_____རྭ་འཕྲིན ༼ཨ་རི༽
འཕགས་པ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བ། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དྲིན་དང་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས། རྒྱལ་ཕྱི་ནང་ཀུན་ཏུ་གནས་བའི་བོད་མི་ཐམས་ཅད་ཀྱིས་རང་ཉིད་བོད་པ་ཞིག་ཡིན་ཞེས་དེང་སྐབས་འཛམ་གླིང་གོ་ལ་ཟླུམ་པོའི་ཐོག་ངོམ་ཆོག་ཆོག་ཅིག་དང་། མི་རིགས་གཞན་དག་གི་མདུན་ནས་ཡང་རང་ཉིད་ཡིག་རྨོངས་པ་ཞིག་ཡིན་ནའང་། ངོ་གནོང་མི་དགོས་བའི་གདེང་སྤོབས་ཤིག་བསྐྲུན་ཡོད་པ་རེད། བོད་གངས་ཅན་པའི་ལོ་རྒྱུས་དང་། ལྷག་པར་དུ་འདས་བའི་བགྲང་བྱ་དྲུག་བཅུ་ལྷག་གི་ནང་དུ་བོད་མི་རིགས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་ཡོད་པ་སྨྲོས་མ་དགོས་པ་རེད།
དེར་བརྟེན་༧གོང་ས་མཆོག་གི་བཀའ་དྲིན་དང་ཐུགས་རྗེའི་ཆ་ཤས་ཙམ་ཡང་རང་རེས་སྐྱེ་བ་བརྒྱ་ཕྲག་དུ་མར་བླངས་རུང་གཞལ་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད། ཡིན་ན་ཡང་ང་ཚོས་ནམ་རྒྱུན་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བ་ཞེས་སྨོན་ལམ་འདེབས་དུས་༧གོང་ས་མཆོག་དོན་ལ་སྤྱན་རས་གཟིགས་ཡིན་ཡང་། སྣང་ཚོད་ལ་མིའི་རྣམ་པ་བསྟན་པའི་འགྲོ་བ་མི་ཞིག་ཡིན་པ་དང་། མིའི་ཚེ་ཚད་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ཡོད། དེས་ན། ཁ་དཔེ་ཞིག་ལ། རེ་བ་མཐོ་སར་རྒྱག་དགོས་ལ། གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་ཟེར་བ་ལྟར། ཁོ་བོས་ཀྱང་ང་ཚོ་བོད་མི་རིགས་ལ་མ་འོངས་བར་དཀའ་ངལ་ཅི་ཞིག་འཕྲད་ངེས་པ་དང་པ། ཡང་ན་འཕྲད་སྲིད་པ་སོགས་གནད་དོན་ཁ་ཤས་ཤིག་གི་སྐོར་ལ་བསམ་ཚུལ་ཐུང་ངུ་ཞིག་བརྗོད་འདོད་པ་ནི་འདི་ལྟར།
གསར་འགྱུར་ཁག་ལས། སྤྱི་ལོ་ཉིས་སྟོང་དུ་མའི་ཟླ་དང་ཚེས་པ་ག་གེ་མོ་ཞིག་ལ་ཐོན་པའི་གནས་ཚུལ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད༧ སྤྱི་ནོར་༧ གོང་ས་ཡིད་བཞིན་གྱི་ནོར་བུ་མཆོག་བཞུགས་སྒར་རྡ་རམ་ས་ལར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་སྐུ་གཤེགས་འདུག་ལ། བོད་ཀྱི་ཆོས་རིག་ལས་ཁུངས་བརྒྱུད་ཆོས་རྒྱུད་ཁག་གི་དབུ་ཁྲིད་རྣམ་གཙོ་བྱས་ནས་དགེ་འདུན་པ་ཁྲི་ཕྲག་དུ་མས་གཞི་རྒྱ་ཧ་ཅང་ཆེན་པོའི་ངང་ནས་སྨོན་ལམ་དང་གདུང་མཆོད་སོགས་རྒྱས་པ་མཛད་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཨ་རི་དང་ཁེ་ན་ཊ། ཡུ་རོབ་མནའ་འབྲེལ་རྒྱལ་ཁབ་ཡོངས་དང་། ཉི་ཧོང་སོགས་ཤར་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་ཡིད་སྐྱོ་བའི་གནས་ཚུལ་འདི་ལ་གདུང་སེམས་མཉམ་སྐྱེལ་གྱི་མྱ་ངན་ཞུས་པ་དང་ཆབ་ཅིག་ཏུ། འཛམ་གླིང་ཕྱོགས་ཡོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཇེ་ཉུང་དུ་སོང་ཡོད་པ་དང་། དེ་བཞིན་དུ་ནུས་པ་ཡང་ཇེ་ཆུང་དུ་ཕྱིན་ཡོད་པའི་གནས་ཚུལ་ཀྱང་ཐོན་འདུག
