ཤང་ཀང་ལྟ་བུ་ཞིག་ཆགས་ཡིན་ན་ཡག་པོ་འདུག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་བྱས་པ་ཡིན་ན་ཟེར། ངས་རེད་རེད། འོན་ཀྱང་། ད་ལྟའི་སྲིད་གཞུང་འདིས་བྱེད་སྟངས་ལ་བལྟས་པ་ཡིན་ན་ཁག་པོ་རེད་ཅེས་བཤད་པ་ཡིན།
གང་ལྟར། དེ་ནས་བཟུང་ཁོས་ཐབ་ཚང་ནང་ནས་ལས་མི་གཞན་དག་དང་ལྷན་དུ་ལས་ཀ་འགྲིག་མིན་སོགས་ཕྲན་པུ་རེ་བྱུང་དུས་སུ། ཁོས་ང་ཚོ་ཀྲུང་གོ་བ་ཚོས་ནམ་ཡང་མཐོང་ཆུང་གསེད་མི་སྲིད་ཟེར་ནས་ང་ལ་ཡང་ཡང་བཤད་ཀྱི་ཡོད། ངས་དེ་ལ་གཏན་ནས་ལན་འདེབས་བྱེད་འདོད་མེད་པར་བཞག་པ་ཡིན། ཁ་རོག་གེར་བསྡོད་ཀྱི་ཡོད། རྒྱུ་མཚན་ནི་ཁོ་རང་གིས་ཀྲུང་གོ་རྒྱལ་ཁབ་ནི་ད་ལྟའི་འཆར་སྟོབས་ཆེན་རྒྱལ་ཁབ་དང་འཛམ་གླིང་སྟེང་གི་ཆེས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཞིག་ལ་འཁྲུལ་ནས་ཡོད་པའི་ཡིད་ཆེས་ཤིག་བྱེད་ཀྱི་ཡོད་པ་དེར་ངས་རྒྱ་སྐད་ཀྱི་སྟེང་ནས་གོ་བརྡ་གསལ་བོ་ཞིག་སྤྲོད་ཐུབ་ཀྱི་མེད་སྟབས། ངས་རྩོད་པ་ཙམ་ཞིག་ཁོ་ལ་བྱས་པ་དེར་དོན་སྙིང་མེད་པར་མཐོང་སོང་། ཡིན་ཡང་། སྤུན་ཟླ་ཚོ། ང་ཚོ་ཀྲུང་གོ་བ་རེད་དམ།
ལན་གང་ཡང་མ་ལོག་པར་དུས་ཡུན་རིང་བོ་ཞིག་སོང་སྟབས། ཁོས་ད་ལྟའི་འཆར་ལས་མི་གསར་བ་རེ་སླེབས་ནས་མི་རེ་རེ་བྱས་ན་གང་ནས་སླེབས་མིན་སྐད་ཆ་དྲིས་དུས་སུ། ཁོས་ང་རང་བོད་ནས་ཡོང་བ་རེད་ཟེར་ནས་ཁོང་ཚོ་ལ་འགྲེལ་བཤད་རྒྱག་གི་ཡོད་པ་རེད། ལྷག་པར་དུ་ཁོས་ང་རང་ལ་ལག་ཁྱེར་གང་ཞིག་ཡོད་མེད་སྐོར་དྲིས་པ་དེར། ང་རང་ལ་ནི་སྐྱབས་བཅོལ་བའི་ལག་ཁྱེར་ཡོད་པ་རེད། དེ་ནི་རྒྱ་གར་གཞུང་གིས་རོགས་སྐྱོར་འོག་ནས་ཐོབ་པ་ཞིག་རེད་ཅེས་བཤད་པ་ཡིན། ང་རང་གི་སྐྱེ་ཡུལ་དྲིས་པ་དེར། ད་ལྟའི་འཆར་རྒྱ་ནག་གི་ཀན་སུ་ཞིང་ཆེན་དུ་ངེས་འཛིན་བྱེད་པ་དེ་རེད། དེ་ནི་བོད་ཡུལ་ཡིན་པ་ལས་རྒྱ་ཡུལ་མ་རེད་ཅེས་བཤད་པ་དེར་ཁོས་ཀྱང་སྐད་ཆ་མང་བོ་ཞིག་བཤད་མ་སོང་། སྤུན་ཟླ་ཚོ། ཁྱེད་ཅག་གི་བསམ་བློ་ཞིག་གཏོང་དང་། ང་ཚོ་ཀྲུང་གོ་བ་རེད་དམ།
ཨ་རོ། ཁྱོད་གང་ཞིག་ན་ཡོད། དཀོན་མཆོག་མཁྱེན། ས་དེ་ནས་ཁྱོས་སློབ་ཡོན་མ་སྤྲད་པར་སྐད་རིགས་གསུམ་སྦྱངས་ཐུབ་ཀིན་ཡོད་དམ། ངོ་མ་བཀའ་དྲིན་ཆེ། རྩོམ་ཡིག་འདིས་ང་ལ་གོ་བ་མང་པོ་ཞིག་སྤྲད་སོང་།
ཁྱེད་ཀྱི་བྲིས་པའི་རྩོམ་ཡིག་དེ་ཀློག་པས་ངས་ངེད་ཀྱི་གཅུང་པོའི་ད་ལྟའི་འཚོ་བ་མིག་ལམ་དུ་འཆར་ནས་སྣ་ཁུག་ལ་ནད་ཆ་བཏང་བྱུང་དངོས་གནས་སྙིང་རྗེ། ཁོ་དང་ཁྱེད་ཀྱི་ལས་དབང་ད་དུང་གངས་ཕྲུག་མང་པོ་ཞིག་ལས་དབང་ལ་བསམ་གཞི་བྱ་དུས་སེམས་པ་དངོས་ནས་སྐྱོ་བྱུང༌། ངེད་ཀྱི་གཅུང་པོ་ཡང་ད་ལྟ་ནུའུ་ཡོག་ཏུ་ཟ་ཁང་ཞིག་གི་གཡོག་པོར་ཡོད། ཁོ་བོས་ཁ་པར་ནང་སྐད་བརྡ་མ་འཕྲོད་པས་དཀའ་ངལ་དང་རྒྱའི་མ་བྱན་གོས་དཀར་གྱོན་པ་རྣམས་ནས་མཐོང་ཆུང་ཟེར་དགོས་རྒྱུ་མ་ཟད་ལས་ཀ་ཁག་ཤོས་དང་ལས་ཡོན་ཉུས་ཤོས་བྱས་སྡད་ཡོད་ཟེར་བའི་སྐྱོ་གཏམ་ཁོ་ན་གླེང་།
ཁྱེད་རྣམས་ལ་སྨྲས་པ།
གངས་ཅན་པ་ཡི་ལས་དབང་མཐའ་ལ་ཐུག
གངས་སེང་ཚ་བོ་ལྗོན་པའི་གསེབ་ཏུ་འཁྱམས།
གངས་སེང་སྤྲེལ་བུའི་གཡོག་ཏུ་གྱུར་བའི་ཚེ།
གངས་རིའི་ལྷ་མོས་སྤྱན་གྱིས་མི་གཟིགས་ནམ༎།
ལམ་དབུ་མའམ་རང་སྲིད་རང་སྐྱོང་གི་རྩ་དོན་སྟེང་ནས་བལྟས་པ་ཡིན་ན་བོད་པ་ཚང་མ་ཀྲུང་གོ་བ་རེད་ཟེར་ཆོག གང་ཡིན་ཟེར་ན་སྔོན་མར་ཀྲུང་གོ་བ་ཞེས་པ་འདི་རྒྱ་རིགས་སྤྱིའི་མིང་ཞིག་ཡིན་སྲིད་མོད། ད་ལྟ་ཀྲུང་གོ་བ་ཟེར་བ་དེ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ནང་ལོགས་སུ་ཡོད་པའི་མི་རིགས་ང་དྲུག་གི་སྤྱི་མིང་ཞིག་རེད། མི་རིགས་སོ་སོར་ཕྱེས་ནས་གླེང་ནས་མིང་མ་འདྲ་བ་བེད་སྤྱོད་གཏོང་གིན་ཡོད་པ་སྟེ། རྒྱ་རིགས་ཚོས་ཀྱང་མི་རིགས་གླེང་དུས་ཧན་ཙོའུ་ཞེས་རྗོད་ཀྱིན་འདུག