འཇིགས་བྲལ་བསྟན་འཛིན། སུད་སི།
དེང་སང་བོད་མིའི་ཚེ་སྲོག་བོད་དོན་གྱི་ཆེད་དུ་ཤོར་བ་ཁག་གི་ཐད་ལ་ཚང་མར་གང་དགའ་ཅི་ལེགས་ཀྱི་བསམ་ཚུལ་སླེབས་བཞིན་ཡོད་པ་རེད། དེ་བས་གུས་པ་སྒེར་གྱི་བསམ་ཚུལ་ཐུང་ཐུང་ཞིག་དོན་ཚན་དུ་ཆ་བགོས་རྒྱབ་ནས་ཞུ་རྒྱུ་ལ།
དོན་ཚན་དང་པོ། ད་བར་ཉུང་མཐར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལས་བརྒལ་བའི་ཚེ་སྲོག་དེ་བོད་དོན་གྱི་ཆེད་དུ་ཤོར་བ་རེད། འདིའི་ནང་དེང་སང་ཚེ་སྲོག་ཤོར་བཞིན་པའི་རང་ཉིད་མེར་སྲེག་གི་དོན་རྐྱེན་དེ་ཡང་ཚུད་དགོས་ཀྱི་རེད། ཚེ་སྲོག་འདི་དག་ཤོར་སྔ་ཕྱི་ཙམ་མ་གཏོགས་ཚེ་སྲོག་ཤོར་བ་གཅིག་པ་རེད། དེར་བརྟེན་ང་ཚོས་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་ནམ་ཡང་ཕྱེ་རྒྱུ་ཡོད་མ་རེད། བཤད་སྟངས་གཞན་ཞིག་གི་ལམ་ནས་བཤད་ན། ཚེ་སྲོག་ཤོར་བ་ཕྱི་མ་དེ་ཚོ་གླེང་དུས་སྔ་མ་དེ་ཚོའི་ཚེ་སྲོག་ཤོར་བ་བརྗེད་མི་འོས་པ་རེད་ཟེར་གྱི་ཡོད་ལ། མདོར་ན་ཤོར་ཟིན་པའི་ཚེ་སྲོག་ཡོངས་རྫོགས་ལ་གཅིག་གྱུར་གྱི་རིན་ཐང་འཇོག་དགོས་ཀྱི་རེད། མ་ཟད་བོད་ནང་གི་བོད་མིར་དེ་བྱོས་དང་། དེ་མ་བྱེད་ཟེར་བའི་བཀོད་པ་གཏོང་ཡག་གི་ཐོབ་ཐང་དེ་ང་ཚོ་བཙན་བྱོལ་བོད་མི་སུ་གང་ལ་ཡོད་མ་རེད་བསམ་གྱི་འདུག
དོན་ཚན་གཉིས་པ། ང་ཚོ་བཙན་བྱོལ་བོད་གཞུང་མང་གིས་ག་རེ་བྱེད་དགོས་རེད་ཟེར་ཡོང་དུས་ངེས་པར་ཚེ་སྲོག་འདི་དག་གིས་འབོད་སྒྲ་ག་རེ་བསྒྲགས་ཡོད་པ་དེ་ལ་ཕྱིར་བལྟ་བྱེད་དགོས་རེད། དེ་ལ་ཚེ་སྲོག་ཤོར་བ་འདི་དག་ཁོ་ནའི་འབོད་སྒྲ་གླེང་ན། བོད་བསྟན་སྲིད་གཉིས་ལ་རང་བཙན་ནམ། བོད་བསྟན་སྲིད་གཉིས་ལ་རང་དབང་དགོས་པ་སྟེ་བོད་ལ་རང་དབང་དགོས་ཟེར་བའི་འབོད་ཚིག་དེ་གླེང་ཡོད་པ་རེད། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པའི་དེང་གི་འབོད་སྒྲ་དང་། ༡༩༥༩ ལོར་༧གོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་སྐྱེལ་ཞུས་པ་འདི་གཉིས་ཀ་ཡང་བོད་རང་བཙན་དང་བོད་རང་དབང་གི་ཆེད་དུ་རེད། དེ་མ་གཏོགས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་པའི་འབོད་སྒྲ་དེ་ཁོང་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བའི་འབོད་ཚིག་ཞིག་མ་རེད། དེར་བརྟེན་བོད་མིས་ ༡༩༤༩ ནས་ད་བར་ཚེ་སྲོག་གིས་འབོད་བཞིན་པའི་འབོད་སྒྲ་དེ་ཇི་ལྟར་བསྒྲུབ་དགོས་མིན་དེ་དྲི་བ་ཞིག་ཏུ་གྱུར་ཡོད་པ་རེད།
