མི་ཞུན། ཝཱཎ་མཐོ་སློབ།
ཕྱོགས་བསྐྱོད་འགྲུལ་བཞུད་དང་མཐོང་ཐོས་སྣ་མང་།
འདི་ལོའི་སྤྱི་ཟླ་བརྒྱད་པའི་ནང་དུ་བཀའ་དྲིན་མཚུངས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཆོག་གི་སྣེ་འཁྲིད་ལམ་སྟོན་གྱི་འོག་ནས་ང་དང་སློབ་གྲྭོགས་འགའ་ཧི་མ་ལ་ཡའི་ས་ཁུལ་འགར་སྔོ་སྨན་གཙོས་སྨན་རྫས་ངོས་འཛིན་དུ་བསྐྱོད་པ་ཡིན། ང་རང་ཚོ་བསྐྱོད་སའི་ས་ཆ་གཙོ་ཤོས་ནི་མ་ན་ལི་དང་། རྨ་རི། རོ་འཕྲང་། གར་ཞྭའམ་དཀྱིལ་ལུང་། ར་རིག ཆི་ཀ དཀར་མཛེས། དཀྱིལ་དབར། རྒྱུད། བློ་གསར་སོགས་ཡིན། གཞན་ཡང་ས་གནས་དེ་དག་ན་མངའ་བའི་གནས་ཆེན་འགའ་ཞིག་ལ་ཡང་ཞོར་དུ་འགྲུལ་བ་སྟེ་དཔེར་ན་རོ་འཕྲང་ནས་གེ་སར་སྒྲུབ་ཆུ་དང་གེ་སར་བླ་མཚོ། དཀྱིལ་ལུང་ནས་རྗེ་རྒོད་ཚང་བའི་ཞབས་རྗེས་དགོན་པ་དང་། གར་ཞྭ་འཕགས་པ། དཀར་མཛེས་ནས་དཀྱིལ་ལུང་དགོན་པ་དང་། རྟ་ཕོ་དགོན་པ་སོགས་ཡིན། ང་རང་ཐེངས་འདིའི་སྨན་རྫས་ངོས་འཛིན་གྱི་ལས་རིམ་དུ་ཞུགས་ཏེ་གོང་གི་ས་གནས་གསར་བ་དག་ལ་འགྲུལ་བཞུད་བྱས་པའི་བརྒྱུད་རིམ་གྱི་ཁྲོད་ནས་མཐོང་ཐོས་སྣ་མང་དང་ཉམས་མྱོང་དམར་རྗེན་གྱི་ཤེས་བྱའི་བློ་སྐྱེད་མི་ཉུང་བ་ཞིག་ཐོབ་བྱུང་བ་ནི་སྨྲ་མི་དགོས་པའི་སྐད་ཆ་ཞིག་སྟེ། དེ་ལས་ཀྱང་ལྷག་པ་ནི་ས་འཛམ་བུ་གླིང་གི་ཡང་མཐོ་ནས་གྲགས་སྙན་གྱི་འབྲུག་སྒྲ་སྨད་རྒྱ་ནག་དང་སྟོད་རྒྱ་གར་ལ་མེ་སྟག་བཞིན་མཆེད་མྱོང་བའི་བདག་གི་བོད་རྒྱལ་ཁབ་ཆེན་མོ་དེ་ད་ལྟ་ལོ་རྒྱུས་ཀྱི་གླེགས་བུ་ཙམ་ལས་ཅི་ཡང་རེད་མི་འདུག་ཨང་སྙམ་པའི་ཚོར་སྣང་མ་འདྲ་བ་ཞིག་བྱུང་བ་དེ་ཡིན། ཚོར་སྣང་འདི་ང་ཙམ་དུ་མ་ཟད་བདག་གི་དགེ་རྒན་དང་སློབ་གྲོགས་ཚོ་ལའང་བྱུང་ཡོད་ལས་ཆེ།
