རྒྱ་གྲོལ།
ང་ཚོ་བོད་རིགས་ལ་ད་ལྟ་སྔར་འཕྲད་མ་མྱོང་བའི་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་ཡོད། ཉེན་ཁ་དེ་ནི་གཞན་སུ་ཞིག་མ་ཡིན་པར་རང་གིས་རང་ལ་དྲངས་འོང་བའི་ནད་ཡམས་ཚབས་ཆེན་ཞིག་སྟེ། ཨེ་ཙི་ནད་ཅེས་པ་དེ་ཡིན། ནད་འདིས་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་གཤིན་རྗེའི་གཤེད་མ་བཞིན་མངོན་པ་མེད་པར་བོད་ཀྱི་ས་ཆར་སླེབས་ཤིང་ད་ལྟ་ཕོ་མོ་སྐོར་ཞིག་གིས་ལུས་ ན་དལ་ཅེར་གེར་ཉལ་ནས་མི་རིགས་འདི་མི་རིགས་རྩ་མེད་དུ་གཏོང་བའི་སྦྱོར་བ་རྩོམ་བཞིན་ཡོད། ནད་འདི་འགོ་སླ་ཞིང་དགོག་དཀའ་བ་སྟེ་ནད་འདི་བྱུང་ན་བཅོས་ཐབས་གཏན་པས་མེད་པས་ཤི་བ་ལས་འོས་མེད། ནད་འདིའི་སར་ཡུལ་ཤུལ་དུ་བྱུང་བའི་ས་འགུལ་ཡང་ཅི་ཡང་མིན།
གལ་ཏེ་བོད་ཀྱི་ས་ཆར་རྡུལ་ཕྲན་མཚོན་ཆ་ཞིག་འཕངས་ན་སྐབས་དེར་མི་མང་བོ་ཞིག་ཤི་སྲིད་མོད་འོན་ཀྱང་དུས་དང་ཡུན་དུ་འགོས་ནས་རིམ་བཞིན་མི་མང་བོ་ཞིག་ཤི་མི་སྲིད་མོད། ཨེ་ཙིའི་ནད་འདི་འདོད་ཆགས་ལས་ལུས་འབྲེལ་བྱུང་སྟེ་འགོས་པས་འགོག་པ་ཆེས་དཀའ། ནད་འདི་སྡེ་བ་ཞིག་ལ་བྱུང་ན་ནད་འདི་བྱུང་ན་རིམ་གྱིས་སྡེ་བ་དེ་རྩ་མེད་དུ་འགྲོ་སྲིད་ལ། ཁྱོ་ཤུག་གང་རུང་ཞིག་ལ་ནད་འདི་བྱུང་ན་བཟའ་ ཚང་གཉིས་ཀ་འཆི་བ་ལས་མེད། ད་ལྟ་བོད་ལ་ཉེན་ཁ་ཆེན་པོ་ཞིག་ཡོད་པ་ནི་ཨེ་ཙིའི་ནད་འདི་སྟེ། ད་ལྟ་ནད་འདི་བོད་ཀྱི་ས་ཆར་ མཆེད་བཞིན་ཡོད་པས་ང་ཚོས་མྱུར་ཏུ་འགོག་པའི་ཐབས་མ་སྤྱད་ནས་ཕྱོགས་ཕྱོགས་སུ་མཆོད་ནས་འགྲོ་སྲིད། བདག་མཚོ་སྔོན་ཞིང་ཆེན་ བོད་སྨན་ཁང་གི་སྨན་རམས་པ་ཞིག་དང་འདིའི་སྐོར་གྱི་གླེང་མོལ་བྱེད་དུས་ཁོང་གིས་ང་ཚོའི་མི་རིགས་འདིའི་ཆེས་ཆེ་བའི་ཉེན་ཁ་ནི་ཨེ་ཙིའི་ནད་དེ་འདི་རང་གིས་མ་བཀག་ན་རྗེས་སུ་མཆེད་དུས་འགོག་ཤིན་ཏུ་དཀའ་ཟེར།
བོད་ལ་ནད་འདི་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁབ་རྒྱག་པ་ལས་བྱུང་བ་མིན་ལ། གཞན་པའི་ཉེར་སྤྱད་ལས་བྱུང་བའང་མིན་པར་ཕོ་མོ་ལུས་འབྲེལ་ བྱུང་བ་ལས་བྱུང་བ་ཡིན། གཙོ་བོ་གཤམ་གྱི་གནས་ཚུལ་འདི་རིགས་རེད།
