མཐིང་ཟླ།
རང་ཡུལ་བོར་བའི་ལམ་དེའི་ཡང་མཐའ་ན།
སྡུག་ཡུས་མནར་བའི་ཡུལ་གྱར་ཁྱུ་ཚོགས་ཤིག
མདུན་ན་ཡོད་པ་ནི་འཚོ་བའི་འགྲན་རྩོད་དེ་ཡིན།
རྒྱབ་ན་ཡོད་པ་ནི་མིག་ཆུའི་རེ་སྒུག་དེ་ཡིན།
བསམ་གཞིགས་ཐེངས་རེར། ཕྱི་མིག་ཐེངས་རེར།
འདས་དུས་ལ་འཁྲེང་སེམས་སྐྱེས་མྱོང་།
འཁྱག་སིབ་སིབ་ཀྱི་ལོ་ཟླ་དེ་གྲང་མོ་ཡིན།
ང་ཚོ་སུ་རེད། རང་དབང་ཞེ་ལ་ཐོགས་པའི་ཕུགས་བསམ་ཅན།
ང་ཚོ་སུ་རེད། ཡོད་ཚད་གཞན་ལ་ཤོར་བའི་ཡུལ་གྱར་བ།
དྲན་པ་ཐེངས་རེར། ང་ཚོས་བྱིས་དུས་ཀྱི་འཚར་ལོངས་དྲན་བྱུང་།
དྲན་པ་ཐེངས་རེར། ང་ཚོས་གངས་རི་ཡི་སྤྱན་ཆབ་དྲན་བྱུང་།
དྲང་ཚུགས་ལྕགས་ལ་བསྲེས་པའི་ཡ་ཆུང་ན།
ཕུགས་མདུན་འཚོལ་བའི་སེམས་གཤིས་དཀར་བོ་ཅན།
གམ་ན་ལྷག་པ་ནི་རྐང་བ་ཚུགས་པའི་འགུལ་སྐྱོད་ཡིན།
རྒྱབ་ན་འཕུར་བ་ནི་ལྷན་འཛོམས་ལ་རེ་བའི་འབོད་པ་ཡིན།
བསམ་གཞིགས་ཐེངས་རེར། ཕྱི་མིག་ཐེངས་རེར།
འདས་དུས་ལ་འཁྲེང་སེམས་སྐྱེས་མྱོང་།
འཁྱག་སིབ་སིབ་ཀྱི་ལོ་ཟླ་དེ་གྲང་མོ་ཡིན།
ང་ཚོ་སུ་རེད། རང་མགོ་གཞན་ལ་ཤོར་བའི་གཏམ་རྒྱུད་ཅན།
ང་ཚོ་སུ་རེད། ན་ཟུག་སྤོབས་པར་བརྒྱུས་པའི་གངས་རི་བ།
དྲན་པ་ཐེངས་རེར། ང་ཚོས་འདས་ཟིན་གྱི་གཟི་བརྗིད་དྲན་བྱུང་།
དྲན་པ་ཐེངས་རེར། ང་ཚོས་གངས་སྟོར་གྱི་རང་ཉིད་དྲན་བྱུང་།
འདི་ནི་གཞས་པ་གདུགས་དཀར་ཡག་གི་”ང་སུ་རེད” ཅེས་པའི་གཞས་ཚིག་དེ་ལ་དཔེ་བླངས་ནས། ང་ཚོ་ཡུལ་གྱར་བའི་གནས་སྟངས་མཚོན་པའི་གླུ་ཚིག་ཅིག་ལད་འབྲི་བྱས་པ་ཡིན་པས། རྩོམ་རྐུན་གྱི་མིང་མི་འབྱུང་བའི་རེ་བ་ཡོད།