ང་ཚོ་མ་ན་ལི་བརྒྱུད་རྨ་རི་ལ་འབྱོར་བའི་ཐོག་མའི་སྣང་ཚོར་ལ་ཤིན་ཏུ་བརྗོད་དཀའ་བའི་སྐྱིད་སྣང་གི་ཚོར་བ་ཡ་མཚན་པ་ཞིག་སླེབས། རྒྱུ་མཚན། ས་ཆ་དེ་ལ་ལྗང་མདོག་གི་མཛེས་སྡུག་རྣམ་པར་བཀྲ་ཤིང་།། བརྗིད་ལྡན་གྱི་རི་བོ་དགུང་ལ་ཟུག་པ།། སྤྲིན་དཀར་གྱི་ཚོམ་བུ་ས་ལ་རྒྱུ་ཞིང་།། རང་བྱུང་གི་མཁའ་དབུགས་དྭངས་ལ་གཙང་བ།། ལྗོན་ཤིང་གི་ལོ་འདབ་ཐགས་སུ་འཀྲ་ཞིང་།། མེ་ཏོག་གི་མཛེས་པ་ལྷམ་མེར་བཞད་པ།། དག་གཙང་གི་ཆུ་བོ་ལྷུང་ལྷུང་འབབ་ཅིང་།། ཕྱུགས་ཟོག་གི་ཁྱུ་སྐོར་རང་དགར་རྩེན་པ་སོགས་ཀྱི་རང་བྱུང་ཁོར་ཡུག་གི་བཀོད་པ་ཡིད་དུ་འོང་བ་ཞིག་ཡོད་པས་རེད། གཅིག་ཏུ་ན་འདི་འདྲ་བའི་མཛེས་སྡུག་ནི་ང་རང་ཕ་ཡུལ་དང་ཁ་གྱེས་ཏེ་མི་ལོ་བཅུ་འགོར་བའི་རྗེས་སུ་མ་གཏོགས་མཐོང་མ་མྱོང་བས་ཀྱང་ཡིན་རྒྱུ་རེད།
གང་ལྟར། ང་ཚོ་སྤི་ཏི་ས་ཁུལ་ལ་འབྱོར་བའི་རྗེས་སུ་ང་ལ་དེ་ལས་ཀྱང་ལྷག་པའི་དགའ་སྣང་གི་ཚོར་བ་ཟད་མི་ཤེས་པ་ཞིག་སྐྱེས། དེ་ནི་ལོས་ཡིན་ཏེ། སྤི་ཏི་ས་ཁུལ་གྱི་ས་ཆའི་གནས་བབ་དང་སྡོད་དམངས་ཀྱི་གོམས་གཤིས། ལུགས་སྲོལ། གྱོན་ཆས། སྐད་རིགས། ལྷག་པར་དུ། ཁང་པའི་བཟོ་ལྟ་དང་ནང་ལོག་གི་ཁྱིམ་ཆས། འཚོ་བའི་རྟེན་གཞི་སོགས་ནི་བདག་གི་ཕ་ཡུལ་བོད་དང་གཅིག་པ་གཅིག་མཚུངས་རེད་པས་ཉི་མ་དེར་ང་ནི་རང་གི་ཕ་ཡུལ་ལ་སླེབས་པ་དང་མཚུངས་པའི་སྣང་བ་ཡ་མཚན་པ་ཞིག་གིས་སྦྲིད་དུ་བཅུག
སྔ་མའི་སྐབས་སུ་ས་ཆ་འདི་ནི་བོད་རྒྱལ་ཁབ་ཆེན་མོའི་མངའ་ཁོངས་ལ་བདག་པའི་སྐོར་གྱི་ལོ་རྒྱུས་ཡིག་ཆ་ད་ལྟ་དངོས་སུ་མཐོང་རྒྱུ་མང་དུ་གདའ་བ་མ་ཟད། ཁོང་ཚོའི་འགྱུར་མེད་ཀྱི་ད་ལྟའི་ཡུལ་གོམས་གཤིས་ལུགས་དང་རིག་གཞུང་། ཆོས་ལུགས། སྐད་ཡིག