༡ བོད་རིགས་ཀྱི་བུ་མོ་སྐོར་ཞིག་སྨད་འཚོང་གི་བྱ་བར་ཞུགས་པས་ནད་གཞི་ འདི་འགོས་ཡོད་པའི་མི་རིགས་གཞན་གྱི་སྐྱེས་པ་དང་ལུས་འབྲེལ་ བྱུང་བ་ལས་རང་ལ་བྱུང་ཞིང་དེ་ནས་རང་དང་ལུས་འབྲེལ་བྱུང་བ་ཡོད་ཚད་ལ་འགོས་པ་རེད། སྐྱེས་པ་ཞིག་མོ་དང་ལུས་འབྲེལ་བྱུང་ནས་ རང་གི་ཡུལ་དུ་ཡོང་ནས་ཆུང་མ་དང་གཞན་པའི་བུ་མོ་དག་ལ་ལུས་འབྲེལ་བྱུང་དུས་དེ་དག་ལ་འགོས།
༢ བོད་རིགས་བུ་མོའམ་སྐྱེས་པ་སྐོར་ཞིག་རྒྱ་ནང་དུ་སོང་ནས་ནད་གཞི་དེ་ཡོད་པའི་མི་དང་ལུས་འབྲེལ་བྱུང་བ་ལས་འགོས་ཤིང་དེ་ནས་རང་གི་ཆུང་ མ་དང་མཛའ་མོ་སོགས་ལ་བགོས་ཏེ་བོད་ཀྱི་ས་གནས་ཀུན་ཏུ་མཆེད། དཔེར་ན་ཡུལ་ཤུལ་བུ་མོ་ཞིག་གིས་ནད་འདི་བྱུང་ཡོད་པ་ཤེས་དུས་སྨན་པ་ རྣམས་ཀྱིས་བརྟག་པ་ལྟར་ན་ནད་འདི་བྱུང་ནས་སྐྱེས་པ་སུམ་ཅུ་ལ་འགྲོགས་མྱོང་ཟེར་ཞིང༌། མཚོ་སྔོན་པོའི་བུ་མོ་ཞིག་གིས་མོ་སྐྱེས་པ་མང་བོ་ལ་ལུས་ འབྲེལ་བྱུང་མྱོང་ཟེར། དེ་ལས་བལྟས་ན་ཁོ་མོ་དག་ལུས་འབྲེལ་བྱུང་བའི་སྐྱེས་པ་དག་ལ་ཕལ་ཆེར་ནད་འདི་བྱུང་ཡོད་པས་དེ་དག་བུད་མེད་ལྔ་རེ་ ལ་ལུས་འབྲེལ་བྱུང་བའི་དབང་དུ་བྱས་ན་མི་བརྒྱ་དང་ལྔ་བཅུ་ལ་ནད་འདི་བྱུང་ཡོད་ལ། དེ་དག་མི་ལྔ་རེ་ལ་ལུས་འབྲེལ་བྱུང་བའི་དབང་དུ་བྱས་ ན་ཕལ་ཆེར་མི་སྟོང་ལ་ཉེ་བ་ཞིག་ལ་ནད་འདི་བྱུང་ཞིང་དེ་དག་གི་བཟའ་ཚང་ལ་ནད་འདི་བྱུང་ཡོད་པ་ཐེ་ཚོམ་མེད་པས་ནད་འདི་བྱུང་དུས་མངལ་ཆགས་པས་བྱིས་པ་དག་ལའང་ནད་འདི་བྱུང་ཡོད།
དེ་བས་རྒྱལ་ཁབ་ཀྱི་འཕྲོད་བརྟེན་སྡེ་དག་གིས་ཀྱང་བོད་ཀྱི་ས་ཁུལ་ལ་ཁྱབ་པའི་ནད་གཞི་འདིར་དོ་སྣང་ཆེན་པོ་བྱས་ཏེ་འགོག་པའི་ཆེད་དུ་བརྩོན་པ་མི་དམན་པ་ཞིག་གནང་བཞིན་ཡོད་ནའང་ནད་ཡམས་འདི་འགོག་པ་ལ་བོད་མི་དག་ལ་ནད་འདིའི་ཉེན་ཁ་གསལ་བོར་ཤེས་པར་བྱས་ནས་མི་རེ་རེ་རང་འགུལ་གྱིས་འགོག་དགོས་པ་ལས་འཕྲོད་བསྟེན་སྡེ་ཁག་ཁོ་ནས་འགོག་མི་ནུས་པ་ཀུན་གྱིས་འདིའི་གནད་ཤེས་པར་བྱས་ནས་འགོག་པ་ལ་བརྩོན་པ་ཤིན་ཏུ་གལ་ཆེ།