དེའི་ཕྱིར་གལ་སྲིད་ངེད་གཉིས་དབུ་མའི་ལམ་སྟེང་ནས་འཕྲད་པ་ཡིན་ན་ཁྱེད་རང་ཀྲུང་གོ་བ་འཁྲུལ་མེད་ཅིག་རེད་ལ་ང་རང་ཡང་ཀྲུང་གོ་བ་འཁྲུལ་མེད་ཅིག་རེད། ཡིན་ན་ཡང་གལ་སྲིད་ངེད་གཉིས་རང་བཙན་གཙང་མའི་སྲང་བར་ནས་ཐུག་པ་ཡིན་ན་ངེད་གཉིས་བོད་པ་རེད་མ་གཏོགས་ཀྲུང་གོ་བ་ཞིག་གཏན་ནས་མིན། དེའི་ཕྱིར་ཀྲུང་གོ་བ་ཞིག་བྱེད་ན་འདོད་དང་བོད་པ་ཞིག་བྱེད་འདོད་རང་རང་ལ་ཐུག་ཡོད་པ་རེད།
བུ་ལ་རྒྱལ་ཅན་ཞིག་དང་བོད་ཀྱི་ཆོས་དང་རིག་གཞུང་ཁོ་ནས་ཆེད་དུ་མི་ཚེ་གཏོང་མཁན་ཞིག་ཡིད་ཆེས་བྱེད་བཞིན་ཡོད། ཁྱེད་ལྟ་བུ་ཡོན་ཏན་ཅན་ཞིག་ཐབ་ཚང་ནང་ནས་མི་ཚེ་མི་གཏོང་མི་དགོས་བའི་སྨོན་ལམ།
བོད་འདི་ཀྲུང་ཀོ་རེད་ཟེར་ན་རྣམ་རྟོགས་འདྲ་ཟིག་ལངས་ཡོང་གི་ཡ། རྒྱ་རྒྱ་རེད། བོད་བོད་རེད། ངའི་ལྟ་བ་རང་བཙན་གཙང་མ་ཡིན། ང་ཚོས་ཉི་མ་གཅིག་རང་བཙན་ཏན་ཏན་རག་གི་རེད་བསམ་ཡོད། ངས་རང་བཙན་ཆེད་དུ་སྲོག་ཀྱང་གཏོང་ཐུབ། ལམ་དབུ་མ་ལ་ངོས་ལེན་མེད།
ཐུབ་བསྟན་ལགས་སྨྱོ་བཤད་མ་བྱེད་ཁྱོད་ཀྱི་རང་བཙན་དོན་དུ་སྲོག་བཏང་རྒྱུ་ཕར་བཞག་ཕྱག་ལས་
ཆཱུང་ཆུང་ཞིག་གནང་བ་ངའི་དེ་སྔ་གཏན་ནས་གོ་མ་མྱོང་གལ་སྲིད་ཁྱོད་རང་སེམས་ཤུགས་ཡོད་ན་ལས་ཀ་
གང་ཡང་བྱེད་ཆོག་གེ་རེད་དེ་མིན་དྲྭ་ཐོག་ཁ་བདེ་ལྕེ་བྱས་སྡད་ན་སྣང་བ་འགྲོ་གེ་མ་རེད་གོ་ཨི་བྱུང་ཐུབ་སྨྱོན་
ལགས།།ངའི་ལྟས་ན་ཁྱོད་རང་རང་བཙན་གྱི་དོན་དུ་སྲོག་གཏོང་རྒྱུ་ཕར་བཞག་སྲོག་གཏོང་དགོས་བསམ་པའི་
