སྐྱོ་བྲག་དགའ་དབང་།
ངེད་གསུམ་མཉམ་དུ་འཛོམས་ན་སྤྲོ་པོ་ཡོད་ངེས་མོད། ཡིན་ནའང་། ལུག་རྫི་ས་མཐར་འཁྱར། གངས་ལྷ་གྲོང་ན་རྒྱུག །ལྷ་རྩེ་རི་མགོར་ཡིབ། མཉམ་འཛོམ་ཟེར་བ་སྟོང་གཏམ་ཙམ་རེད།
གཉོམ་ལུག་རྫི་ཆུང་། རོ་ལྷ་རྩེ་གྱོང་། རླབས་གངས་ལྷ་ཆེ།
ང་ཚོ་མི་སྔུན་ལ་འགྲོ་ན་དཔོན་གངས་ལྷ། ང་ཚོ་དབེན་རི་ལ་བསྐྱོད་ན་བླ་མ་ལྷ་རྩེ། ང་ཚོ་གྱོད་ཁུག་ལ་ལྷུང་ན་གྱོད་པ་ལུག་རྫི་ཡིན་འགྲོ།
ང་ཚོས་གཞན་ཕན་སྒྲུབ་ན་དཔོན་གངས་ལྷ། ང་ཚོས་ཞིང་སྒྲུབ་འཚོགས་ན་དཔོན་ལྷ་རྩེ། ང་ཚོས་ཚོགས་འདུ་ཚོགས་ན་དཔོན་ལུག་རྫི་ཡིན་འགྲོ།
ལས་ཀ་ལ་ཐུག་ན་དཔོན་གངས་ལྷ། ཁ་རྒྱགས་ལ་ཐུག་ན་དཔོན་ལུག་རྫི། གཡོ་སྐོལ་ལ་ཐུག་ན་དཔོན་ལྷ་རྩེ་ཡིན་འགྲོ།
མིང་སྟོང་ལུག་རྫི་མང་། བྱས་རྗེས་གངས་ལྷ་ཆེ། ཉམས་རྟོགས་ལྷ་རྩེ་མཐོ།
རྒྱུ་དགོས་ན་གངས་ལྷ་མེ་ཏོག་ཆེ། ཆོས་དགོས་ན་ལྷ་རྩེའི་ཁུ་བྱུག་ཆེ། མིང་དགོས་ན་ལུག་རྫི་རས་པ་ཆེ། བལྟ་ཤེས་ན་ཆེ་ཆུང་གཅིག་པ་རེད།
གང་ལྟར་བག་ཆགས་མི་འདྲ་བས། སོ་སོའི་གཤིས་སྤྱོད་ཀྱང་མི་འདྲ་བ་ཡིན། ང་དཔོན་ཁྱོད་གཡོག་གི་ངེས་པ་ཞིག་ག་ལ་ཡོད།