ཁྱད་པར་དུ་ཨ་རིའི་སྲིད་འཛིན་བྷ་བྷ་པཱོ་ལགས་ཀྱིས་གསུངས་དོན། ༧ སྤྱི་ནོར་༧ གོང་ས་ཆེན་པོ་མཆོག་གིས་ང་ཚོ་འགྲོ་བ་མིའི་རིགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་ལ། ཁོང་སྐུ་གཤེགས་པའི་གནས་ཚུལ་འདིས་འགྲོ་བ་མི་ཡོངས་ལ་གྱོང་གུད་ཧ་ཅང་ཚབས་ཆེན་པོ་ཐེབས་ཡོད་ཅེས་༧ གོང་ས་མཆོག་གི་མཛད་འཕྲིན་དང་བྱས་རྗེས་ལ་གདེང་འཇོག་ཚད་མཐོ་བྱས་འདུག། བོད་པ་ཚོ། དེ་དུས་ང་ཚོ་ངུ་རྒྱུ་དང་ཡང་ན་ལག་གཉིས་ཐལ་མོ་སྦྱར་ནས་གནམ་ལ་བལྟས་ཏེ་སྨོན་ལམ་འདེབས་རྒྱུ་ལས་ཅི་ཞིག་བྱེད་ཐུབ་བམ། བསམ་བློ་གཏོང་ཨེ་མྱོང་། གངས་ཅན་པ།
མགོ་ནག་བོད་ཀྱི་ཉི་མ་སེར་པོ་དེ་ནུབ་སོང་། རྒྱ་དམར་གཞུང་ལ་སྐྱིད་པའི་ཉི་མ་ཞིག་ཤར་སོང་། གནས་ཚུལ་འདི་འཛམ་གླིང་གི་གསར་ཁང་ཆེ་ཤོས་ཁག་CNN BBC CCTV སོགས་དང་། དྲ་རྒྱ་ཁག་མིག་གིས་མཐོང་རྒྱུ་ཡོད་པ་གང་ནས་ཡིན་ན་གསལ་བཤད་དང་ཁྱབ་བསྒྲགས་འབྲུག་སྒྲ་གྲག་པ་བཞིན་བྱས་འདུག་པས། སྐབས་དེར་གསར་འགྱུར་དང་དྲ་ལམ་ཁག་ལ་ལྟ་མི་ཕོད་པ་ཞིག་ཡིན། དངོས་གནས་རེད་འདུག ནོར་མི་སྲིད་ཞེས་བོད་མི་རྣམས་ཧོན་འཐོར་ཏེ་རེ་ཐག་ཆད། ཡིད་སྐྱོ་བའི་གནས་ཚུལ་འདི་འདྲ་ཞིག་བྱུང་ཚེ། སོ་སོས་ལག་པ་བྲང་ལ་གླན་ནས་བསམ་བློ་ཞིག་ཐོངས་དང་། མགོན་སྐྱབས་དང་དཔུང་གཉེན་བྲལ་བའི་བོད་མི་ཞིག་ཡིན་པའི་ཆ་ནས་དོན་དངོས་སུ་རང་གི་མགོན་སྐྱབས་དེ་སུ་ཡིན་པ་དང་། རང་གི་མི་རིགས་འདི་སུས་སྐྱོབ་དགོས་པ་གཞི་ནས་རྟོགས་སྲིད་ལ། སྐབས་དེར་ང་ཚོ་རང་གི་རྐང་པའི་ཐོག་ནས་རང་ཉིད་ལངས་ཐུབ་བམ། ཁ་བ་བོད་པ།
ཡང་CCTV ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ས་པེ་ཅིན་ནས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་འཐུས་མི་ལས་བྱེད་ཁ་ཤས་དང་བོད་རང་སྐྱོང་ལྗོངས་མི་དམངས་སྤྱི་ཁྱབ་པུའུ་པུའུ་ཀྲང་ཉི་མ་བཀྲ་མི་ཤིས་སོགས་ནས་༧ གོང་ས་མཆོག་སྐུ་མྱ་ངན་ལས་འདས་པའི་གནས་ཚུལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་དགའ་སྤྲོ་ཆེན་པོའི་ཉམས་འགྱུར་ངང་ནས་མྱ་ངན་ཞུས་པ་དང་ཆབ་ཅིག་ཏུ། ཁོང་གིས་གསུངས་དོན། སྤྱི་ནོར་༧ གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་བ་ཏང་ཀྲུང་དབྱང་གཙོས་ང་ཚོ་ཀྲུང་ཧྭ་མི་དམངས་ཡོངས་དང་སྔོན་མ་ནས་ཁ་བྲལ་ཆགས་ཡོད་ལ། ད་ལྟ་ང་ཚོ་དང་གཏན་དུ་ཁ་བྲལ་སོང་བ་རེད། ཡིན་ནའང་མི་འགྱངས་པར་༧ གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་ཆེན་མོ་ང་ཚོ་དང་སླར་ཡང་མཇལ་ངེས་པས། ཚང་མས་སེམས་པ་ལྷོད་ལྷོད་ངང་ནས་རེ་སྒུག་བྱེད་ཆོག་ཅེས་གསུང་བཤད་གནང་ཡོད་པ་དང་། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་ཀུན་གཟིགས་པན་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་བོ་མཆོག་གིས་ལྷ་ས་ནས་གསུང་དོན། སྤྲུལ་སྐུ་ངོས་འཛིན་སྐོར་ལ་ལོ་རྒྱུས་ཁྲོད་ནས་ཁོང་རྣམ་པ་གཉིས་ནས་ཕན་ཚུན་ལ་ཐུགས་ཐག་གཅོད་རྒྱུའི་ལུགས་སྲོལ་དང་བརྒྱུད་རིམ་ཞིག་སྔོན་མ་ནས་ཡོད་ལ། ཐེངས་འདིར་ཡང་༧ གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་མཆོག་མི་འགྱངས་པར་ང་ཚོ་དང་སླར་མཇལ་ཡོང་བའི་སྨོན་ལམ་རྒྱག་གི་ཡོད་ལ། ཁོང་སྐུ་ཉི་མ་གཞོན་ནུ་ཅིས་ཀྱང་ནས་འཚོལ་ཐུབ་པའི་ཡིད་ཆེས་ཀྱང་བརྟན་པོ་ཡོད་ཅེས་གསུང་འཕྲིན་གནང་། བོད་པ་ཚོ། ༧ གོང་ས་མཆོག་ང་ཚོའི་འཚོལ་དགོས་ལ་ཁོང་ཚོའི་ཡང་བཙལ་ཆོག། རྗེས་སུ་དཔལ་འབྱོར་དང་དབང་ཤུགས་སུ་ལ་ཆེ། དེ་དུས་ཀྱི་༧ གོང་ས་མཆོག་༧ གོང་ས་བཅུ་བཞི་བ་ལས་ལྷག་ཅིག་དང་ཡང་ན་ཁོང་འདྲ་བའི་ནུས་སྟོབས་ཅན་ཞིག་ཡིན་ནམ། རེ་ཐག་གཏད་ས་སུ་ཡིན། ཆོས་ལྡན་བོད།