རྨི་ལམ་ཡང་བཏང་མ་མྱོང་བ་ཐག་ཆོད་ད་དུང་སྣང་བ་མི་འགྲོ་བའི་སྐད་ཆ་མ་མང།།།
སྤྱིར་ཡབ་མེས་བཙན་པོ་རྣམ་པས་རྒྱ་རྒྱ་ཡུལ་ན་བདེ་བོད་བོད་ཡུལ་ན་སྐྱིད་ཅེས་པར་ལྟར་ཆུ་མགོ་མི་གཅིག་ཁ་ཁ་དང་ཆུ་རྔ་མི་གཅིག་སོ་སོ་ཡིན་པ་བཤད་མ་དགོས་མོད། གུང་བྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད། ཞེས་གུང་བྲན་ཏང་བ་རྣམས་ཀྱིས་སྒྲོག་བཞིན་པ་ལྟར། གུང་བྲན་ཏང་གི་བཟོས་པའི་གུང་བྲན་ཏང་གཙོ་སྙིང་བྱས་པའི་ཏང་གི་ཆབ་སྲིད་རྩ་ཁྲིམས་ཀྱི་སྒྲོམ་གཞི་དེའི་འོག་ཏུ་འཛུལ། སྐར་མ་ལྔ་ཅན་གྱི་ཁྲག་མདོག་གི་དར་དམར་པོ་དེར་མགོ་བོ་བཏུད། དམར་ཤོག་བཟོ་ཞིང་ཡར་ལངས་ཀྱི་གླུ་ལེན་པར་ཁས་ཆེས། དབུས་སུ་སྒོ་མ་ལྔ་ཅན་གྱི་རྒྱ་མཁར་ཡོད་པའི་དམར་ཤོག་སྒེར་སྡེམ་གཞུང་གི་ངོ་རྟགས་མཚོན་པའི་རྒྱལ་རྟགས་གི་ངོས་བླངས་ཏེ། ཏང་གི་རྩ་ཁྲིམས་འོག་ཏུ་རང་སྐྱོང་བཙལ་བཞིན་པའི་བྲོས་བྱོལ་བོད་གཞུང་གི་ངོས་ཐད་ནས་བལྟས་ན། འུ་ཚོ་ཚང་མ་ཀྲུང་བོ་བ་ཆགས་ཚར་འདུག ཏང་གི་རྩ་ཁྲིམས་ཁས་བླངས་བའི་ཉིན་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་མི་སེར་མིན་ཞེས་བརྗོད་སྲོལ་ཡོད་པ་མ་རེད། བྲོས་བྱོལ་གཞུང་འདིས་ད་ལྟ་མགོ་ལག་རིམ་ལ་མ་བཅུགས་གོང་ནས་ཀྲུང་གོ་བ་ཡིན་པ་ཁས་བླངས་འདུག་ན། མ་འོངས་པ་ན་རྒྱ་ནག་ཏུའང་ཁས་བླངས་ཏེ་རྒྱ་མི་སྔོ་རིལ་ཞིག་བཅོས་ན་རྒྱ་རིགས་ཡིན་ཞེས་བརྗོད་འོང་བར་ཡང་བློ་དོགས་ཆེན་པོ་འདུག
རེད་ཡ། ཚེ་རིང་སྐྱིད་ཀྱིས་བཤད་པ་བཞིན་རེད།