དོན་ཚན་གསུམ་པ། བསྒྲུབ་བྱ་རང་བཙན་དང་རང་དབང་གང་ཡིན་རུང་སྒྲུབ་བྱེད་ཞི་བའི་འཐབ་རྩོད་ཀྱི་ལམ་དུ་བསྐྱོད་དགོས་པ་དེ་ང་ཚོའི་བགྲོད་ལམ་ཉག་ཅིག་རེད། ཡིན་ནའང་ཞི་བའི་འཐབ་རྩོད་དེ་ནང་ཆོས་ཀྱི་གཞུང་ནས་བཤད་པའི་སྤྱོད་པ་འཚེ་བ་མེད་པའམ་གཞན་གནོད་མི་བྱེད་པའི་བརྩེ་བའི་སེམས་བྱུང་ལག་བསྟར་བྱེད་པའི་དོན་དེར་གོ་རྒྱུ་ཞིག་མ་རེད། ཞི་བའི་འཐབ་རྩོད་ནི་ཕ་རོལ་པོའི་ལུས་སྲོག་ལ་རྨ་མི་གཏོད་ཀྱང་། ཕ་རོལ་པོར་ཕར་རྒོལ་བྱེད་པའི་རང་ཉིད་བློས་གཏོང་གི་ཐབས་ལམ་ཞིག་ལ་ཟེར་བ་རེད། ཞི་བའི་འཐབ་རྩོད་ཀྱི་སྐོར་ལ་འཛམ་གླིང་དུ་བྱུང་བའི་ཞི་བའི་འཐབ་རྩོད་བྱེད་ཐབས་དེ་ཚོ་བེད་སྤྱོད་པ་དང་། ཡུལ་དུས་ལ་དཔག་པའི་ཐབས་བྱུས་ལག་བསྟར་བྱེད་དགོས་པ་རེད།
དོན་ཚན་བཞི་པ། དེང་སང་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་མིང་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཟེར་བ་ཞིག་རྩོད་ཀྱི་ཡོད་པ་རེད། དུས་རྒྱུན་བོད་དོན་ལ་དངོས་འབྲེལ་དོ་སྣང་སྤྲོད་མཁན་ཞིག་ཡིན་ན་ཐབས་ལམ་འདི་བརྒྱུད་ནས་བོད་ལ་རང་བཙན་དང་རང་དབང་གཉིས་ཀ་རྩ་བ་ནས་ཐོབ་མི་སྲིད་པ་གསལ་པོ་ཆགས་ཡོད་པ་དེ་ཞིབ་རྒྱས་ཞུ་མི་དགོས་པ་བྱོས། གང་ལྟར་བོད་མིའི་ཚེ་སྲོག་གིས་གླེང་བཞིན་པའི་འབོད་སྒྲ་དེ་དེང་སང་རྩོད་བཞིན་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་འདི་མིན་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོས་རང་གི་ལོ་རྒྱུས་དང་བོད་མིའི་མངོན་འདོད་མ་ཤོར་བའི་རྩ་དོན་གཞིར་བཞག་ཐོག་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་རང་དབང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ཡོད་པའི་རང་སྐྱོང་དགོས་པའི་རྩ་དོན་འོག་རྒྱ་བོད་མཉམ་གནས་བྱེད་པའི་ལམ་ཞིག་ལ་དབུ་མའི་ལམ་ཞིག་ཏུ་འཇོག་དགོས་པ་དང་རྩོད་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་ཡོད། གང་ཡིན་ཟེར་ན། རྒྱ་མིས་གྲོས་མོལ་བྱེད་ཟེར་ན་ང་ཚོས་གླེང་རིན་ཡོད་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པ་ཞིག་གླེང་དགོས་རེད་ལ། རྩོད་དགོས་རེད། དེ་མིན་ང་ཚོས་རྩོད་བཞིན་པ་དེ་དབུ་མའི་ལམ་མི་ཆགས་པར་རྒྱ་མིའི་ལམ་ཆགས་ངེས་པ་རེད་སེམས་ཀྱི་ཡོད། དེར་བརྟེན་གྲོས་ཚོགས་ནས་དགོངས་པ་ཟབ་བཞེས་དང་འབྲེལ་ནས་བཀའ་ཤག་ལ་ལས་དོན་བྱེད་བདེ་བཟོ་དགོས་པ་རེད་བསམ་གྱི་འདུག ༢༠༡༠།༠༣ ནང་བཞག་པའི་དབུ་མའི་ལམ་གྱི་གྲོས་ཆོད་དམིགས་བསལ་བ་དེ་ནི་ངེས་པར་ཕྱིར་བསྡུ་བྱེད་དགོས་པ་ཞིག་རེད། དེ་ཧ་ཅང་སྦུག་དོགས་པའི་གྲོས་ཆོད་ཅིག་དང་། ལས་དོན་བྱེད་ཕྱོགས་ཀྱི་བཀག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ངེས་པར་ངོས་འཛིན་དགོས་པ་ཞིག་རེད་བསམ་གྱི་འདུག