འཚོ་རྟེན་སོགས་ཀྱིས་ཀྱང་ཁོང་ཚོ་ནི་བོད་རྒྱལ་ཁབ་ཆེན་མོའི་མངའ་ཁོངས་ཀྱི་འབངས་མི་ཡིན་པ་ལ་ར་སྤྲོད་གསལ་བོ་བྱེད་ཀྱི་འདུག ལྷག་པར་དུ་ལོ་རྒྱུས་ཡིག་ཆ་འགའ་ཤས་ན་གར་ཞྭའམ་དཀྱིལ་ལུང་ཟེར་བའི་གྲོང་ཚོ་འདིའི་སྡེ་དམངས་ཡོངས་ཀྱི་འབྱུང་ཁུངས་གཙོ་བོ་ཡང་བོད་ཀྱི་འབྲོག་མི་ཕྱུགས་སྐྱོང་བ་ཚོ་ལ་གཏུགས་ཀྱི་འདུག་ན་སྤུ་ཏི་ས་ཁུལ་གྱི་སྡོད་དམངས་ནི་དེ་བས་ཀྱང་ལོས་ཡིན་སྙམ་པ་བྱུང་།
ཡིན་ནའང་། སྐྱོ་དགོས་པ་ཞིག་ལ་རིན་ཆེན་གྱི་རི་རབ་ལྟ་བུའི་ས་ཆ་འདི་ཚང་མ་རྒྱ་གར་གྱི་མངའ་ཁོངས་སུ་ལྷུང་འདུག་ལ་གཤིས་འཇམ་གཞུང་དྲང་གི་འབངས་མི་འདི་ཚང་མ་ཡང་རྒྱ་གར་གྱི་མི་སེར་ལ་གྱུར་ཡོད་པ་རེད། ཡང་གཅིག་བཤད་ན། ལོ་དང་ཟླ་བ་མང་པོའི་འགྱུར་འགྲོས་ཀྱི་ལྟེབ་ཁུགས་བརྒྱུད་ནས་ད་ལྟ་དང་དེི་རིང་གི་སྐབས་སུ་གར་ཞྭ་ས་ཁུལ་གྱི་སྡོད་དམངས་ཚང་མ་ནི་རྩད་ནས་འགྱུར་འདུག་པ་དང་དྲུངས་ནས་ཚར་ལ་ཁད་པས་སྔོན་ཆད་ཀྱི་སྔོན་ཆད་ཅིག་ལ་གར་ཞྭ་བ་ནི་བོད་ཀྱི་འབངས་མི་ཡིན་པའི་ལོ་རྒྱུས་ཀྱི་གནའ་གཏམ་ཙམ་ལས་ད་ལྟ་གང་ཡང་རེད་མི་འདུག
ཉི་མ་གཅིག་བདག་གི་དགེ་རྒན་གྱི་ཁ་ནས་གློ་རྡེག་ཏུ་ མེས་པོ་གོང་མ་ཚོའི་སྐབས་ཀྱི་རྒྱལ་ཁབ་དེ་འདྲའི་ཆེན་པོ་ཞིག་ད་ལྟ་འདི་ཙམ་པོ་ཞིག་ཏུ་གྱུར་སོང་བ་རེད་ཨང་ཞེས་མགོ་བོ་འཕྲེད་དུ་གཡུགས་ཏེ་སྣང་བ་སྐྱོ་སྐྱོ་དང་སེམས་པ་སྡུག་སྡུག་བྱས་སོང་།
ངའི་སེམས་ལ་ཡང་ས་ཆ་འདི་འདྲའི་ཆེན་པོ་ཞིག་རྒྱ་གར་གྱི་མངའ་ཁོངས་སུ་ལྷུང་ཡོད་པ་ཡིན་ན་དེ་ནིོ་བོད་ཀྱི་ས་ཐོག་ལ་ཁ་གདངས་ཚུལ་མ་འདྲ་བ་ཙམ་ལས་སོ་བརྒྱབ་ཚད་ནི་རྒྱ་ནག་དང་འདྲ་བོ་འདྲ་བོ་རེད་ཨང་སྙམས་པ་བྱུང་།