དེ་དང་ཆབ་ཅིག་ཏུ། དོལ་རྒྱལ་ཚོགས་པར་གོ་སྐབས་འགྲིག་འགྲོ། གོང་ཁྲན་༧གོང་སའི་གོ་ས་བརྟན་འགྲོ། དེ་ཡང་ཁ་སང་སྟེ། སྤྱི་ལོ་ཉིས་སྟོང་དུ་མའི་ཟླ་ག་གེ་མོར། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་མཆོག་དགུང་ལོ་དུ་མར་སླེབས་རྗེས། པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་དང་ལྷན་དུ་རྒྱལ་ས་པེ་ཅིན་ནས་ཐེངས་དུ་མའི་ཚོགས་ཆེན་ག་གེ་མོའི་སྐབས་སུ་གསུང་དོན། དོལ་རྒྱལ་ལམ་རྒྱ་ཆེན་ཤུགས་ལྡན་ནི་ལོ་རྒྱུས་ཀྱི་ཁྱབ་ཁོངས་ནས་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་བསྟན་སྲུང་ཅིག་ཆགས་ཡོད་ལ། ང་ཚོས་ཀྱང་མུ་མཐུད་ནས་སྲུང་མ་འདི་ལ་སྐྱབས་བསྟེན་དང་འཕྲིན་བཅོལ་བྱེད་དགོས་ཞེས་གསུང་བཤད་ནན་མོ་གནང་ཡོད་པ་དང་། དུས་དེ་ནས་དོལ་རྒྱ་མཉམ་འབྲེལ་གྱི་བསྟན་པ་སྤྲིན་ནག་དང་དུག་ཚེར་བཞིན་བོད་ཡུལ་དུ་དར་ཏེ་བོད་ཁམས་ཡོངས་རྫོགས་མུན་ནག་གིས་ཁེངས། བོད་པ་ཚོ། ངན་འབྲེལ་བྱས་སོང་། མནར་གཅོད་མྱོང་རན། དེ་བས་ད་ལྟ་ནས་གོ་སྐབས་དམ་འཛིན་བྱས་ཏེ་མཐུན་སྒྲིལ་གྱི་ལག་གདང་མ་དོར། བསམ་ཤེས་བྱོས་དང་ཚང་མ་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་བོད་པ་མ་ཡིན་ནམ། རྩམ་ཟན་བོད།
ཚོར་བ་རྣོན་པོའི་མི་སེམས་ཁྲི་ཕྲག་འགུལ་ཏེ། ཕྱི་ནང་ཀུན་ནས་ལས་འགུལ་སྣ་མང་སྤེལ་བ། གནས་ཚུལ་འདི་བྱུང་བ་དང་ཉི་མ་དེ་ནུབ་པ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ཁྲོད་ལ་རྩོམ་པ་པོ་དང་སྙན་ངག་པ་སྔར་ལས་མང་པོ་ཞིག་བྱུང་སྟེ། གསར་ཤོག་དང་དྲ་ལམ་ཁག་གང་ས་གང་དུ་སྨྲེ་ངག་གིས་ཁེངས་ཡོད་པ་ཞིག་བཟོ་ཐུབ་པ་དང་། རིག་གནས་ཀྱི་ཆུ་ཚད་ཞན་ཡང་ལ་རྒྱ་ཡིས་སྙིང་སྟོབས་ལྡན་པའི་བོད་ཀྱི་གླུ་བ་གླུ་མ་མང་ཙམ་ཞིག་གིས་ཀྱང་ངུ་ངག་དབྱངས་སུ་འཐེན་ཞོར་རྒྱ་མིའི་བཙོན་དུ་ཆས་འགྲོ། དེ་དུས་སྐད་ཆ་ཚང་མ་སྡུག་སྨྲེ་ཡིན་ལ། གླུ་གཞས་ཐམས་ཅད་སྐྱོ་གླུ་ཡིན། བོད་ཕྱི་ནང་གཉིས་ནས་སེམས་ཚོར་ཆེན་པོའི་ངང་རྒྱ་ནག་ལ་ངོ་རྒོལ་དང་སྐད་འབོད་སོགས་ཀྱིས་ལས་འགུལ་སྔར་ལས་ཆེ་བ་མང་པོ་ཞིག་སྤེལ་ཐུབ་སྲིད་ལ། འོན་ཀྱང་སེམས་སྡུག་ལ་རྙིང་རྒྱུ་ཡོད་པའི་དཔེ་ལྟར་དུ། སེམས་ཚོར་དེ་དུས་ཡུན་ཧ་ཅང་རིང་པོར་གནས་མི་ཐུབ་སྙམ།
སེམས་ཚོར་དེ་ཡལ་བ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ཇེ་ཆུང་དང་མི་འབོར་ཇེ་ཉུང་དུ་སོང་སྟེ་རང་གཞུང་དང་མི་དམངས་ད་སྐབས་དང་བསྡུར་ན་ཕྱེད་ཀ་ཙམ་ལྷག་མ་ལྷག་ཅིག་ལས་ཡོད་པར་མི་འདོད་དོ། གསར་འབྱོར་བའི་རྒྱུན་ཆད། སློབ་གཉེར་བ་དག་ཕྱིར་བོད་དུ་ལོག བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་གཞོན་སྐྱེས་མང་ཆེ་བ་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་ཕྱིན། ཤུལ་འཛིན་རྒན་རབས་པ་ཚོ་ཁང་སྟོང་རེ་རེའི་ནང་ནས་ཁུ་སིམ་བུར་ཤི་ཚར་དུས་གཞིས་ཆགས་མང་ཆེ་བ་དུར་ས་ལྟ་བུར་འགྱུར་ངེས་ལ། དེ་དུས་བོད་མིའི་སྒྲིག་འཛུགས་སྔར་ལས་ཀྱང་ནུས་མེད་ཉམ་ཐག་པ་ཞིག་ཏུ་འགྱུར་བར་མ་ཟད། འཐབ་ཕྱོགས་དང་ལངས་ཕྱོགས་གང་ལའང་ངེས་པ་མེད་པར་སྦྲང་མ་མགོ་མེད་ཅིག་དང་མཚུངས། དེ་དུས་རྩ་དོན་ཅི་ཞིག་ཡིན། ལྟ་བ་དང་ལངས་ཕྱོགས་གཅིག་གྱུར་ཡིན་ནམ། དེ་བས་ད་ལྟ་ནས་ཆོས་བརྒྱུད་དང་ཆོལ་ཁའི་ཕྱོགས་རིས་དོར་ཏེ། ལྟ་བ་དང་ལངས་ཕྱོགས་གཅིག་གྱུར་ཞིག་ལ་དམིགས་ཏེ་དབུ་ཁྲིད་ཉི་མ་ལྟ་བུ་ཁོང་གི་རྗེས་སུ་འབྲངས་ཐུབ་ན་མི་ལེགས་སམ། རང་ཉིད་བོད་པ་ཞིག་ཡིན་པར་ཁས་ལེན་ཚེ་ང་ཚོ་ཐུན་མོང་གི་དཀའ་ངལ་དེ་གང་ཡིན་པ་མ་བརྗེད་རོགས། གདོང་དམར་བོད།
༧ གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་དུ་མ་ཞིག་འཇིག་རྟེན་དུ་བྱོན་སྲིད་ལ། དེ་དང་མཉམ་དུ་བོད་མི་ཐམས་ཅད་ཀྱང་དུམ་བུ་མང་པོར་གྱུར་ཏེ་འཛམ་གླིང་ཡུལ་གྲུ་གང་སར་འཐོར། ཕྱོགས་ཁ་ཤས་ནས་༧གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་བུད་མེད་ཅིག་རེད་ཅེས་གསར་འགྱུར་ནང་ཐོན་པ་དང་། ཡང་ཁག་ཅིག་གིས་བྱང་ཨ་ཧྥི་རི་ཀར་འཁྲུངས་ཡོད་རབས་བཤད་པ་སོགས་གླེང་སློང་མོད་པོ་ཞིག་གི་ཁྲོད་ནས་ང་ཚོའི་༧ གོང་ས་མཆོག་གི་ནུས་པ་ཡང་ཧ་ཅང་ཆུང་ཆུང་ཞིག་ཏུ་འགྱུར་ངེས། དེ་དུས་བོད་མི་རྣམ་གྱིས་༧ གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་དྲན་ནས་མིག་ཆུ་འདོན་པ་དང་། ལ་ལས་༧ གོང་ས་མཆོག་བཅོ་ལྔ་བ་འདི་ངོ་མ་མ་རེད། སྐུ་སྔོན་མ་བཞིན་གདུལ་བྱ་རྒྱས་ཐུབ་ཀྱི་མི་འདུག་ཟེར་ནས་རེ་ཐག་ཆད་ཅིང་དད་ལོག་བྱེད་པ་དང་། ཡིད་ཆད་པ། ངོ་རྒོལ་བྱེད་རྒྱུ་ལ་སོགས་ཀྱི་གནས་ཚུལ་ཀྱང་རིམ་གྱིས་འབྱུང་སྲིད་དོ།
སོམས་དང་། ཤ་ཁྲག་རུས་གསུམ་བོད་ལས་ཆད་པའི་ཁ་བ་གངས་ཅན་པའི་སྤུན་ཟླ་ཕུ་ནུ་མིང་སྲིང་རྣམ་པ་ལགས། ཁྱད་པར་དུ་ཡུལ་གྱར་བའི་བོད་མི་རྣམ་པ། དུས་འདི་འདྲ་ཞིག་ལ་སླེབས་ཚེ་ང་ཚོ་རྡོག་རྩ་གཅིག་དྲིལ་གྱི་ངང་ནས་གདོང་ལེན་ཇི་ལྟར་བྱ་དགོས་སམ། ཐུགས་བསམ་རེ་གཏོང་ཨེ་མྱོང་། ད་ལྟ་ང་ཚོར་མི་ལོ་བཅོ་ལྔ་ནས་ཉི་ཤུ་ཡས་མས་ཤིག་ལ་གྲ་སྒྲིག་དང་ལག་བསྟར་བྱེད་ཁོམ་འདུག་ལ། ད་ནས་བཟུང་དོན་རྐྱེན་འདི་དག་ལ་སྔོན་འགོག་ཇི་ལྟར་བྱ་དགོས་མིན་ཐད་ལ་བསམ་བློ་རེ་གཏོང་ཐུབ་ན་ད་དུང་ཕྱི་མི་འདུག་བསམ། བྱས་ཙང་། ཁོ་བོས་ཀྱང་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་འདི་དག་དབང་མེད་དུ་ཤོར་སོང་བས་ཐུགས་དང་འགལ་ན་དགོངས་སེལ་ཞུ་རྒྱུ་ཡིན།
རང་ཉིད་ལ་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གང་ཅིའི་ཐད་ནས་ཧ་ཅང་སྐྱོ་ཡང་། བོད་ཀྱི་འདས་མ་འོངས་ད་ལྟ་གསུམ་ལ་བསམ་བློ་རྟག་ཏུ་གཏོང་མཁན་ཞིག་ཡིན། བདག་གི་བསམ་ཚུལ་ལ་ཆོལ་གསུམ་གཅིག་དྲིལ་གྱི་ནུས་པ་ཞིག་དངོས་སུ་ཐོན་དགོས་ན་ཐོག་མར་མདོ་དབུས་ཁམས་གསུམ་ཕྱོགས་སོ་སོ་ནས་སྐྱིད་སྡུག་ཚོགས་པ་བརྟན་པོ་རེ་རྩ་འཛུགས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་། ཅིའི་ཕྱིར་ཞེ་ན། གོང་བུ་གསུམ་བརྟན་པོ་ཆགས་ཐུབ་པ་ཡིན་ན་ད་གཟོད་གོང་བུ་གཅིག་ཏུ་བསྡུ་སླ་ལ། ད་ལྟའི་ཆར་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ཕར་བལྟས་པ་ཙམ་གྱིས་གཅིག་གྱུར་ཡིན་མདོག་ཁ་བོ་ཞིག་ཏུ་མཐོང་ན་ཡང་། དོན་གྱིས་མི་རེ་རེ་བཞིན་དུ་ནུས་པ་ཞིག་འདོན་དགོས་ན་ཤིན་ཏུ་ཁག་པོ་ཆགས་བསྡད་ཡོད་རེད་སྙམ།