དོན་ཚན་ལྔ་པ། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་ཆོས་ཚོགས་བཙུགས་ཏེ་ཡོད་པའི་མཁན་པོ་དང་། དགེ་བཤེས། སྔགས་པ་སོགས་མདོར་ན་གཞིས་ལུས་དགོན་སྡེ་ཁག་གིས་རེ་བ་བྱེད་ཡུལ་ཚོས་ཐུགས་དགོངས་ཡག་པོ་བཞེས་དགོས་པ་འདུག་སྙམ་གྱི་འདུག གང་ཡིན་ཟེར་ན། ཁྱེད་རྣམ་པར་དད་པ་དང་དམ་ཚིག་བཅངས་ནས་ཁྱེད་རྣམས་ཀྱི་གཅིན་ཚུན་འཐུང་བ་དང་། ཨ་རི་སྒྲོ་ལོ་དང་ཡུ་རོབ་ཡུ་རོ་སོགས་ཕུལ་རྒྱུ་མེད་ཀྱང་རང་གི་ཚེ་སྲོག་ཚུན་ཁྱེད་རྣམས་ཀྱི་དོན་དུ་གཏོང་ནུས་པའི་གཞིས་ལུས་དགོན་པ་དང་། སྡེ་མི་སེར་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱ་མིས་སྡུག་སྦྱོང་མྱོང་བཞིན་ཡོད་པ་རེད། ཁྱེད་རྣམས་ནས་བོད་མི་ཞིག་ཡིན་པའི་འགན་ཁུར་འདོད་མེད་པ་སྟེ་ཁྱེད་རྣམས་ཐར་བ་དོན་གཉེར་ཡིན་ཟེར་གྱི་ཡོད་པ་དང་ཡིན་ན་དེས་ཆོག་པས། ཁྱེད་རྣམས་ནས་ཆབ་སྲིད་ཀྱི་བཀའ་མོལ་མ་གནང་ན་ཆོག་ཀྱང་། བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་བཞིན་པའི་རྒྱ་མིའི་ལས་དོན་བྱེད་ཕྱོགས་དེ་ལ་དཔག་ནས། འཛམ་གླིང་དང་། རྒྱ་ནག་གཞུང་ལ་ཆོས་ལུགས་རྩ་མེད་གཏོང་བཞིན་པ་མཚམས་འཇོག་དགོས་པ་དེ་བསྟན་པ་དང་རང་གི་གདུལ་བྱའི་དོན་དུ་ག་རེ་བྱས་ནས་གསུང་ཐུབ་ཀྱི་མེད་པ་རེད། དེ་ངེས་པར་གསུང་དགོས་རེད་སྙམ། དེ་གསུང་ཐུབ་ཀྱི་མེད་ན་བསྟན་འགྲོའི་དོན་ཟེར་བ་ཡང་དགོད་བྲོའི་གནས་ལས་ཅང་རིན་ཐང་འདུག་གམ།
དོན་ཚན་དྲུག་པ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཀྱི་སྲིད་དོན་ལོ་རྒྱུས་སྤྱི་དང་། ལྷག་པར་རྒྱ་ནག་གི་སྲིད་གཞུང་རིམ་བྱུང་གིས་བོད་དུ་བཙན་འཛུལ་དང་། དམར་གསོད། བཙན་གཡེམ་སོགས་བོད་ཀྱི་གནོད་བཅུད་གཉིས་ཀ་ཇི་ལྟར་རྩ་མེད་གཏོང་བཞིན་པའི་སྐོར་དང་། བོད་མིས་སྔ་ཕྱི་བར་གསུམ་དུ་གདོང་ལེན་ཁ་གཏད་ཇི་ལྟར་བྱས་དང་བྱེད་བཞིན་པའི་སྐོར་དེ་སློབ་ཕྲུག་ཚོར་ངེས་པར་སློབ་དགོས་ཀྱི་འདུག ད་བར་བཙན་བྱོལ་བའི་སློབ་གྲྭ་རེ་རེ་དང་། དམག་སྒར་རེ་རེ་ཚུན་ཆད་དུ་ཆོས་དགེ་རེ་གཉིས་བཙུགས་ཡོད་ཀྱང་སྲིད་དགེ་གཅིག་ཀྱང་བཙུགས་མེད་པ་དེ་རྩ་བ་ནས་བཅོས་བསྒྱུར་གཏོང་དགོས། མདོར་ན་ཕ་ཡི་ལོ་རྒྱུས་བུ་ཡིས་མ་ཤེས་ན། བུ་དགྲ་གཉེན་ངོ་མི་ཤེས་མཁན་ཅིག་ཏུ་འཚར་རྒྱུ་རེད། འདི་ཚང་མའི་ཐུགས་ལ་འཇོག་རོགས་ཟེར་གྱི་ཡོད།
དོན་ཚན་བདུན་པ། བོད་ནང་གི་བོད་མིའི་རེ་འབོད་དེ་དག་ཆབ་སྲིད་པའི་བཟོ་བཅོས་ཀྱིས་ལྷད་མ་འདྲེས་པའི་སྒོ་ནས་སྐད་རིགས་འདྲ་མིན་ཐོག་ཁྱབ་བསྒྲགས་བྱེད་པ་དང་། རྒྱལ་སྤྱིའི་ཁྱོན་དུ་དཔང་རྟགས་རང་བཞིན་གྱི་དཔེ་དེབ་འགྲེམས་སྤེལ་བྱེད་དགོས་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་དོན་གཅོད་ཁང་ཁག་གི་ལས་དོན་ཇི་བྱེད་ཕྱོགས་ལ་ལེགས་བཅོས་ཤུགས་ཆེན་ངེས་པར་བྱས་ཏེ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལས་ཁང་། རྒྱལ་སྤྱིའི་བྱིས་པའི་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་རྒྱུན་ཆད་མེད་པར་ཛ་དྲག་གིས་ཞུ་གཏུགས་བྱེད་དགོས་པར་མཐོང་།