སྔོན་ཆད་སྤི་ཏིའི་ས་ཁུལ་གཙོས་མ་ན་ལིའི་ས་ཁུལ་ཡོངས་རྫོགས་སྟོད་མངའ་རིས་སྐོར་གསུམ་གྱི་མངའ་ཁོངས་སུ་ཚུད་པ་མ་ཟད་བོད་སིལ་བུར་ཐོར་བའི་རྗེས་སུ་ཡང་མངའ་རིས་རྒྱལ་བོའི་ཆབ་འབངས་སུ་གཏོགས་པའི་ཁུངས་ལྡན་ཡིག་ཆའི་ལོ་རྒྱུས་མང་དུ་གདའ་མོད། འོན་ཀྱང་། ད་ལྟའི་དུས་ལ་དེ་དག་ནི་ཕན་ཐོགས་མེད་པའི་གད་སྙིགས་ཁྲོད་ཀྱི་ཤོག་བུ་དང་ཆ་རེད།
ལར་ནས་རྒྱ་གར་དང་བོད་གཉིས་ཀྱི་དབར་ལ་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་བཟུང་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཛའ་གཅུགས་ཀྱི་འབྲེལ་བ་བསམ་གྱིས་མི་ཁྱབ་པ་དེ་འདྲ་བྱུང་མྱོང་ཡོད་པ་དང་ད་ལྟའི་དུས་ལ་ཡང་ཁྱོད་བཟང་ང་བཟང་གི་ཐོག་ན་བསྡད་ཡོད་པ་རེད་དེ། འོན་ཀྱང་། སྲིད་ཕྱོགས་ནས་གླེང་ན་ང་ཚོའི་དབར་ལ་ད་དུང་ཡང་མི་མངོན་པའི་བར་ཆོད་ཅིག་ལྷག་ཡོད། རྒྱ་གར་གྱི་ཆབ་སྲིད་པ་ཚོས་ད་ལྟའི་བར་དུ་བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ལག་པ་བསྲིངས་མ་ཐུབ་པ་དེ་ཡང་དྲང་མོ་བཤད་ན་གོང་གི་ས་ཆ་དེ་དག་གི་རྐྱེན་དབང་གིས་ཁོང་ཚོའི་སྨྲ་སྒོའི་ལྡེ་མིག་རྒྱ་ནག་གི་ལག་པ་ན་ཡོད་པས་རེད། ཁ་འཇམ་ཁོག་ནག་གི་མི་འདི་ཚོས་ནག་ཉེས་ཀྱི་ངོ་གདོང་ལ་གཞན་འགུག་གི་འཛུམ་མདངས་ཉི་མ་འདྲ་བ་རེ་བཟུང་ནས་ཤ་པགས་རུས་གསུམ་རྣག་གིས་ཟ་བ་བཞིན་ཁད་དང་རིམ་གྱིས་ང་ཚོ་མཐའ་ལ་འདེད་ཀྱིན་པའི་སྣང་བ་བྱུང་། ལོ་རྒྱུས་དང་བཅས་པ་རྩད་ནས་རྫོག་པར་བྲེལ་བཞིན་པའི་ཁོ་བ་ཚོས་ཆེས་གཏི་ཐུག་གི་ལས་ཀ་བགྱིས་པའི་རྣམ་པ་གསོན་པོ་ཞིག་ཀྱང་ཞོར་ལ་མཐོང་སོང་། གང་ལྟར། ད་ལྟའི་སྐབས་ལ་ཁ་འཐོར་དགུ་འཐོར་དུ་གྱུར་ཞིང་ཁ་ཆག་སྣ་རལ་དུ་གྱུར་བའི་བོད་རྒྱལ་ཁབ་ཆེན་མོ་འདི་ལ་བསམས་ན། གནའ་སྔ་མོའི་བཙན་པོ་སྙིང་སྟོབས་ཅན་དང་རིག་སྟོབས་ཅན། བློ་སྟོབས་ཅན་དང་དཔའ་འཛིངས་ཅན་ཚོའི་སྐབས་ཀྱི་ས་གསུམ་དབང་དུ་བསྡུས་པའི་རྒྱལ་ཁབ་དེ་ནི་དངོས་གནས་བློ་ཡུལ་ལ་ཤོང་དཀའ་བའི་གྱང་ངོས་ཀྱི་ལྡེབ་རིས་སྙིང་རྗེ་བོ་ཞིག་དང་ཆ་འདྲ་ནའང་། ང་ཚོ་ལ་དེའི་སྐབས་ཀྱི་མཛད་རྗེས་དག་གཟུངས་བསྔགས་བཞིན་ཡང་དང་བསྐྱར་དུ་བཟློ་བའི་སྨྲ་ལྕེ་ལེབ་མོ་ཞིག་དང་གཞན་ལ་ཧམ་གྱིས་ངོམས་པའི་ལོ་རྒྱུས་ཀྱི་གླེག་བམ་རི་འདྲ་བ་ཞིག་ལས་ཅི་ཡང་ཡོད་པ་མ་རེད་དོ།།
མི་ཞིན་ལགས་ཀྱིས་འགྲུལ་བསྐྱོད་ཟིན་ཐོ་ཡག་པོ་ཞིག་བྲིས་འདུག ང་རང་ཡང་རྨ་རི་ཐེངས་གཅིག་འགྲོ་མྱོང་ཡོད་པས་ཕྱིར་དྲན་གྱི་མིག་ལམ་དུ་འཆར་བྱུང། ང་འགྲོ་དུས་ད་སྐབས་ཀྱི་དུས་ཚོད་འདི་ཙམ་ཞིག་ལ་རེད་འདུག་ལ། ས་དེ་ན་འབྲོག་པ་རྣམས་ཀྱིས་ལུག་བལ་འབྲེག་པའི་སྐབས་རེད། ཡར་གྱི་རི་ཁུག་ན་ནོར་གནག་བཀྲམས་ཤིང། རི་མགོར་ལུག་ཁྱུ་བཞུར་གྱི་འདུག་པས། ཕ་ཡུལ་གྱི་རྩྭ་ཐང་དེ་དག་ཡིད་ལྷང་ངེར་དྲན་འོང།
༄། །སྟོད་མངའ་རིས་སྐོར་གསུམ་གྱི་ས་ཆ་མང་ཤོས་དེ་ད་ཆ་རྒྱ་གར་དང་ཁ་ཆེའི་མངའ་ཁོངས་སུ་ཤོར་ཡོད་པ་དངོས་དོན་རེད་ལ། དེ་ཡང་གནའ་བོའི་བོད་རྒྱལ་ཁབ་དར་ཞིང་རྒྱས་པའི་སྐབས་ཀྱི་བོད་རྗེ་བཀྲིན་ཅན་ཚོའི་མངའ་རིས་རྣམ་དག་ཡིན་པ་ལ་བསྙོན་དུ་མེད་ཀྱང་། སིལ་བུ་ཁ་ཐོར་ཀྱི་རྗེས་ནས་དབང་འཛིན་གྱི་གོ་ས་འཛིན་མཁན་ཞབས་ན་ཁྲི་དང་མགོ་ན་གདུགས་ཅན་གྱི་ཆོས་པའམ་ཆབ་སྲིད་པ་གང་ཡང་ཡིན་མཉམ་ཆན་ཚོའི་ཁ་སྟབས་དང་ནུས་ཤུགས་ཀྱིས་གནའ་བོའི་བོད་རྒྱལ་ཁབ་ཆེན་པོ་ཁ་ཆག་སྣ་ཤོར་རུ་བཏང་ཞིང་། ནང་ཁུལ་མི་མང་ལ་ཆོས་བརྒྱུད་འཐེན་འཁྱེར་གྱི་གཡོ་འཁྲུག་མང་དུ་བསླབས་པའི་འབྲས་བུ་རུ་ལྷག་ལུས་དེ་ཡང་རྒྱ་དམར་ལ་ཡོངས་སུ་བསྔོས་ནས་ཤ་གཟུག་ཟ་རྐྱང་རང་མཛད་པ་འདི་བྱུང་བའི་ད་ལྟའི་ཆར། གོང་གསལ་རྒྱ་གར་ཁོངས་སུ་ཐིམ་པའི་མ་ན་ལི་དང་། རྨ་རི། རོ་འཕྲང་། གར་ཞྭའམ་དཀྱིལ་ལུང་། ར་རིག