གལ་ཏེ་སྐྱིད་སྡུག་ཚོགས་པ་ཆེན་པོ་གསུམ་རྩ་འཛུགས་བྱེད་ཐུབ་པ་ཡིན་ན། ད་གཟོད་ཕྱི་སྡོད་བོད་མི་ཡོད་དོ་ཅོག་གི་ནུས་པ་དེ་ཕྱོགས་གཅིག་ཏུ་བསྡུ་ལེན་བྱེད་ཐུབ་ཀྱི་རེད་བསམ། རྒྱུ་མཚན་ནི་དཔེར་ན། མདོ་སྨད་སྐྱིད་སྡུག་ཚོགས་པ་ཟེར་བ་ཞིག་ལ་ཆ་བཞག་ན། ད་སྐབས་ཕྱི་སྡོད་རྒན་རབས་པ་མང་པོ་ཞིག་ལ་དཔལ་འབྱོར་དང་ཤེས་ཡོན་གང་ཅིའི་ཐད་ནས་རང་མགོ་ཐོན་ངེས་ཀྱི་ཚོད་ཡིན། འདིའི་རིགས་ཀྱིས་མགོ་ཁྲིད་དེ་ཚང་མ་རུག་རུག་བྱས་ནས་ཚོགས་པ་རྩ་འཛུགས་བྱེད་དགོས་པ་རེད་བསམ། ཁོང་ཚོར་མཚོན་ན་ཚོགས་པ་ཞིག་ལ་མ་རྩ་གང་ལ་གང་འཚམ་ཞིག་འཇོག་དགོས་ན་ཡང་ཚད་ངེས་ཅན་ཞིག་གི་ཐད་ནས་དེ་འདྲ་ཁག་པོ་ཞིག་ག་ལ་ཡིན། རྗེས་སུ་ཚོགས་པ་རང་རང་གིས་བཀོད་སྒྲིག་བྱས་ནས་ཚོགས་དངུལ་བསྡུ་ལེན་དང་། ཕྱི་ཕྱོགས་ནས་ཚོང་ལས་སོགས་གཉེར་ཏེ། སྐྱོ་བོ་ལ་རོགས་རམ་དང་། ལག་རྩལ་དང་ཤེས་ཡོན་གང་འཚམ་ཡོད་མཁན་ཚོར་རམ་འདེགས་དང་རྒྱབ་སྐྱོར་གྱིས་ཁྱིམ་ཚང་གཅིག་གི་སྐྱིད་སྡུག་ལྟ་བུ་ཞིག་ཆགས་ཐུབ་ན། ད་གཟོད་མི་རེ་རེའི་ངོས་ནས་རང་ལ་ནུས་པ་གང་ཡོད་པ་དེ་སྤྱི་ལ་འདོན་ཐུབ་ཀྱི་རེད་བསམ།
དེ་མ་གཏོགས་ད་ལྟའི་ཆར་ང་ཚོ་བོད་མི་དམངས་མང་ཕྱོགས་ཀྱིས་རེ་བ་ཞུ་ས་ཉག་ཅིག་དེ་གཞུང་དང་༧ གོང་ས་མཆོག་ལ་གཏད་ནས་བསྡད་ཡོད་པ་ལས། རང་རང་སྒེར་གྱི་ནུས་པ་གང་ཡོད་དེ་ཕར་རང་གཞུང་དང་ཡང་ན་སྤྱི་ཚོགས་ལ་འདོན་ཐུབ་ཀི་ཡོད་མ་རེད་ལ། ཇི་ལྟར་འདོན་དགོས་མིན་གྱི་ཕྱོགས་ལ་བསམ་བློ་གཏོང་ཐུབ་མཁན་ཀྱང་ཧ་ཅང་ཉུང་བར་སྣང་། ཉི་མ་གཅིག་ལ་རེ་ཐག་དེ་ཆད་ཚར་དུས་གཞུང་སྒེར་གཉིས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་ལ་འཕྲད་རྒྱུ་ཡིན་པ་གདོན་མི་ཟའོ། །
ཁྱོད་དཔལ་འབྱོར་ཆེན་པོ་ཡོད་མཁན་ཞིག་ཡིན་ན་འདྲ། དབུལ་པོ་ཞིག་ཡིན་ཀྱང་རུང་། མཁས་དབང་ཡིན་ན་འདྲ། ཡིག་རྨོངས་པ་ཞིག་ཡིན་ཀྱང་ཆོག། ང་ཚོ་ལ་ཐུན་མོང་གི་དཀའ་ངལ་ཞིག་ཡོད་པ་དེ་གཅིག་མཚུངས་རེད། ཚང་མས་དཀའ་ངལ་འདི་ཁུར་ནས་ཤི་དགོས་པ་ཞིག་ཆགས་བསྡད་ཡོད་སྟབས། ད་ལྟ་ནས་ཚང་མའི་ནུས་པ་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་ཞིག་བཟུང་སྟེ། དཀའ་ངལ་འདི་སེལ་ཐབས་བྱ་རྒྱུ་དེ་ཚང་མའི་ཕྲག་ལ་བབས་པའི་འགན་ཁུར་རེད། སྐྱིད་སྡུག་ཚོགས་པ་ཞེས་མིང་འདི་མཐོང་ཡོང་དུས་ཁ་ཤས་ནས་བསམ་བློ་འདི་འདྲ་ཞིག་འཁོར་སྲིད། གལ་ཏེ་ཆོལ་ཁ་གསུམ་རེ་རེ་ནས་སྐྱིད་སྡུག་ཚོགས་པ་རྩ་འཛུགས་བྱས་ན་ཆོལ་ཁ་ཕན་ཚུན་གྱི་བར་ལ་འགལ་ཟླ་དང་འཐེན་ཁྱེར་ཆེ་རུ་འགྲོ་ཉེན་འདུག་བསམ་མཁན་ཡོད་མདོག་ཁ་བོ་རེད་མོད། འོན་ཀྱང་ང་ཚོ་ཚང་མའི་དམིགས་ཡུལ་དེ་གོང་བུ་གཅིག་ལ་དམིགས་ཡོད་པ་དང་། ཕྱི་ལོག་བོད་པ་ཚོ་ཁ་འཐོར་ལུང་འཐོར་དུ་མི་འགྲོ་བའི་ཆེད་ཁོ་ན་ཡིན་སྟབས། སྐྱིད་སྡུག་ཚོགས་པ་ལ་རྐྱེན་བྱས་ནས་འགལ་ཟླ་ཅི་ཡང་ཤོར་ཀྱི་མ་རེད་བསམ། འགལ་ཟླ་རྩ་བ་ཉིད་ནས་མེད་པ་ཞིག་ད་སྐབས་ཀྱང་ཡོང་ཐབས་མེད་དུས། བསམ་བཞིན་དུ་འགལ་ཟླ་བཟོ་མཁན་ཚོའི་གྲས་ནི་དུས་ནམ་ཡང་དེ་ག་རང་འཇོག་རྒྱུ་རེད་མ་གཏོགས་བྱ་ཐབས་བྲལ་ལོ།།