དོན་ཚན་བརྒྱད་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྤེལ་ཕྱོགས་དེ་ངེས་པར་གསར་གཏོད་ཀྱི་རང་བཞིན་ལྡན་པ་དང་། བོད་མི་མང་གི་བསམ་བློའི་མངོན་འདོད་རང་བཞིན་ལྡན་པ། བཙན་པོའི་སྙིང་སྟོབས་ཀྱི་རང་བཞིན་ལྡན་པ་ཡོངས་ཐབས་ལ་བསམ་གཞིག་བྱེད་དགོས་པ་ལས་བྱང་ཆུབ་སེམས་མཆོག་གི་གསོལ་འདེབས་རེ་འབོད་ཀྱི་དུས་ཡུན་དེ་ཡོངས་སུ་རྫོགས་པར་བྱེད་དགོས་ལ། མདོར་ན་བོད་ནང་གི་བོད་མིའི་རྣམ་དཔྱོད་གཟིགས་རྒྱང་ལ་མཐོང་ཆུང་བྱེད་པ་དེ་ངེས་པར་མཚམས་འཇོག་གིས་ང་ཚོའི་དབུ་ཁྲིད་དེ་བོད་ནང་གི་བོད་མི་ཡིན་པ་ཁ་མིན་དོན་གྱིས་ངེས་ཤེས་ཐོབ་པར་བྱས་ཏེ་ཆབ་སྲིད་ལམ་ལུགས་ལ་ཁྱོན་ཡོངས་ནས་ལེགས་བཅོས་དང་གསར་གཏོད་བྱེད་དགོས།
ཐུགས་རྗེ་ཆེ་དཔེ་ཡག་པོ་འདུག་ཚར་གཅིག་བཀླགས་པ་ཡིན་ཡག་པོ་འདུག།
ཐུགས་རྗེ་ཆེ་དཔེ་ཡག་པོ་འདུག་ཚར་གཅིག་བཀླགས་པ་ཡིན་ཡག་པོ་འདུག།
བསམ་འཆར་འདི་བཀླགས་ཟིན། དེ་རིང་གཙོ་བོ་དཔྱད་གཏམ་སྤེལ་རྒྱུ་མིན་པར་ངེད་གཉིས་ཁ་གྱེས་ཏེ་ཟླ་བ་འགའ་འགོར་བས་ཁམས་འདྲི་ཞུ། ཉེ་སྔོན་ལས་དོན་གལ་ཆེན་རེ་འཁྱོང་སོང་བས་དགའ་ཡོད། དེང་གྲོང་སྡེ་དང་པོ་ཇ་འཐུང་ཚེ་ལྷུན་འགྲུབ་དང་ཁྱེད་ཚོ་མེད་པས་བདག་ཝཱར་ཎར་ས་རྫ་ནང་གི་གི་ཇ་མངར་མོ་འཐུང་རུ་འགྲོ་ཚར་ཡིན།
དྲ་གྲོགས་ཉི་འོད་གྲོང་དང་གྲོགས་པོ་ཨ་དགེ་རྣམ་གཉིས་ཕེབས་ནས་དགའ་བསུ་གནང་བར་ཐུགས་རྗེ་ཆེ་ཞུ།
བསམ་ཚུལ་འདི་ལ་དགག་པ་གནང་ན་ཧ་ཅང་དགའ་པོ་ཡོང་བ། ང་ཚོ་བགྲོ་གླེང་དོན་དང་ལྡན་པ་ཞིག་བྱེད་ཆོག་གི་རེད།
འཇིགས་བྲལ་བསྟན་འཛིན་གི་ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ་བསམ་དོན་འགྲུབ་པའི་སྨོན་ལམ།།
འཇིགས་བྲལ་བསྟན་འཛིན་ལགས་ཀྱིས་དོན་ཚན་བརྒྱད་གསུངས་པ་དེ་ལ་དགག་པ་གནང་ན་ཧ་ཅང་དགའ་བོ་ཡོང་བ་ཞེས་གསུངས་འདུག འདིར་དགག་པ་མེད་མོད་བསམ་ཚུལ་ཞིག་ཞུ་གི་ཡིན། ཁྱེད་ཀྱིས་དབྱེ་ཞིབ་ཀྱི་རྩོམ་འདི་འདྲ་འབྲི་སྐབས། ཁྱེད་ཀྱི་དགོངས་ཚུལ་གང་ཡིན་དང་། ཁྱེད་ཀྱི་འདོད་པ་གང་ཡིན་དེ་ཚོ་གཙོ་བོར་མ་གསུངས་པར། ཡིག་ཆ་ཐོག་ན་ཅི་ཞིག་འདུག གསར་འགྱུར་ནང་ན་ཅི་ཞིག་འདུག བོད་པ་གཞན་ཚོས་ཅི་དགོངས་ཀྱི་འདུག རྒྱ་རིགས་ཀྱིས་ཅི་ཟེར་གྱི་འདུག སོགས་ཁྱེད་ཀྱིས་ཕར་བལྟས་ན་མཐོང་བའི་དཔྱད་གཞི་དེ་ཚོ་ནས་བདེན་པ་བླངས་ཏེ་བཤད་ན་ཕན་པ་མི་འདུག་གམ། དེ་མིན། འདི་ཡག་པོ་ཡིན། འདི་ཡག་པོ་མིན་ན་དཀོན་མཆོག་གསུམ་ཟེར་བ་ལྟ་བུ་ནི་དཔྱད་ཞིབ་བྱེད་སྟངས་ཤིག་མིན་པར་སྣང་། ད་སྐུ་ཉིད་ཐུགས་དགྱེས་པོ་གནང་རོགས།
མྱི་ཁྱོའི་ཁ་ན་མྱི་སྐད་ཡག་པོ་འདྲ་གོ་རྒྱུ་འདུག་པས་དགག་པ་ཅང་མེད། ཡིན་ན་ཡང་། དོན་ཚན་གཉིས་པའི། ཡུལ་དུས་ལ་དཔག་པའི་ཐབས་ཇུས་ལག་བསྟར་བྱེད་དགོས་ཟེར། ཡུལ་དུས་ལ་མཐུན་པའི་འགྲོ་སྟངས་དང་མི་མཐུན་པའི་སྲིད་ཇུས་དེ་ག་འདྲ་ཟིག་ཡོད་པ་རེད། གསལ་ཁ་ཡོད་པའི་དཔེ་མཚོན་ཞིག་ཡོད་པར་ཞུ། དེ་མིན། དོན་ཚན་བརྒྱད་པའི། ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་དང་གསར་གཏོད་བྱེད་དགོས་ཟེར། དེ་ན། ལེགས་བཅོས་བྱེད་དགོས་པའི་མི་ལེགས་པའི་རྩ་གནད་དག་གང་ཡིན་པ་དང་། གསར་གཏོད་ཀྱི་ལམ་ཁ་གང་དང་གང་དག་ཡོད་པའི་རྒྱས་བསྡུས་མིན་པའི་རྒྱས་འགྲེལ་ཞིག་ཡོད་ན་ཤིན་ཏུ་བཟང་། དེ་མིན་ཁྱེད་ཀྱི་ཀླད་པའི་ནང་ན་སྐད་ཆ་ག་རེ་ག་རེ་ཞིག་བཤད་ཀི་ཡོད་པ་དེ་ཡིག་ཐོག་ན་མེད་དུས། གསལ་ཁ་མ་བྱུང་པར་ངས་ཁྱོད་ལ་འདི་ལྟར་མི་འདྲི་བཀའ་མེད་རེད། དུས་ཁོམ་ཡོད་དུས་ལན་ཞིག་གནང་བར་ཞུ།
དགེ་རབ་ནས། ཁྱེད་ཀྱི་དགོངས་ཚུལ་གང་ཡིན་དང་། ཁྱེད་ཀྱི་འདོད་པ་གང་ཡིན་དེ་ཚོ་གཙོ་བོར་མ་གསུངས་པར། ཡིག་ཆ་ཐོག་ན་ཅི་ཞིག་འདུག གསར་འགྱུར་ནང་ན་ཅི་ཞིག་འདུག བོད་པ་གཞན་ཚོས་ཅི་དགོངས་ཀྱི་འདུག རྒྱ་རིགས་ཀྱིས་ཅི་ཟེར་གྱི་འདུག་སོགས་ཁྱེད་ཀྱིས་ཕར་བལྟས་ན་མཐོང་བའི་དཔྱད་གཞི་དེ་ཚོ་ནས་བདེན་པ་བླངས་ཏེ་བཤད་ན་ཕན་པ་མི་འདུག་གམ། དེ་མིན། འདི་ཡག་པོ་ཡིན། འདི་ཡག་པོ་མིན་ན་དཀོན་མཆོག་གསུམ་ཟེར་བ་ལྟ་བུ་ནི་དཔྱད་ཞིབ་བྱེད་སྟངས་ཤིག་མིན་པར་སྣང་། ཟེར།
ལན། གསར་ལམ་ཁག་དང་། ཡིག་ཐོག་བཅས་སུ་བོད་མིའི་ཚེ་སྲོག་ཤོར་བ་ཇི་ཙམ་ཡོད་པ་དང་། ཁོང་ཚོ་ག་རེའི་ཆེད་དུ་ཚེ་སྲོག་ཤོར་བ། རྒྱ་རིགས་མི་མང་གིས་གང་ལ་དགའ་མོས་བྱེད་བཞིན་པ། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བ་བཅས་གཞི་ལ་བཞག་པའི་ཐོག་ནས་བསམ་ཚུལ་འདི་བྲིས་ཡོད།
དེ་ཡང་ངའི་བསམ་ཚུལ་དུ། ང་ཚོས་རང་གི་ལོ་རྒྱུས་དང་བོད་མིའི་མངོན་འདོད་མ་ཤོར་བའི་རྩ་དོན་གཞིར་བཞག་ཐོག་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་རང་དབང་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ཡོད་པའི་རང་སྐྱོང་དགོས་པའི་རྩ་དོན་འོག་རྒྱ་བོད་མཉམ་གནས་བྱེད་པའི་ལམ་ཞིག་ལ་དབུ་མའི་ལམ་ཞིག་ཏུ་འཇོག་དགོས་པ་དང་རྩོད་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་ཡོད། གང་ཡིན་ཟེར་ན། རྒྱ་མིས་གྲོས་མོལ་བྱེད་ཟེར་ན་ང་ཚོས་གླེང་རིན་ཡོད་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པ་ཞིག་གླེང་དགོས་རེད་ལ། རྩོད་དགོས་རེད། ཅེས་གསལ་པོ་བྲིས་ཡོད་པ་དེ་རེད།
དེ་མིན་ང་ཚོས་དམར་ཤོག་གི་ཁྲིམས་ལུགས་དང་། དམར་པོའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་འོག་རང་སྐྱོང་རྩོད་བཞིན་པ་དེ་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་། འཛམ་གླིང་མི་མང་། ལྷག་པར་རྒྱ་རིགས་མི་མང་བཅས་ནས་རྒྱབ་སྐྱོར་ཐོབ་མིན་བསམ་གཞིག་གནང་དགོས་པ་དང་། ཡང་སྒོས་སུ་བོད་མི་མང་གིས་རང་བཙན་དང་། མ་མཐའི་བོད་ལ་རང་དབང་གཙང་མའི་གནས་བབ་དགོས་པའི་འབོད་སྒྲ་སྒྲོག་བཞིན་པ་དེ་ད་ལྟ་རྩོད་བཞིན་པ་འདིའི་འོག་ཏུ་ཡོང་ཐབས་མེད་པ་ཕྱི་གསལ་ནང་གསལ་ཆགས་ཡོད་པ་རེད།