ཆི་ཀ དཀར་མཛེས། དཀྱིལ་དབར། རྒྱུད། བློ་གསར་སོགས་སུ་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་ནག་ཉེས་ཅན་ལག་བསྟར་མ་བྱས་པའི་རྟགས་སུ་གནའ་བོའི་གོམས་སྲོལ་མང་པོ་མཐོང་ལམ་དུ་ཤར་ཐུབ་པ་དེ་ལྟར་ཡང་། བོད་ནང་ན་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་ནག་ཉེས་ཅན་མང་པོ་སྣ་སྒོར་མོ་ནས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་ནི་འཛམ་གླིང་གི་མིག་ལྡན་ཡོངས་ལ་ཀུན་གསལ་ཆགས་ཡོད་པས་བོད་འདི་བཞིན་ལོ་ངོ་ཅི་ཙམ་ལ་གནས་ཐུབ་བམ།
མི་ཞུན་ལགས་བོད་རྒྱལ་ཁབ་ཆེན་པོའི་སྐྱོ་ཉམས་ལ་སྙིང་བརྩེ་བ་དང་སྔར་བོད་སིལ་བུ་འཐོར་རྗེས་
ཡ་ང་བའི་བྱེད་ཕྱོགས་ལ་ལྟོས་སྟེ་ས་ཆ་མི་ལག་ཤོར་བའི་རང་མདངས་ལ་ཁོང་ཁྲོ་བའི་རྣམ་པ་ཡང་
གསལ་པོ་འདུག་དེ་དག་ཕལ་ཆེར་རང་གི་འགོ་དཔོན་ཚོས་ནང་འཁྲུགས་ཀྱི་རྒྱུ་རྐྱེན་ཁོ་ནར་གཙོ་བོར་
བཟུང་སྟེ་ནང་ཕན་ཚུན་དབར་དགྲ་ནག་པོའི་ལྟར་གྱི་བརླགས་གཏོར་གྱི་བྱ་བ་ནག་པོ་དེའི་དབང་གིས་
སྤྱིའི་ཡོ་ཆས་ལ་བདག་གཅེས་བྱེད་པའི་གོ་སྐབས་ཆེར་མ་རེགས་པ་ལྟ་བུ་རེད།
གོད་ཆག་དེ་གླང་དར་མ་ནས་མགོ་ཚུགས་པ་རེད། བོད་སྤྱི་ལ་དབང་བའི་རྒྱལ་རྒྱུད་ཆད་པ་ནས་བོད་སིལ་བུར་ཐོར་བ་དང་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་གོད་ཆག་ཅིག་བྱུང་བ་རེད། ད་དུང་ཕ་སྤུན་ནང་འཁྲུག་དང་གྲུབ་མཐའི་རྩོད་རྙོག་གི་རྐྱེན་པས་ཀྱང་ཆིག་སྒྲིལ་མེད་པར་གྱུར་བ་དང་ཚོང་འབྲེལ་གྱི་འགྲུལ་བཞུད་བཅས་ལ་བརྟེན། བོད་ཁམས་ཟ་འདོད་ཀྱི་ཚོང་བ་མང་པོ་བོད་ལ་བསླེབས་ནས་ངན་ཇུས་རབས་དང་རིམ་པ་མང་པོ་བཤམས། མཐར་ལོ་རྒྱུས་ཀྱི་གླེགས་བམ་ཙམ་ལས་རང་ཡུལ་རང་ལག་ཏུ་མི་དབང་བའི་ཚད་དུ་བསྐྱལ་བ་དང་དེའི་བྱས་ཉེས་ཡོད་ཚད་ཆོས་ལུགས་པའི་མགོ་ཐོག་ལ་བཞག་ནས་ཆོས་ལ་དགག་པ་བརྒྱབ་པ་དང་ལེ་གདའ་བྱས་ནས་ཡོང་རྒྱུ་ཅི་ཡོད། གཞན་གྱི་སྟོབས་ཤུགས་བོད་ལ་འོངས་བ་ལས་རིམ་པས་འདི་ལྟར་ཁ་ཐོར་དུ་གྱུར་བ་ཡིན་རྒྱུ་རེད། བོད་གཅིག་བུ་མ་རེད། འཛམ་གླིང་གི་འགྱུར་བ་ཕལ་ཆེ་བ་སྟོབས་ཆེ་བས་སྟོབས་ཆུང་བ་ཟོས་ནས་དེ་ལྟར་འོངས་བ་རེད།
སྐྱིད་ལུང་དང་། རོ་ཐང་སོགས་སྔར་བོད་ཀྱི་མངའ་ཁུལ་དང་། ལྷག་པར་དམར་རི་འདི་བོད་ཀྱི་ས་མཚམས་ཡིན་པ་མིང་འདིས་ཤེས་ཐུབ། རང་བཙན་མེད་ཚར་དུས་སུའི་མངའ་ཁོངས་ཡིན་ན་ཡང་ཁྱད་ཡོད་མ་རེད། གལ་ཆེ་ཤོས་དེ་རང་གི་ཆོས་དང་རིག་གཞུང་སྐད་ཡིག་མ་ཉམས་པའི་ཐོག་ནས། དེང་དུས་ཚན་རིག་གི་ཡར་རྒྱས་དེ་རྗེས་ལུས་མ་ཐེབས་པ་བྱ་རྒྱུ་དེ་གལ་ཆེ་ཤོས་མིན་ནམ།
རྣམ་པ་ཚོས་ངའི་རྩོམ་ཡིག་འདིའི་སྒང་ལ་གླེང་མོལ་བྱས་པར་སྙིང་ཐག་ནས་བཀའ་དྲིན་ཆེ། མུ་མཐུད་ནས་ཡིན་ད།
ངོ་མ་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་བྲིས་འདུག དེ་མིན་དེང་སང་རྩོམ་ཡིག་ཕལ་ཆེ་བ་ལ་དོན་སྙིང་ཅང་མི་འདུག
རྒྱ་གར་ནིོ་བོད་ཀྱི་ས་ཐོག་ལ་ཁ་གདངས་ཚུལ་མ་འདྲ་བ་ཙམ་ལས་སོ་བརྒྱབ་ཚད་ནི་རྒྱ་ནག་དང་འདྲ་བོ་འདྲ་བོ་རེད། ངོ་མ་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་བྲིས་འདུག སྙིང་ཐག་ནས་བཀའ་དྲིན་ཆེ།
ཧ་ཅང་ཡག་པོ་ཞིག་བྲིས་འདུག ད་དེ་འདྲ་རང་རེད། ཧུ་ཧུ་་་
ཝཱཎ་མཐོ་སློབ་ཀྱི་སྨྱུག་གསར་ཞིག་སླེབས་པར་བསྟོད། མུ་མཐུད་ཅིག