ཆོལ་ཁ་གསུམ་རེ་རེ་ནས་སྐྱིད་སྡུག་ཚོགས་པ་ཞིག་རྩ་འཛུགས་བྱེད་དགོས་པའི་དགེ་མཚན་གཙོ་བོ་གཞན་ཞིག་ཡོད་པ་ནི། མ་འོངས་པར་བོད་མི་རིགས་སྤྱི་དང་ཁྱད་པར་དུ་ཕྱི་སྡོད་བོད་མི་རྣམས་ཀྱིས་ནུས་ཤུགས་གཅིག་བསྡུས་བྱས་ཏེ། བཙན་བྱོལ་སྒྲིག་འཛུགས་འདི་བརྟན་པོ་ཆགས་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད་སྙམ། མི་དམངས་ཀྱི་ངོས་ནས་གཞུང་འདི་སྐྱོང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། དཔེར་ན། བོད་མི་རེ་རེའི་ངོས་ནས་རང་གི་ནུས་པ་གང་འདོན་ཐུབ་པ་དེ་སྐྱིད་སྡུག་ཚོགས་པ་ལ་བཏོན། ཚོགས་པའི་ནུས་པ་གཙོ་བོ་དེ་རང་གི་གཞུང་ལ་བཏོན།
འདི་ལྟར་བྱུང་བ་ན་དོན་གྱིས་བོད་མི་རེ་རེའི་ནུས་པ་དེ་ད་གཟོད་སྤྱི་ལ་འདོན་ཐུབ་ཀྱི་ཡོད་རེད་བསམ། དེ་མ་གཏོགས་བྱ་བ་གང་ཡིན་ན་གཞུང་གི་བཀོད་སྒྲིག་བྱས་ཨེ་ཡོང་། གཞུང་གི་འགན་རེད། མི་དམངས་ལ་དཀའ་ངལ་བྱུང་ཚེ་གཞུང་ལད་སོང་བ་རེད་ཅེས། རེ་བ་ཡོད་ཚད་གཞུང་ལ་གཏད་བསྡད་པ་འདི་ནོར་འཁྲུལ་རེད་བསམ། གཞུང་ལ་ཡོད་པའི་སྟོབས་ཤུགས་དེ་མི་དམངས་ཀྱི་ངོས་ནས་བསྐྲུན་དགོས་པས། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ལ་ནུས་པ་ཅི་འདྲ་ཞིག་ཡོད་མེད་དེ་མདོར་བསྡུས་ན་ཁྱོད་དང་ང་ལྟ་བུའི་བོད་མི་རེ་རེ་ལ་ཐུག་བསྡད་པ་ཞིག་ལས་གཞན་མ་མཆིས་སོ།། བོད་རྒྱལ་ལོ།།
སྤྱི་ལོ་༢༠༡༦ ལོའི་ཟླ་༢ ཚེས་ ༡༠ ཉིན།
བལྟས་ངན་བོ། རྟེན་འབྲེལ་མ་རབས། ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྔར་ནས་བཤད་པ་དང་གཅིག་པ་རེད།
རྭ་འཕྲིན་ཟེར་བ་འདི་སྤེན་ཚེའི་རྒྱུག་ཁྱི་ཅིག་མིན་ནམ་སྙམ། མ་གཏོགས་རྣམ་རྟོགས་ཟ་རྒྱུའི་གཏམ་ངན་ལས་མི་འདུག གཟིགས་དང་ད་སེམས་ལ་མི་དྲན་དགུ་དྲན་ཐང་པོ་མེད་པར་ཆགས་འདུག་གོ།
རྣམ་རྟོག་སློང་མཁན་གྱི་ཚིག་ཏུ་མཐོང་ཡང་། ཀུན་སློང་བཟང་པོ་དང་། ཐབས་ཤེས་ཤིག་གི་ཐོག་ནས་ཉེན་བརྡ་ཡང་། སེམས་ལ་མི་བཟོད་པ་ཅིག་ཐོན་འདུག་སྙམ་ལགས།
གོ་བའི་མྱི་ལ་བརྡ། རི་ཆེན་མགོ་ལ་ཐོ་ཡིན།
རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་མིན་གྱིས་བོད་མི་མང་གི་སྐྱིད་སྡུག་མདུན་ལམ་ལ་ཡག་ཉེས་ཁྱད་པར་ཆེན་པོ་ཡོང་གི་མ་རེད་བསམ་གི། སྤྱིར་ན་བོད་མི་མང་རང་ངོས་ནས་རྒྱལ་གཅེས་འགན་རང་འཁུར་གྱི་སྙིང་སྟོབས་ཤིག་སྐྱེ་དགོས་པ་གལ་ཆེན་རེད་མ་གཏོགས་དབུ་ཁྲིད་མེད་པའི་དཀའ་ངལ་མི་འདུག དེང་རབས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཟེར་བ་དེ་མི་མང་རང་ངོས་ནས་གཉིད་སད་དགོས་པ་ཞིག་མ་གཏོགས་གནའ་སྔ་མོ་བཞིན་དུ་རྒྱལ་པོ་རྒྱལ་མོ་རྒྱལ་བ་སོགས་མི་སྣ་བྱེ་བྲག་པ་ཞིག་དབུ་འོག་དཔུང་འདེགས་བྱས་ནས་རྒྱལ་ཁབ་འཛུགས་པ་དང་འཛིན་སྐྱོང་མི་ནུས་པ་གསལ་པོ་རེད།
སྤོབས་མཐས་རྒྱལ་བ་རིན་པོ་ཡོད་ན་མེད་ན་ཁྱད་པར་ཡོད་མ་རེད་ལབ་ཀི་ཡོད་རེད་བ། ཁོང་བཞུགས་ཡོད་ཀི་ཡོད་ཀི་ལ་དུམ་བུ་ཁ་ཤས་ཆགས་གྲབས་འདུག་འ། ཁོང་མེད་ན་འདྲ་ཆགས་ས་རེད་ཐུགས་བསམ་བཞེས་ནས་བཀའ་མོལ་གནང་རོགས།
རྩ་བའི་རྩོམ་འདིའི་ཚིག་སྦྱོར་མི་བདེ་ཞིང་ཡིག་ནོར་དང་གཏགས་ནོར་གང་འཚམས་ཤིག་འདུག