ཡང་བོད་མི་འབུམ་བཅུ་གཉིས་ལྷག་གིས་ཚེ་སྲོག་ཤོར་བ་དེ་ཁོ་ན་གཞི་ལ་བཞག་ན་རང་བཙན་མཐའ་གཅིག་ཏུ་རྩོད་དགོས་པ་ཞིག་ཡིན་ཡང་། རང་བཙན་བརྩད་ན་རྒྱལ་སྤྱིའི་སྤྱི་ཚོགས་དང་། འཛམ་གླིང་མི་མང་། ལྷག་པར་རྒྱ་རིགས་མི་མང་བཅས་ནས་རྒྱབ་སྐྱོར་ཐོབ་རེ་ཧ་ཅང་ཆུང་བའི་གནས་སྟངས་འོག་རང་བཙན་རྩོད་རྒྱུ་མ་བཤད་པ་རེད། གནས་སྟངས་དེ་དག་མཐོང་བའི་ཐོག་ནས་གོང་འཁོད་བསམ་ཚུལ་དེ་སྤེལ་བ་ཡིན་ལགས།
ཁུངས་གཏུགས་ཡིག་ཆ་ཤ་སྟག་དྲངས་རྒྱུའི་འབད་བརྩོན་བྱས་ཀྱང་དོན་གྱི་སྙིང་པོ་མེད་ན་དེ་འདྲ་ཞིག་མ་རེད་དམ། ཡིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གླེང་བཞིན་པའི་དེང་གི་དབུ་མའི་ལམ་དེ་གང་འདྲ་ཞིག་ཏུ་མཐོང་བའི་སྐོར་ལ་གུས་པ་སྒེར་གྱི་བསམ་ཚུལ་ཞིབ་རྒྱས་ཤིག་དྲ་བ་འདིའི་ཐོག་ཕྱི་ལོ་ ༢༠༡༠ སྤེལ་ཡོད་པ་དེ་ནས། ད་ལན་གུས་པས་བསམ་ཚུལ་འདི་འདྲ་སྤེལ་དགོས་པའི་རྒྱུ་མཚན་ཕྱོགས་ཙམ་སྟོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དྲ་ཐག་ནི། http://www.khabdha.org/?p=10155
གནམ་ནས། ཡུལ་དུས་ལ་དཔག་པའི་ཐབས་ཇུས་ལག་བསྟར་བྱེད་དགོས་ཟེར། ཡུལ་དུས་ལ་མཐུན་པའི་འགྲོ་སྟངས་དང་མི་མཐུན་པའི་སྲིད་ཇུས་དེ་ག་འདྲ་ཟིག་ཡོད་པ་རེད། གསལ་ཁ་ཡོད་པའི་དཔེ་མཚོན་ཞིག་ཡོད་པར་ཞུ། ཟེར།
ཡུལ་དུས་དང་མཐུན་པའི་དཔེ་ནི། རྒྱ་ནག་གི་ཁྲིམས་དང་སྲིད་བྱུས་གཞིར་བཟུང་མང་ཚོགས་རང་བཞིན་གྱི་སྒོ་ནས་ཁེ་ཕན་རྩོད་ལེན་བྱེད་པ་སོགས་དང་།
མི་མཐུན་པའི་དཔེ་ནི། རྒྱ་ནག་ནང་དང་བོད་དབར་ས་ཐག་གིས་ཆོད་ཡོད་ཀྱང་ཆུ་ཚོད་གཅིག་གྱུར་ཡོད་པ་རེད། བོད་མིའི་ངོས་ནས་རང་གི་ལུང་པའི་ཉི་མ་འཆར་ནུབ་དང་བསྟུན་ནས་ཆུ་ཚོད་ཀྱི་དུས་སྐབས་རྒྱ་ནག་དང་མི་མཐུན་པ་བཟོ་བ་སོགས་མང་པོ་ཡོང་ཆོག་གི་རེད།
ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་དང་གསར་གཏོད་བྱེད་དགོས་དོན་དེ་ལ་གུས་པས་གོང་དུ་དགེ་རབ་ལ་ལན་བཏབ་པའི་ནང་ལེགས་བཅོས་བྱེད་དགོས་པའི་མི་ལེགས་པའི་རྩ་གནད་གང་ཡིན་པ་དང་། གསར་གཏོད་ཀྱི་ལམ་ཁ་གང་དག་ཡོད་དགོས་པའི་འགྲེལ་བཤད་མདོར་བས྄ུས་ཤིག་དང་། བསམ་བློ་དེ་འདྲ་གཏོང་དགོས་པའི་རྒྱུ་མཚན་ཞིབ་རྒྱས་ཀྱི་དྲ་ཐག་བཅས་བཞག་ཡོད།
རྣམ་པ་ལྷན་རྒྱས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་དང་། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ནང་རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆའི་འགྲེལ་བཤད་༽ བཅས་ངེས་པར་ཞིབ་ཀློག་དང་། སྐྱོན་དང་ཡོན་ཏན་གང་འདུག་ལྟ་བ་ལས་དང་པོ་ནས་ཡག་པོ་ཡིན་ཤག་དང་། ཡག་པོ་མེད་ཤག་མི་གནང་བར་བརྟག་དཔྱད་གནང་རོགས་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། དེང་དབུ་མའི་ལམ་ཟེར་ནས་ངག་ཐོག་ནས་འགྲེལ་བཤད་གང་འདྲ་ཞིག་རྒྱབ་རུང་དོན་ངོ་མར་ག་རེ་རྩོད་ཀྱི་ཡོད་པ་དེ་ཡིག་ཆ་འདིའི་ནང་གསལ་པོ་བྲིས་ནས་རྒྱ་ནག་ལ་སྤྲད་ཡོད་པ་རེད།