སྤྱིར་ཡབ་མེས་བཙན་པོ་རྣམ་པས་རྒྱ་རྒྱ་ཡུལ་ན་བདེ་བོད་བོད་ཡུལ་ན་སྐྱིད་ཅེས་པར་ལྟར་ཆུ་མགོ་མི་གཅིག་ཁ་ཁ་དང་ཆུ་རྔ་མི་གཅིག་སོ་སོ་ཡིན་པ་བཤད་མ་དགོས་མོད། ཡིན་ནའང་། གུང་བྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད། ཞེས་གུང་བྲན་ཏང་བ་རྣམས་ཀྱིས་སྒྲོག་བཞིན་པ་ལྟར། གུང་བྲན་ཏང་གི་བཟོས་པའི་གུང་བྲན་ཏང་གཙོ་སྙིང་བྱས་པའི་ཏང་གི་ཆབ་སྲིད་རྩ་ཁྲིམས་ཀྱི་སྒྲོམ་གཞི་དེའི་འོག་ཏུ་འཛུལ། སྐར་མ་ལྔ་ཅན་གྱི་ཁྲག་མདོག་གི་དར་དམར་པོ་དེར་མགོ་བོ་བཏུད། དམར་ཤོག་བཟོ་ཞིང་ཡར་ལངས་ཀྱི་གླུ་ལེན་པར་ཁས་འཆེས། དབུས་སུ་སྒོ་མོ་ལྔ་ཅན་གྱི་རྒྱ་མཁར་ཡོད་པའི་དམར་ཤོག་སྒེར་སྡེམ་གཞུང་གི་ངོ་རྟགས་མཚོན་པའི་རྒྱལ་རྟགས་དེ་ངོས་བླངས་ཏེ། ཏང་གི་རྩ་ཁྲིམས་འོག་ཏུ་རང་སྐྱོང་བཙལ་བཞིན་པའི་བྲོས་བྱོལ་བོད་གཞུང་གི་ངོས་ཐད་ནས་བལྟས་ན། འུ་ཚོ་ཚང་མ་ཀྲུང་བོ་བ་ཆགས་ཚར་འདུག ཏང་གི་རྩ་ཁྲིམས་ཁས་བླངས་བའི་ཉིན་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་མི་སེར་མིན་ཞེས་བརྗོད་སྲོལ་ཡོད་པ་མ་རེད། བྲོས་བྱོལ་གཞུང་འདིས་ད་ལྟ་མགོ་ལག་རིམ་ལ་མ་བཅུགས་གོང་ནས་ཀྲུང་གོ་བ་ཡིན་པ་ཁས་བླངས་འདུག་ན། མ་འོངས་པ་ན་རྒྱ་ནག་ཏུའང་ཁས་བླངས་ཏེ་རྒྱ་མི་སྔོ་རིལ་ཞིག་བཅོས་ནས་རྒྱ་རིགས་ཡིན་ཞེས་བརྗོད་འོང་བར་ཡང་བློ་དོགས་ཆེན་པོ་འདུག
སྤུན་ཟླ་ཚོ། ངེད་ཅག་ཀྲུང་གོ་བ་བྱེད་མིན་དེ་ཡང་ཆབ་སྲིད་ཀྱི་གནད་དོན་དེ་ནི་ད་ལྟའི་རྒྱ་ནག་སྲིད་གཞུང་གི་གླེང་བཞིན་པ་དེར་ཁུངས་ཐུག་དགོས་པར་འདོད་ཀྱི་ཡོད་དམ། ཡང་ན། བོད་གཞུང་གིས་གང་གསུངས་པ་དེར་ཁུངས་ཐུག་དགོས་ཀྱི་ཡོད་པ་རེད་དམ། ཡང་ན། བོད་ཀྱི་ལོ་རྒྱུས་ལ་ཁུངས་ཐུག་དགོས་ཀྱི་ཡོད་པ་རེད་དམ། དེ་ཡི་ཐད་དུ་སྤུན་ཟླ་དག་གིས་རང་རང་གི་གང་བསམ་ལྷུག་པོར་གསུང་རོགས་ཞུ།
ཁྱོད་ཀྱིས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་ བྲོ་བ་སྤྲད་པས ཡིད་ལ་མང་པོ་ཞིག་ཤེར་ནས་སེམས་པ་སྐྱོ་ལྷང་ལྷང་བྱུང་།