ང་ཚོས་ནད་ཡམས་འདི་འགོག་པ་ལ་གཙོ་བོ་ཨེ་ཙིའི་ནད་ཇི་ལྟར་འགོག་དགོས་པ་དང༌། འགོག་པའི་ཐབས་ཤེས། དེའི་ཉེན་ཁ་སོགས་གསོ་སྐྱོང་བྱ་ དགོས་ཏེ་འདི་ལྟ་བུའི་སློབ་གསོ་ནི་ངེས་པར་དགོས་པ་ཞིག་སྟེ། འདི་ནི་རྒྱལ་ཁབ་འཕྲོད་བརྟེན་སྡེ་ཁག་གིས་བསྒྲུབ་དགོས་པ་ཞིག་ཡིན་པ་མ་ཟད། བོད་མི་ཀུན་གྱིས་ཀྱང་ངེས་པར་བསྒྲུབ་དགོས་པ་ཞིག་ཀྱང་རེད། གལ་ཏེ་ང་ཚོས་བོད་པས་ཀྱང་དེ་ལྟར་བསྒྲུབས་ནས་ལག་ལེན་ཏུ་འདེབས་ཐུབ་ ན་ཨེ་ཙིའི་ནད་འགོག་པར་ཕན་པ་ཆེན་པོ་འབྱུང་ངེས།
༡ བོད་མི་རེ་རེས་ནད་འདིའི་འབྱུང་རྐྱེན་དང་འགོ་བའི་ཚུལ། ཤེས་བཞིན་དུ་གཞན་ལ་བསྒོ་ན་ཁྲིམས་གང་འདྲ་འཁུར་དགོས་མིན། འགོག་པའི་ཐབས་ལ་སོགས་པ་གསལ་བོར་ཤེས་དགོས།
༢ ནད་རིགས་འདིའི་ཉེན་ཁ་ཆེ་ཚུལ་སོགས་བླ་མས་ཆོས་གསུང་བའི་སྐབས་དང་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དུས་སོགས་སུ་གསལ་བོར་གསུངས་ཏེ་སློབ་མ་རྣམས་དང་མང་ཚོགས་ཀྱིས་ཤེས་པར་བྱ་དགོས།
༣ རྒྱང་བསྒྲགས་དང་དྲ་ལམ། གསར་འགྱུར། འོད་སྡེར་གྱི་ལམ། སྒྲ་བརྙན་བཅས་ཀྱི་ལམ་ནས་ཨེ་ཙིའི་ནད་ཀྱི་འདིའི་ཉེན་ཁ་དང་འགོག་ཐབས་
སོགས་གསལ་བོར་གླེང་དགོས་པ་མ་ཟད། སྨན་པ་ཚོས་རྒྱུན་དུ་འདིའི་སྐོར་གྱི་ཤེས་བྱའི་ཐད་ནས་སློབ་སྟོན་རྒྱུན་དུ་གནང་དགོས།
༤ དམངས་ཁྲོད་དུ་ཨེ་ཙིའི་ནད་ཀྱི་འདིའི་ཉེན་ཁ་དང་འགོག་ཐབས་སོགས་འདིའི་ཤེས་བྱ་དར་སྤེལ་གཏོང་བར་སློབ་སྦྱོང་འཛིན་གྲྭ་དང་དམངས་ ཁྲོད་ཀྱི་ཚོགས་པ་བཙུགས་ཏེ་མང་ཚོགས་ཀྱིས་གསལ་བོར་ཤེས་སུ་འཇུག་དགོས།
ལྷག་པར་གལ་ཆེ་བ་ནི་བོད་མི་ལ་འགོས་ཟིན་པ་འདིར་ཚོད་ འཛིན་མ་ཐུབ་ན་སྤང་ལ་མེ་ཤོར་བ་བཞིན་མཆེད་ནས་འགོག་དཀའ་བའི་གནས་སུ་ འགྱུར་ངེས་རེད། དེ་བས་གཤམ་གྱི་གནས་ཚུལ་འདི་དག་ནི་ ང་ཚོས་ངེས་པར་བསྒྲུབ་དགོས་པ་ཞིག་རེད།
༡ བུད་མེད་སྨད་ཚོང་བྱས་མྱོང་བ་དང་ཡང་ན་མི་སྣ་ཚོགས་ལ་ལུས་འབྲེལ་བྱས་མྱོང་བའི་བུད་མེད་དང་སྨད་ཚོང་མ་ཉོས་མྱོང་མཁན་དང་སྨད་ ཚོང་མ་དག་གིས་རང་གིས་ཁྲག་ལ་བརྟག་དཔྱད་བྱས་ནས་ཨེ་ཙི་ནད་བྱུང་ཡོད་མེད་ལ་བརྟག་པ།