དྲ་གྲོགས་ཚོས་མུ་མཐུད་དོགས་འདྲི་གནང་རོགས། ང་ཚོས་བགྲོ་གླེང་བྱེད་ཆོག་གི་རེད།
འཇིགས་བྲལ་ཟེར་བའི་ཡི་ཉོག་འདིའི་ཁ་བྱང་ཁོ་རང་བློ་སེང་གི་སྐད་ཆ་ཞིག་མར་བཤུས་བཞག་པ་དེ་འདྲ་རེད། བོད་ནང་གི་བོད་མི་ཚོ་དབུ་ཁྲིད་ཡིན་ཟེར་བ་འདི་ངོ་ཚ་ཡ་ཁྱོན་ནས་མེད་པའི་སྐད་ཆ་དེ་རེད། མདོ་དོན་བློ་སེང་ཡིན་ན་འདྲ། ཆུ་སྒང་གི་ཨབ་ཕྲུག་རྒྱུགས་ཁྱི་ཚོས་འདི་འདྲ་ལབ་བསྡད་ཡ་དེ་རྒྱ་ནག་ལ་དགོས་རྒྱུ་དེ་རེད་མ་གཏོགས། སུ་གང་ལ་ཕན་པ་ཞིག་མ་རེད། བོད་ནང་གི་བོད་མི་ཚོ་བོད་ཀྱི་དབུ་ཁྲིད་ཡིན་ཟེར་བ་འདི་རང་སྲེག་གི་འགན་ཆ་ཚང་བོད་ནང་གི་བོད་མི་ཚོས་འཁྱེར་རོགས། ང་ཚོ་བྱ་ཐབས་ཟད་སོང། གང་ཡང་འཇོན་གྱི་མི་འདུག བློ་སེང་གི་རྐུབ་ནས་སྐྱག་པ་གཅིན་པ་ཚང་མ་ཤོར་གྱི་ཡོད་པ་དེ་ཨབ་ཕྲུག་ཕྱོགས་ལྷུང་ཅན་ཚོ་བརྒྱུད་ནས་སླེབས་ཀྱི་ཡོད་པ་མཚོན་ཐུབ་པས། ང་ཚོས་ཆོལ་ཁ་གསུམ་ཟེར་བ་འདི་ཆིག་སྒྲིལ་ཡོང་མིན་ལའང་བསམ་བློ་གསར་པ་ཞིག་གཏོང་དགོས་ཀྱི་འདུག་ལ། འགན་འཁུར་མི་ཐུབ་པའི་བོད་གཞུང་ཞིག་ཡོད་པ་ལས་ཀྱང་མེད་ན་ཡག་སྟབས་གཙང་མ་བཟོ་རན་འདུག
སྐུ་ཞབས་འཇིགས་བྲལ་གྱིས་བཏོན་པའི་དོན་ཚན་བརྒྱད་ཀྱི་ནང་ནས་དོན་ཚན་ལྔ་པ་དེ་མ་གཏོགས་པ་བློ་ལ་མི་འཐད་རྒྱུ་མ་བྱུང་། ཡིན་ན་ཡང་བླ་རྒན་ཚོ་ཆབ་སྲིད་འཐབ་རྩོད་ནང་ལ་ཞུགས་དགོས་ཞེས་པ་དེ་ནི་ཨེ་བསམ་པ་ཞིག་ལས་མ་བྱུང་། གྲྭ་རྒན་ཚོས་བོད་ཀྱི་སྲིད་དབང་མི་ལོ་སྟོང་ཙམ་ལ་བློས་མ་བཏང་ནས་ཐ་མ་ཚད་འདི་འདྲ་ཞིག་ལ་བསྐྱལ་བཞག་འདུག ད་ནི་ཁོང་རྣམ་པས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བཏང་སྙོམ་བསྒོམས་ནས་བཞུགས་ན་བསམ་པ་མ་གཏོགས་པ་ཆབ་སྲིད་ཀྱི་ཕྱོགས་ནས་འདི་ཚོའི་ཁ་ལག་པའི་ནང་ན་བྱེ་མ་བཙིར་ནས་མར་ཁུ་ཡོང་གི་རེད་བསམ་པའི་རེ་བ་གཏན་ནས་མེད།
ང་ཚོའི་དབུ་ཁྲིད་དེ་བོད་ནང་གི་བོད་མི་ཡིན་ན་མི་འགྲིགས་པ་མེད་ཀྱང་། ༸གོང་ས་མཆོག་ལ་མཚན་དམོད་བྱེད་མཁན་ལྷ་སའི་བྱམས་འཕྲིན་ལས་སོགས་ཡིན་ན།ངའི་མགོ་ཐོག་ཏུ་འཇོག་འདོད་མེད་དོ། །སུད་སིའི་འཇིགས་བྲལ་བསྟན་འཛིན་ལགས།
དྲ་གྲོགས་སྤོབས་པ་མཐའ་ཡས་ནས། དོན་ཚན་ལྔ་པ་དེ་མ་གཏོགས་པ་བློ་ལ་མི་འཐད་རྒྱུ་མ་བྱུང་། ཡིན་ན་ཡང་བླ་རྒན་ཚོ་ཆབ་སྲིད་འཐབ་རྩོད་ནང་ལ་ཞུགས་དགོས་ཞེས་པ་དེ་ནི་ཨེ་བསམ་པ་ཞིག་ལས་མ་བྱུང་། གྲྭ་རྒན་ཚོས་བོད་ཀྱི་སྲིད་དབང་མི་ལོ་སྟོང་ཙམ་ལ་བློས་མ་བཏང་ནས་ཐ་མ་ཚད་འདི་འདྲ་ཞིག་ལ་བསྐྱལ་བཞག་འདུག ད་ནི་ཁོང་རྣམ་པས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བཏང་སྙོམ་བསྒོམས་ནས་བཞུགས་ན་བསམ་པ་མ་གཏོགས་པ་ཆབ་སྲིད་ཀྱི་ཕྱོགས་ནས་འདི་ཚོའི་ཁ་ལག་པའི་ནང་ན་བྱེ་མ་བཙིར་ནས་མར་ཁུ་ཡོང་གི་རེད་བསམ་པའི་རེ་བ་གཏན་ནས་མེད།