ཁྱོད་རང་ཁྲི་ཀ་ནས་ཡིན་ནམ་ ངས་གོ་ཐེས་ལ་ཁྱོད་རང་ཁྲི་ཀ་ནས་ཡིན་པར་བཤད
བློ་བཟང་ལགས། ཉིད་ནས་བསྟོད་བསྔགས་གནང་བ་དེར་བཀའ་དྲིན་ཆེ། ང་རང་ཁྲི་ཀ་ནས་མིན།
སྐབས་འདི་དང་འབྲེལ་བ་དེ་ཙམ་མེད་པ་ཞིག་སྟེ། བོད་པའི་གཞས་པ་གྲགས་ཅན་བཀྲས་ཆུང་ལགས་ནས་གཙོ་ཁྲིད་བྱས་པའི་བོད་པའི་ལོ་རྒྱུས་སྟེང་གི་བོད་རིགས་བྱིས་པའི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་སེམས་གཞས་ཞེས་པ་དེ་མི་འགྱངས་པར་བྱང་ཨ་རིའི་བོད་རིགས་འདུས་སྡོད་ས་ཁུལ་གྱིས་གཙོས་པའི་སྤྱི་ཚོགས་སྟེང་འགྲེམ་སྤེལ་དང་སྐོར་སྐྱོད་བྱེད་རྒྱུ་རེད། གནས་ཚུལ་གསལ་བོ་གཤམ་གྱི་དྲ་རྒྱ་ལས་ཤེས་ཐུབ།
http://www.semshae.org
མགོ་རུལ་ལགས། ཉིད་ནས་དྲ་རྒྱ་ངོ་སྤྲོད་བྱས་པ་ལྟར་བདག་དེ་རུ་བསྐོར་ཉུལ་ཞིག་བྱེད་དུ་སོང་བ་ཡིན། འོན་ཀྱང་། སེམས་གཞས་ཟེར་བ་དེ་ནི་བོད་ཀྱི་བྱིས་པ་དག་གི་ཆེད་དུ་ཡིན་པ་འདྲ་བོ་ཞིག་མཐོང་མ་སོང་ལགས། གང་ཡིན་ཟེར་ན་བོད་ཀྱི་བྱིས་པ་དག་གི་ཆེད་དུ་ཡིན་ན་བོད་ཡིག་གི་སྟེང་ནས་དགོས་པ་ལས། དབྱིན་ཡིག་གི་སྟེང་ནས་དགོས་དོན་མེད་པ་ལྟ་བུ་ཞིག་ཚོར་སོང་། དེ་ནི་ཕྱོགས་རེས་པའི་སྐད་ཆ་མིན་ལགས། གང་ཡིན་ཟེར་ན་ང་ཚོ་བོད་མི་ཕྱི་རྒྱལ་ཁག་དུ་ཡོད་མཁན་དག་གི་བྱིས་པ་དག་གིས་བོད་ཀྱི་བྱིས་གླུ་མ་ཤེས་པ་དང་བོད་ཡིག་མ་ཤེས་པའི་དཀའ་ངལ་མང་མེད་ན་ཉུང་མེད་པ་ཡིན། དབྱིན་ཡིག་ནི་ཁོང་ཚོའི་མི་དགོས་ཟེར་ཡང་ཕ་མ་འཇོན་ཐང་ཡོད་པར་རང་ཉིད་ལ་ཡིད་ཆེས་བྱེད་མཁན་དེ་ཚོས་ཆུང་དུས་ནས་ཡག་པོ་ཞིག་སྤྱོང་དུ་བཅུགས་ཡོད་པ་རེད།