འོན་ཀྱང་ནང་དོན་གྱི་ཐད་ནས་ང་ཚོས་ངེས་པར་བསམ་གཞིག་གཏོང་བ་མང་བར་སེམས།
ཁོང་སྐུ་མ་བཞུགས་པའི་དུས་སུ་རྒྱ་གཞུང་གིས་པཎ་ཆེན་རྫུན་མ་བེད་སྤྱད་ནས་སྐུ་འཁྲུངས་བཅོ་ལྔ་བ་ཞིག་བཙལ་རྒྱུ་ནི་གཏན་འཁེལ་ཞིང་དེ་ནི་ཉེན་ཁ་ཆེ་ཤོས་ཤིག་རེད།
གཞན་གཞིས་ཆགས་ཁག་སྟོང་རྒྱུ་དང་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་ཉམས་རྒྱུ་ནི་བཤད་མི་དགོས་པ་ཞིག་དང་དོལ་ཚོགས་ཀྱིས་རོ་ལང་སོགས་ནི་ང་ཚོའི་དཀའ་ངལ་ཆེ་ཤོས་རེད། གང་ལྟར་རྩོམ་གྱི་བརྗོད་དོན་གཙོ་བོ་ནི་ཧ་ཅང་ཡག་གི་བསམ། ཕྱི་གླིང་པ་ཚོས་རྩོམ་སྟངས་རེད་ལ་རྣམ་རྟོག་ཟེར་བ་ནི་བོད་པ་ཚོའི་བག་ཆགས་རྙིང་བ་རེད། ལམ་ཁ་ཞིག་ལ་འགྲོ་གིན་ཡོད་པས་གནས་སྐབས་དེ་ཙམ་ཡིན།
དེ་རིང་སྤོབས་མཐས་ཤོད་སྟངས་དང་བསམ་སྟངས་དེ། ནོར་བ་རེད།
རྒྱ་ནག་དམར་གཞུང་གི་མའོ་ལག་དམར་གྱི་རོ་དང་། རི་མོར་སྐྱབས་བཅོལ་ནས་བསྡད་ས་ལ། ང་ཚོས་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་ལྟ་བུར་ཆོས་སྲིད་གཉིས་ཀའི་ཐོག་ལ་གུས་འདུད་མ་བྱས་ན།
རྨོངས་དད་པ་དང་། རྗེས་ལུས་པ། ང་ཚོ་སྤྲང་པོ་སྤྲང་རྐྱང་དུ་བརྩི་བགྱིད་རེད་གདའ། རྣམས་པ་ཚོ། གཟབ་གཟབ་གྱིས།
དྲི་ལན་ལོག་འཇལ་གྱི་ལས་ངན་དེ། ཆོས་ཡོད་མེད་སུ་ལ་ཡང་། ཚེ་འདི་རང་ལ་མཐོང་གི་རེད་དོ། ངས་ནི་སེམས་པས་མ་བཟོད་ནས་འདི་བཤད་ཤོར་སོང་ངོ་།།
དེ་རིང་སྤོབས་མཐའ་ལགས། ཨ་མདོའི་གླེན་ཕྲུག་ཀླུ་མཁར་གྱི་སྤུན་དུ་གྱུར་འདུག་ག ཧ་ཧ་ཧ་་་་་
http://bangchen.net/%E0%BD%86%E0%BD%B4%E0%BC%8B%E0%BD%A6%E0%BE%92%E0%BD%84%E0%BC%8B%E0%BD%91%E0%BD%98%E0%BD%82%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%96%E0%BE%B2%E0%BC%8B%E0%BD%95%E0%BE%B2/
ཆུ་སྒང་དམག་སྤྱི་དབྲ་ཕྲུག་ངག་དབང་སྐུ་གཤེགས་པ།
Ratuk Ngawang and the early days of the Chushi Gangdruk
དབྲ་ཕྲུག་ངག་དབང་རང་གིས།
https://www.youtube.com/watch?v=suP9SN8dIbs
སྐད་ཆ་འདི་བོད་པ་ཚོའི་ངོས་ལེན་ཐུབ་ཀྱང་ཆོག་ལ་མ་ཐུབ་ཀྱང་རུང་། གང་ལྟར་མ་འོངས་ལུང་བསྟན་རང་རེད་འདུག
བོད་ཀྱི་དཔའ་བོ་དབྲ་ཕྲུག་ངག་དབང་གི་མི་ཚེ་མཐའ་མར།
https://www.facebook.com/photo.php?fbid=1708632362693016&set=pcb.1708633166026269&type=3&theater
ད་སྐབས་ལྷག་པར་དུ་རྒན་རབས་པ་ཚོས་ངེས་བར་ཐུགས་བསམ་གཏོང་དགོས་བའི་རྒྱུ་མཚན་ནི།
༼ གཅིག ༽ རང་ཉིད་ལ་བསམ་བློ་ཐོངས་དང་། ད་ནས་བཟུང་ལོ་བཅོ་ང་ནས་ཉི་ཤུའི་རྗེས་ལ་སོ་སོ་ལོ་ག་ཚོད་ལ་སླེབས་འདུག།
༼ གཉིས ༽ དེ་དུས་རང་ཉིད་ལ་ནུས་བ་ཅི་འདྲ་ཞིག་ཡོད་པ་དང་ནུས་བ་འདོན་ཁོམ་ལོ་ག་ཚོད་ལྷག་འདུག་མིན།
༼ གསུམ ༽ སོ་སོས་ནུས་བ་དེ་ད་ལྟ་འདོན་ཐུབ་ན་ནུས་བ་ཡིན་ལ། ལོ་བཅུ་དང་ཉི་ཤུ་འགོར་ཚར་དུས་ནུས་བ་ཞིག་བཏོན་རུང་ནུས་བ་ཅི་ཙམ་ཐོན་མིན།
༼ བཞི ༽ རྒན་རབས་པ་དང་ན་གཞོན་པ་སུ་ཡིན་ན་འགན་ཁུར་གཅིག་མཚུངས་ཡིན་རུང་། རྒན་པ་དག་གི་དབུ་ཁྲིད་ནས་གཞོན་སྐྱེས་ཚོ་རྗེས་སུ་སོང་ན་གྲ་འགྲིག་པོ་དང་མཐུས་ཚང་བོ་ཡོང་བ་མ་ཟད། ནུས་པ་ཐོན་མིན་ལ་ཁྱད་པར་ཆེན་པོ་ཡོད་པ།