ལན། ངས་ཁོང་རྣམ་པས་བོད་མི་ཞིག་ཡིན་པའི་འགན་ཁུར་བོད་ཀྱི་ཆབ་སྲིད་རང་དབང་རྩོད་ལེན་ཐད་ཁ་གྲག་ཡག་གི་རེ་བ་གཏན་ནས་བྱེད་ཀྱི་མེད།
དེ་ནི་གུས་པའི་བསམ་ཚུལ་དུ། ཁྱེད་རྣམས་ནས་བོད་མི་ཞིག་ཡིན་པའི་འགན་ཁུར་འདོད་མེད་པ་སྟེ་ཁྱེད་རྣམས་ཐར་བ་དོན་གཉེར་ཡིན་ཟེར་གྱི་ཡོད་པ་དང་ཡིན་ན་དེས་ཆོག་པས། ཁྱེད་རྣམས་ནས་ཆབ་སྲིད་ཀྱི་བཀའ་མོལ་མ་གནང་ན་ཆོག ཅེས་བྲིས་ཡོད་པ་འདི་ནས་ཧ་ཅང་གསལ་པོ་རེད་སྙམ་གྱི་འདུག
འོ་ན་ག་རེ་ཟེར་གྱི་ཡོད་ཟེར་ན། ཡིན་ནའང་ཁོང་རྣམ་པ་བསྟན་པ་དང་འགྲོ་བའི་དོན་དུ་བསམ་བཞིན་མིའི་སྐྱེ་བ་བཞེས་པ་ཡིན་ཟེར་གྱི་ཡོད་པ་དང་། ཁོ་རང་ཚོས་དེ་ག་རང་ཡིན་མདོག་གིས་ཁྲི་མཐོན་པོ་རེའི་སྒང་ལ་སྡོད་ཀྱི་ཡོད་པ་དང་། ཞལ་ནས་བསྟན་པ་དང་འགྲོ་བའི་དོན་ཟེར་གྱི་ཡོད་པ་དེ་ཚོ་ཁ་མིན་སེམས་ནས་ཡིན་ན། དཱ་དཔལ་ནཱ་ལེན་དཱ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་མིང་དོན་མཚུངས་པ་ཞིག་་གནས་དང་མི་གནས་བོད་ནང་གི་བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་པའི་ཁོར་ཡུག་ཅིག་ལྷགས་མིན་ལ་ཐུག་ཡོད་པ་དང་། རྒྱ་ནག་གཞུང་གིས་ནང་ཆོས་འཛིན་སྐྱོང་བྱེད་པའི་དགོན་སྡེ་ཁག་ཏུ་ཆོས་ཀྱི་སྙིང་པོ་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་འཇུག་གི་མེད་པ་དང་། གྲྭ་བཙུན་ལ་ཚད་བཀག་བཟོ་བ་དང་། བླ་སྤྲུལ་ངོས་འཛིན་ལ་རང་སྣང་གང་ཤར་གྱིས་ཁྲིམས་བཟོ་བ་སོགས་བསྟན་པ་ཉམས་ཉེས་སུ་འགྲོ་ཐབས་གང་ཡོད་བྱེད་བཞིན་ཡོད་པ་རེད། གནད་དོན་འདིའི་ཐད་བོད་ཀྱི་ནང་བསྟན་ཆོས་ལུགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་དེ་ལ་མཚམས་འཇོག་དགོས་པའི་རེ་སྐུལ་ཙམ་ཡང་ག་རེ་བྱས་ནས་གསུངས་ཐུབ་ཀྱི་མེད་པ་རེད་ཟེར་གྱི་ཡོད།
དེ་ག་རེ་ཡིན་ནམ་ཡིན་ཟེར་གྱི་ཡོད།
ཀརྡོ་གཉེར་ཕྱག་པ་ལགས། དེ་ནི་ཐུགས་དོགས་མི་དགོས་པ་ཞིག་རེད་ལ། ང་ཚོ་གཞིས་བྱེས་བོད་མི་སུ་ཡིས་དེ་འདྲ་ཞིག་ངོས་ལེན་བྱེད་སྲིད་ཀྱི་མ་རེད། མ་ཟད་བོད་ནང་གི་བོད་མི་ཚོས་བྱམས་པ་ཕུན་ཚོགས་སོགས་ཁོང་ཚོའི་རིགས་དང་རྒྱ་གཞུང་དེ་ངོས་ལེན་མེད་ཙང་ད་ལྟའི་བོད་ནང་གི་རང་དབང་རང་བཙན་གྱི་འཐབ་རྩོད་དེ་བྱུང་བ་རེད་ལ། འདི་ལྟར་འཐབ་རྩོད་སྤེལ་གནང་མཁན་དང་དེའི་རྒྱབ་སྐྱོར་གནང་མཁན་གཞིས་ལུས་བོད་མི་དེ་དག་ང་ཚོའི་དབུ་ཁྲིད་ཡིན་ཟེར་གྱི་ཡོད་ལ། མ་ཟད་བཙན་བྱོལ་དུ་ཆབ་སྲིད་ལེགས་བཅོས་དང་གསར་གཏོད་ཀྱི་ལམ་ནས་ཁོང་རྣམ་པའི་མངོན་འདོད་བདག་པོ་རྒྱག་དགོས་པ་དང་། བདག་པོ་མ་རྒྱབ་ན་བརྩི་བཀུར་ཞུ་ཐུབ་ཀྱི་མ་རེད་ཟེར་གྱི་ཡོད་ལགས།