༢ གལ་ཏེ་རང་ལ་ཨེ་ཙིའི་ནད་བྱུང་ཡོད་ན་རང་དང་ལུས་འབྲེལ་བྱས་མྱོང་བའི་སྐྱེས་པ་དང་བུད་མེད་དག་ལའང་བརྡ་སྤྲད་ནས་ནད་འདི་འགོས་ ཡོད་མེད་བརྟག་ནས་འགོས་པ་དག་གིས་གཞན་ལ་མི་བསྒོ་ཞིང་ཕྱོགས་སོ་སོར་མཆེད་པ་སྔོན་འགོག་བྱ་དགོས།
༣ ནད་འདི་འགོག་པའི་ཆེད་དུ་གྲོང་ཁྱེར་དུ་སྨད་ཚོང་མི་བྱེད་པ་དང་སྨད་ཚོང་མི་ཉོས་པའི་དམ་བཅའ་བ་དང་གལ་ཏེ་ཉོས་ན་ནད་རིགས་འདི་ དག་མི་འགོས་པའི་ཆེད་དུ་མཚན་ཤུབས་གྱོན་པ་སོགས་ཀྱི་འགོག་པའི་ཐབས་ལ་བརྩོན་དགོས།
༤ བོད་རིགས་སྨད་ཚོང་བྱེད་མཁན་དག་གིས་རང་ལ་མི་འགོས་པ་དང་རང་གིས་གཞན་ལ་མི་བསྒོ་བའི་ཆེད་དུ་ནད་རིགས་འདི་དག་བོད་ནང་དུ་མི་ མཆེད་པའི་ཐབས་ལ་བརྩོན་དགོས།
༥ ཨེ་ཙིའི་ནད་འགོས་ཡོད་པ་དག་ལ་མཐོང་ཆུང་དང་དམའ་འབེབ་མི་བྱེད་པར་སྨན་དང་གསོ་བཅོས་ཐད་ནས་རོགས་རམ་ཆེན་པོ་བྱ་དགོས་ཤིང་ དེའི་ཆེད་དུ་ཚོགས་པ་དང་མི་སྒེར་གང་རུང་གི་ཐེབས་རྩ་ཚོགས་པ་འཛུགས་པའམ་གང་ལ་གང་མཚམས་ཀྱིས་རོགས་རམ་བྱ་དགོས།
༦ ཨེ་ཙིའི་ནད་བྱུང་བ་དག་གིས་རང་ལ་བྱུང་བ་ཤེས་བཞིན་དུ་གཞན་ལ་བསྒོས་ནས་ཁྲིམས་ལུགས་ཐོག་ནས་ཉེས་པ་ག་འདྲ་འཁུར་དགོས་པ་གསལ་ བོར་ཤེས་བར་བྱས་ནས་རང་ཚོད་རང་གིས་འཛིན་པར་བྱ་དགོས།
དེ་ལྟར་ཨེ་ཙིའི་ནད་འགོག་པ་ནི་ང་ཚོའི་བླ་གྲྭ་དང་དགེ་སློབ། སྨན་པ་དང་གསར་འགྱུར་ལས་རིགས་བཅས་ཐུན་མོང་གིས་འབད་པ་བྱ་དགོས་པ་ཞིག་ ཡིན་པ་མ་ཟད་མི་རེ་རེའི་འགན་དུ་ལེན་དགོས་པའི་དོན་གལ་ཆེན་ཞིག་ཡིན། དེ་བས་ངས་གླེང་སློང་གི་ཡི་གེ་བྲིས་ནས་རང་གི་སྤུན་ཟླ་དག་ལ་ གསལ་འདེབས་བྱས་པ་ལགས་ན་ང་ཚོས་མི་རེ་རེ་ནས་འགོ་བརྩམས་ནས་ཨེ་ཙིའི་འགོག་པའི་ལས་ལ་བརྩོན་ལ་འབྲས་བུ་ཆེན་པོ་ཞིག་ཐུབ་པ་ལས་འདི་ལ་ཁ་ཡ་མ་བྱས་པར་བཞག་ནས་ནད་ཡམས་འདིས་ནད་ཞིག་ང་ཚོ་མི་རིགས་འདི་རྩ་མེད་དུ་གཏོང་བའི་སྦྱོར་བ་ལ་ཞུགས་པར་གདོན་མི་ཟ།
ཁྱོད་རང་གསོན་པ་འདོད་ན། ང་ཚོ་མི་རིགས་རིང་དུ་གསོན་པར་འདོད་ན། ཁྱོད་ཀྱི་བུ་རབས་རྩ་རྒྱུད་ལ་ནད་མེད་ཚེ་རིང་གི་ངོས་ནས་བདེ་དགའི་དཔལ་ལ་རོལ་འདོད་ན་ཁྱོད་ཀྱིས་རང་དང་རང་གི་ཁྱིམ་མི་ནས་བཟུང་སྟེ། མི་རིགས་རྩ་མེད་དུ་གཏོང་བའི་གདོན་འདྲེ་སྟེ་ཨེ་ཙིའི་ནད་འགོག་པའི་ལས་འདིར་ཞུགས་པར་བྱའོ།།