༼ ལྔ ༽ ཕ་མ་ཞིག་མཚོན་ན་སོ་སོའི་བུ་རབས་ཚ་རྒྱུད་ཚོའི་བྱ་བ་ལམ་འགྲོ་ཡོང་བ་དང་། མཐུན་སྒྲིལ་ཡོད་པ། ཁ་ལས་རླུང་རྟ་དར་ན་ཤི་དགོས་ཀྱང་ཤི་སེམས་བདེ་ལ། དེ་ལས་ལྡོག་སྟེ་ནང་མཐུན་སྒྲིལ་མེད། ནང་འཁྲུག་བྱས། ཁ་འཐོར་སྣ་འཐོར་དུ་སོང་བ་ཡིན་ན་ཤི་སེམས་ཀྱང་མི་བདེ་བ་ཞིག་ཅིའི་ཕྱིར་མ་ཡིན། ད་སྐབས་བོད་མི་རིགས་ཀྱི་ཕ་མ་ལྟ་བུ་དེ་སུ་རེད་ཐུགས་བསམ་ཐོངས་དང་མཁྱེན་གསལ་ཡིན།
འདི་དག་ལ་སོགས་བསམ་བློ་གཏོང་ས་མོད་པོ་ཞིག་ཡོད་ལ་གནས་སྐབས་འབྲི་མཚམས་འཇོག། ཚོགས་པ་རྩ་འཛུགས་སྐོར་གྱི་དགོས་པ་དང་དགེ་མཚན་རྗེས་སུ་ཅུང་ཙམ་ཞིག་བཀོད་ཆོག་པ་ཞུ།།
སྤྱིར་ན་རང་རང་གི་ཆོལ་ཁའི་དབུས་རྒྱུན་དེ་ཡར་རྒྱས་སུ་བཏང་ནས་ཧྲ་ཏག་ཏག་ཅིག་ཆགས་ཐུབ་ན་སྐྱིད་སྡུག་ཚོགས་པ་རྩ་འཛུགས་བྱས་བ་དང་ཁྱད་པར་མི་འདུག་བསམ།
ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ལ་ཚོགས་པ་ཆེ་ཆུང་མང་མེད་ན་ཉུང་དྲགས་མི་འདུག་པ་བདེན་མོད། དོན་དངོས་སུ་ཕར་སྤྱི་ཚོགས་ནང་ལ་ནུས་པ་ཞིག་འདོན་དགོས་ན་ནུས་པ་ཧ་ཅང་ཡག་པོ་ཞིག་ཐོན་ཐུབ་མཁན་ཤིན་ཏུ་དཀོན་སྙམ། རྒྱུ་མཚན་ཁ་ཤས་ཤིག་བརྗོད་འདོད་བྱུང་།
༼ གཅིག ༽ དཔེར་ན་ཆོལ་ཁ་སོ་སོའི་དབུས་རྒྱུན། མིང་ཆེ་ན་ཡང་དོན་ཆུང་བ། རྩ་བའི་ཆ་ནས་ཚོགས་པའི་རྨང་གཞི་ཧྲ་ཏག་ཏག་བྱེད་ཐུབ་ཀྱི་མི་འདུག། མགོ་ན་ཡོད་རུང་མཇུག་ན་མེད་པ་ཞིག་ཏུ་མཐོང་།
༼ གཉིས ༽ མི་དམངས་ཡོངས་ཀྱི་ངོས་ནས་ངོས་ལེན་དང་རྒྱབ་སྐྱོར་ཐོབ་མི་ཐུབ་པ་མ་ཟད། ཐ་ན་ཚོགས་པའི་ངོ་བོ་དང་དམིགས་ཡུལ་སོགས་གང་ཅིའི་ཐད་ལ་དོ་སྣང་ཙམ་ཡོང་བ་ཞིག་ཀྱང་བྱེད་ཐུབ་ཀྱིན་མེད་པ།
༼ གསུམ ༽ ཚོགས་པ་ཞིག་ལ་ནུས་པ་ཅི་ཙམ་ཞིག་ཡོད་མེད་དེ་རྩ་བའི་ཆ་ནས་སྤྱི་ཚོགས་ཁྲོད་ནས་མི་དམངས་ཀྱི་རྒྱབ་སྐྱོར་ག་ཚོད་ཐོབ་པ་དང་ནུས་པ་ག་ཚོད་འདོན་མིན་ལ་ཐུག་ཡོད་ཙང་། ཚོགས་པ་གང་ཡིན་རུང་རང་ངོས་ནས་སྤྱི་ཚོགས་ཀྱི་ནུས་པ་བསྡུ་ལེན་བྱེད་ཐུབ་ཀྱིན་མེད་པ།
༼ བཞི ༽ མི་དམངས་ཀྱི་ངོས་ནས་ཆབ་སྲིད་ལ་དོ་སྣང་ཆུང་དྲགས་ལ་འགན་མི་ཁུར་བ། གསུང་ཆོས་ཤིག་ཞུ་དུས་མི་ག་ཚོད་ལ་དོ་སྣང་ཡོང་གི་ཡོད། ཆབ་སྲིད་ལ་དེ་ལས་ལྷག་པའི་དོ་སྣང་ཞིག་ཡོང་མི་ཐུབ་ནའང་། ང་ཚོ་བོད་མི་རིགས་ཀྱི་དཀའ་ངལ་དེ་ཆོས་མེད་པ་དང་དགེ་སྒྲུབ་མེད་པའི་དཀའ་ངལ་མ་ཡིན་པ་ངེས་པར་དུ་ཤེས་དགོས།
༼ ལྔ ༽ དམངས་གཞུང་དང་སྤྱི་སྒེར་གཉིས་ཀྱི་འབྲེལ་བའི་ཐོག་ལ་ཕལ་ཆེར་མི་ཆ་མེད་གཉིས་ལྟ་བུ་ཆགས་ཡོད། གཞུང་དང་སྤྱིའི་ངོས་ནས་དམངས་དང་སྒེར་ལ་ཕྱི་གསལ་ནང་གསལ་བྱེད་མི་ཐུབ་པ། དམངས་དོན་ཟེར་བ་དེ་སྤྱི་ཚོགས་ནང་ལ་བབས་ནས་བསྒྲུབ་དགོས་པ་ཞིག་རེད་མ་གཏོགས་སྒང་གི་རྐུབ་བཀྱག་ཅིག་གི་ཐོག་ནས་བསྡད་བསྡད་ན་ཅི་ཡང་ཕན་གི་མ་རེད། དམངས་དང་སྒེར་གྱི་ངོས་ནས་ཡིན་ན་ཡང་གཞུང་དང་སྤྱི་ལ་རེ་ལྟོས་ཙམ་ལས་སོ་སོའི་ངོས་ནས་དོ་སྣང་བྱས་ཏེ་འགན་ཅི་ཡང་ཁུར་ཐུབ་ཀྱི་མི་འདུག སྤྱི་དོན་ཟེར་བ་དེ་འགོ་ཁྲིད་ཅིག་བདམས་ནས་བཞག་བཞག་པ་གཅིག་བུས་འགྲིག་གི་ཡོད་མ་རེད།
འདི་དག་ལ་སོགས་གནས་ཚུལ་ཏོག་ཙམ་འདུག་མོད། གང་ལྟར་རྩ་བའི་ཆ་ནས་ཆོལ་ཁ་སོ་སོས་ངོས་ནས་མི་དམངས་རུག་རུག་བྱེད་སླ་བོ་ཡོད་པ་དེ་སྨྲོས་མ་དགོས་བ་ཞིག་རེད་སྙམ་མོ།