ལྷ་ཀླུ་གཉན་གསུམ་ལགས། བརྟག་བརྟན་གྱི་ལོ་རྒྱུས་ཤིག་ཡོད་པ་མ་རེད། ད་ལྟའི་འུ་ཅག་བོད་པའི་གཞུང་དམངས་ཀྱིས་བཞེངས་པའི་བྱ་བ་སྤྱོད་ལམ་ལས་ཀྱི་སྣེ་མ་མཐའ་དག་ཀྱང་། མ་འོངས་པའི་ལོ་རྒྱུས་སུ་འགྱུར་དགོས་པ་རེད། མི་རིགས་དང་རྒྱལ་ཁབ་ཀྱི་ཆག་རྒུད་མཐའ་དག་དེའི་རིགས་སུ་འདུ་བའི་མི་སྒེར་སོ་སོ་བའི་ཆག་རྒུད་ཡིན་པ་སྨྲ་མ་དགོས་པ་རེད། ཡིན་ནའང་། མི་སྒེར་སོ་སོ་བའི་བསམ་ཚུལ་ཙམ་གྱིས་རྒྱལ་ཁབ་དང་མི་རིགས་དེའི་སྤྱི་མོས་ཀྱི་བསམ་ཚུལ་མཚོན་ནི་མ་རེད། སྤྱི་མོས་ཀྱི་བསམ་ཚུལ་མཚོན་མཁན་དེ་རྒྱལ་ཁབ་དེའི་གཞུང་ངམ། ཡང་ན། མི་རིགས་དེའི་དབུ་འཁྲིད་མཁན་གྱི་ཚོགས་སྡེ་སྒྲིག་འཛུགས་ཀྱིས་མངོན་མཚོན་བྱེད་དགོས་ནི་རེད། དམངས་ཀྱིས་རང་གི་མོས་འདུན་ཇི་བཞིན་ཚབས་མཚོན་བྱེད་མཁན་གྱི་ཚོགས་སྡེ་ཞིག་གསོ་སྐྱོང་བྱེད་མ་ཐུབ་པ་དང་། མི་མང་གི་མངོན་འདོན་མཚོན་པའི་ཚོགས་སྡེ་དེས་མི་མང་གི་མངོན་འདོད་ཇི་བཞིན་ལས་དོན་སྒྲུབ་མ་ཐུབ་ན། དེ་བོད་རང་གི་སྐྱོན་རེད་མ་གཏོགས་གཞན་ལ་ཁག་འགེལ་ས་ཡོད་ནི་མ་རེད། ད་ལྟའི་འུ་ཅག་གི་གཞུང་གཞུང་ཡིན་པ། མང་ཚོགས་མང་ཚོགས་ཡིན་པ་སོ་སོར་འབྲེལ་མེད་ལྟ་བུའི་གཞུང་དམངས་ཡ་བྲལ་གྱི་འདུ་ཤེས་འདི་ལྟ་བུས། རང་བཙན་གྱང་ལོན་གི་མ་རེད་ལ། རང་སྐྱོང་ཡང་ལོན་གི་མ་རེད། དེར་བརྟེན། མི་དམངས་ཀྱིས་གཞུང་གི་བྱ་སྤྱོད་ལ་སྟངས་འཛིན་དང་། གཞུང་གིས་མི་དམངས་ཀྱི་རེ་འདུན་ལྟར་སྒྲུབ་དགོས་རྒྱུ་དེ་གལ་ཆེ་ནི་རེད། ངས་འདིར་བརྗོད་པའི་སྙིང་བོ་ནི། འུ་ཚོ་མི་དམངས་ཀྱི་ངོས་ནས་གཞུང་ལ་སྟངས་འཛིན་ནན་མོ་བྱ་ཐུབ་དགོས་རྒྱུ་དེ་ཡིན། འུ་ཚོ་ཚང་མས་རང་རང་ས་ནས་རང་སྣང་བག་ཡངས་ཀྱི་ཚོར་བ་འདྲ་གླེང་ནས་བསྡད་ན་ལྷག་སོ་མ་ཅང་ཡོང་རྒྱུ་ཡོད་ནི་མ་རེད་བསམ་གི། འདི་ངའི་བསམ་ཚུལ་ཡིན།