རིག་པའི་རལ་གྲི
བདག་ཅག་གི་སྟོན་པས་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་སྤྱི་འགྲོས་ནས་སོ་སོའི་སྒེར་གྱི་སྡུག་བསྔལ་བར་གསལ་བཤད་མཛད་ཅིང་། སེམས་ཅན་སྤྱི་ཡོང་ནས་སྒོས་ཀྱི་ཕ་མའི་བར་དུ་ཐུགས་ཁུར་བསྐྱེད་ཚུལ་བསླབས་ཀྱང་། ངའི་བྱིའི་བློ་གཞོན་ནུ་ནི་དེ་ལས་ཟློགས་ཕྱོགས་ཁོ་ནར་གྱུར་། ངས་བོད་ཀྱི་སྔ་ཕྱི་བར་གསུམ་གྱི་བྱུང་རབས་དང་མྱོང་རབས་ལ་ཕྱི་མིག་ཞིག་བལྟས་ན། ངས་ང་ཚོ་བོད་པས་ལས་ངན་ཅི་འདྲ་ཞིག་བསགས་པ་ཡིན་པ་དེ་ཤེས་པར་འདོད། ང་ཚོ་བོད་པ་འདི་མཐོ་ཞིང་གཙང་ལ་ཡངས་ཤིང་རྒྱ་ཆེ་བའི་མི་ཡུལ་གྱི་ཞིང་ཁམས་ཞིག་ཏུ་སྐྱེས་ཀྱང་། གཏུམ་ཞིང་རྔམ་ལ། དམར་ཞིང་ནག་པའི་ཞི་མི་ཁྱུ་གཅིག་གིས་ལུག་ཁྱུ་སྤྱང་ཀིས་གཏོར་བ་བཞིན་ཕྱོགས་བཅུར་གཏོར།
གཞིས་སུ་ལུས་པའི་བོད་མི་རྣམས་ནི། བཤས་རྭར་ཚུད་པའི་ལུག་ཁྱུ་བཞིན་ཟ་རྔམ་ཆེ་བའི་ཆོམ་རྐུན་ཚོ་གཅིག་གིས་བཀོལ་སྤྱོད་དང་། བེད་སྤྱོད་དུ་གཏང་། ཕྱོགས་བཅུར་འཐོར་ཞིག་དུ་སོང་བའི་བོད་འཁྱམས་རྣམས་ནི། རྒྱལ་ཁབ་ཀྱི་འགག་སྒོ་རེ་རེ་འགྲིམ་སྐབས་ཀྱི་སེམས་གཏིང་གི་ཚོར་བ་ལྕི་མོ་དང་། དྲངས་བདེན་ཀྱི་ཡུལ་ལུང་རེ་རེ་མཇལ་དུས།གངས་ལྗོངས་དྲན་གདུང་གི་ཚོར་བ་ཁ་མོ་། བྲན་གཡོག་ཐ་ཤལ་གྱི་ལས་ཀ་རེ་ཐོབ་ཤོར་གྱི་རེ་དོགས་ངང་། གཞན་གྱིས་བརྙས་བཅོས་ཀྱི་ཁུར་པོ་ལྕི་མོ་ནི་ཕྲག་གོང་དུ་རྨི་ལམ་ཚུན་ཁྱེར།ལག་ཁྲ་སྡེར་མ་ཁྲུད་པར་རྐམ། རྐང་ཁྲག་རྒྱལ་ཁམས་སྐོར་བས་ཟད་ནས། ཁྲག་དང་ཆུ་སེར་གྱིས་བསགས་པའི་སྒོར་མོ་རེ་རེ་ལས་འཐེན་ཕྲི་བྱས་ནས་། བརྩེ་གདུང་དང་མཉའ་གནོན་གྱིས་མནར་བའི་ཕ་མ་སྤུན་ཆེད་ཀྱི་འཚོ་གོས་ཞབས་འདེགས་གང་ཐོབ་དང་། ད་དུང་དྲང་བདེན་གྱི་གཏམ་ཞིག་རང་དབང་ལུང་པར་སྒྲོག་ན་ཡང་གཞི་ལུས་གྱི་ཁྱིམ་མིར་འཚེ་བར་དོགས་ནས་སྦས་སྐུང་གང་ཐུབ་ཀྱིས། སྲུང་སྐྱོབས་བྱས་པའིབརྩེ་ལྡན་གྱི་ཕ་མ་རྣམས་དང་། སྤུན་སྲིང་རྣམས། བྱམས་སེམས་ཀྱི་བརྩེ་བ་བ་སྤུ་ལས་ཀྱང་ཕྲ་ཞིང་།རང་བྱུང་གི་སྟོབས་ཤུགས་དཀོན་མཆོག་ལས་ཀྱང་ཆེ་བའི་ས་ཡོམ་གྱི་ཆོམ་རྐུན་དེས། བསམ་ལོང་དང་དྲན་ལོང་མེད་པར་། ལྟ་ལོང་དང་ཉན་ལོང་མེད་པ། རྒན་གཞོན་དང་ཕོ་མོར་ཁྱད་པར་མེད་པ། ས་རྡོ་ལྕགས་ཤིང་བར་ཚག་སྒྲ་དང་བཅས་སྐད་གཅིག་གིས་མཐར་ཞིང་། དམར་པོའི་ཁྲག་གི་གཞུར་རྒྱུན་གཙང་པོ་ལས་ཆེ་བ་དང་ ཆེ་ཞིང་སྣུམ་པའི་བེམ་རོ་རི་བོ་ལས་མཐོ་ཙམ་བརྩེགས་ཞིང་། ད་དུང་གཅེས་པའི་མིག་གཏོན་པའི་ལོང་པ་རྩི་ཤིང་ལས་གྲངས་མང་།
མཛེས་པའི་གདོང་ཧྲལ་བའི་རྨ་ཁ་གད་པ་ལས་གཏིང་ཟབ། ཡན་ལག་དང་ཉིང་ལག་བཅད་པའི་ཞ་བོ་ཁྱུ་གཅིག་དང་། མི་འབོར་ཕྱེད་ཀའི་ལུས་ཕྱེད་རོ་རུ་བསྒྱུར་ཞིང་།
མི་རབས་ནས་མི་རབས་སུ་བསགས་པའི་རྒྱུ་དངོས་ལ། སྔ་ཕྱི་བར་གསུམ་དུ་ཆོམ་རྐུན་གྱིས་རྐུ་འཕྲོག་བྱས་པའི་ལྷག་མ་ཅུང་ཟད་ལུས་པ་རྣམས་ས་ཞབས་སུ་གཏིམ་པའི་ལས་དབང་འདི་ནི་བྱ་བ་ཅི་འདྲ་ཞིག་དང་། དུས་ཚོད་ནམ་ཞིག་དང་། ས་ཆ་ཅི་འདྲ་ལ་བསགས་པ་ཡིན་ནམ།ང་ཚོས་མི་ལུས་ཀྱི་ཆེས་ཐོག་མའི་གྲས་སུ་རློམས་ཀྱང་།
ཆེས་ཐ་ཤལ་གྱི་གྲས་སུ་རང་དབང་མེད་པར་ལྷུང་བའི་སྤུན་ཟླ་དག ང་ཚོས་ཉིན་རེ་བཞིན་བློ་སྣ་མཆོག་གསུམ་ལ་གཏད། ལས་སྣ་དགེ་བ་ལ་ཕྱོགས། ཅི་ཟས་ཀྱི་ཕུད་མཆོད་ཀྱང་། བླ་ལྷའི་ལུང་བསྟན་ཟེར་བ་དང་།དཀོན་མཆོག་ཀྱི་ཐུགས་རྗེ་ཟེར་བ།དམ་ཅན་གྱི་སྲུང་མ་ཟེར་བ་ཐམས་ཅད་གང་དུ་སོང་གང་དུ་ཡིབས།
ངས་ལས་དབང་ལ་འཁང་ར་མེད་ཀྱང་དཀོན་མཆོག་དང་སྲུངས་མ་རྣམས་་ལ་སྐྱོ་གདུང་གིས་ངུ་འབོད་ཞིག་མི་བྱེད་ཐབས་མེད་དུ་སོངས།
།བློ་རྩེ་མཆོག་གསུམ་ལ་གཏད་ཡོད། །ཡིད་ཆེས་ལས་འབྲས་ལ་བཅོལ་ཡོད།
།བོད་ཁམས་འཇིག་འགྱུར་གྱི་ཉེས་པ། །སྐྱེ་རྒུའི་ས་ཡོམ་དུ་འགྱུར་སོང་།
།སྤྲེལ་ཚ་ཡོངས་རྫོགས་ཀྱི་མྱོང་འགྱུར། །མི་སྲུན་མནར་གཅོད་ཀྱི་སྡུག་བསྔལ།
།སྐྱེ་རྒུའི་ཚེ་འདས་ཡིས་ཁྱེར་ནས། །ཞི་བདེའི་སྐྱ་རེངས་སུ་སྨོན་ནོ།