ཆབ་མདོ་ངག་ཕུན།
བོད་ཀྱི་ལོ་སར་སྐོར་ལ། །ཚིགས་སུ་བཅད་པའི་སྒོ་ནས།།
བོད་ཀྱི་དུས་ཆེན་ངོ་སྤྲོད། །གཞི་ལ་བཟུང་ནས་སྒྲིག་ཡོད།།
རང་རེའི་ན་གཞོན་རྣམས་ཀྱི། །ཆེད་དུ་དམིགས་པ་ཡིན་ནོ།།
ང་ཚོའི་བོད་ཀྱི་ལོ་སར། །གཏོང་སྲོལ་འདྲ་མིན་སྣ་ཚོགས།།
མཆིས་ཀྱང་མདོ་དབུས་ཁམས་གསུམ། །སྐར་རྩིས་གཞི་ལ་བཟུང་སྟེ།།
བོད་ཟླ་དང་པོ་བཟུང་སྟེ། །བོད་ཀྱི་ལོ་སར་ཡིན་པ།།
དེ་བཞིན་གཞུང་འབྲེལ་ལོ་སར། །དེ་ཉིན་རྩིས་སྲོལ་ཡོད་ཅིང་།།
བོད་ཟླ་བཅུ་གཉིས་ནང་ལ། །ལོ་སར་དགོས་མཁོ་ཤ་མར།།
ཐུད་དང་དེ་བཞིན་གྱོན་ཆས། །སར་པ་ཉོ་འཚེམ་བྱེད་པ།།
དར་ཤིང་དར་ལྕོག་ཤམ་བུ། །ལྡེར་ཁ་ཁ་ཟས་ལུག་མགོ།།
ཆང་དང་ལོ་ཕུད་ལ་སོགས། །ཆ་ཚང་གྲ་སྒྲིག་བྱེད་པ།།
ཉེར་དགུ་མ་ཤར་གོང་ལ། །ཚེས་གྲངས་བཟང་བའི་ཉིན་མོར།།
ཕྱི་ནང་ཚང་མར་གད་ཕྱིས། །གཙང་སྦྲ་ལེགས་པ་བྱས་ནས།།
དགུ་ཐུག་མ་འཐུང་གོང་ནས། །དེ་དག་མཇུག་སྒྲིལ་བྱེད་པ།།
གཞན་ལ་བུན་ལོན་ལ་སོགས། །ཉེར་དགུ་གོང་ནས་གཙང་མཇལ།།
བྱེད་པའི་ལུགས་སྲོལ་ཡོད་དོ། །ཉི་ཤུ་དགུ་ཡི་ཉིན་མོར།།
དགུ་གཏོར་ཆེན་མོ་ཞེས་པ། །ཚུགས་ཏེ་བཀའ་ཤག་ལྷན་རྒྱས།།
གཞུང་ཞབས་ཚང་མ་འཛོམས་ཏེ། །༸རྒྱལ་བ་ཡིད་བཞིན་ནོར་བུ།།
ཞལ་བཅར་གསོལ་ཚིགས་གྲུབ་མཚམས། །ཕོགས་དཔོན་མདའ་དཔོན་ཡན་གྱིས།།
༸རྒྱལ་བ་ཡིད་བཞིན་ནོར་བུ། །མཆོག་ལ་མཇལ་དར་ཕུལ་བ།།
མགོ་འོག་ཚང་མ་བཞུགས་འཕྲལ། །རྣམ་རྒྱལ་གྲྭ་ཚོགས་ཡོངས་ནས།།
གཏོར་སྒྲུབ་དང་འབྲེལ་དགུ་གཏོར། །གར་འཆམས་ལིང་ཀ་བསྲེགས་པ།།
ལ་སོགས་གོང་གསལ་གྲུབ་མཚམས། །གཏོར་རྒྱབ་མཛད་སྒོ་གྲོལ་པ།།
དགུ་ཐུག་གི་ཀླུད།
དམངས་ཁྲོད་ལོ་སར་གཏོང་སྲོལ། །ཉི་ཤུ་དགུ་ཡི་ནུབ་མོ།།
བྲོ་ཞིབ་ལེགས་པར་བརྫས་ཏེ། །བག་ཚ་གཞན་ལས་ཆེ་བ།།
བཟོ་དབྱིབས་གཅིག་མཚུངས་ནང་དུ། །མཚོན་རྫས་སྣ་ཚོགས་བཅུགས་ཏེ།།
སྣོད་ཆས་གང་རུང་ཞིག་ཏུ། །བསྐོལ་སྲོལ་ཡོད་པ་ཡིན་ཞིང་།།
ཐུག་པའི་རྡོར་ལ་ཤ་དང་། །ལ་ཕུག་གྲོ་མ་སྲན་མ།།
སྔོ་ཚོད་ཟས་རིགས་ལ་སོགས། །ཟ་དགུ་ཡོད་པའི་སྣོད་ནང་།།
ལེགས་པར་བསྐོལ་ནས་བཙོས་ཏེ། །ཐུག་ལྷག་རྫ་ཆག་གང་རུང་།།
བླུགས་ཏེ་མི་གཟུགས་ཀླུད་གཅིག །བཟོས་ཏེ་མཐའ་སྐོར་ལོངས་སུ།།
ཇ་རོ་ལ་སོགས་ཟས་སྙིགས། །ཕྱི་ནང་གད་ཕྱིས་བྱས་པའི།།
གད་སྙིགས་ལ་སོགས་བླུགས་པ། །ནང་མི་རྒན་གཞོན་ཚང་མས།།
ལག་ཏུ་ཟན་གྱི་ཆང་བུ། །བཟུང་སྟེ་སོ་སོའི་གཟུགས་པོར།།
དྲིལ་ཕྱིས་བྱེད་བཞིན་རང་ཉིད། །ལོ་གཅིག་ཟླ་བ་བཅུ་གཉིས།།
ཞག་མ་སུམ་བརྒྱ་དྲུག་ཅུ། །ནད་རིགས་བཞི་བརྒྱ་རྩ་བཞི།།
བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། །ཐམས་ཅད་གླུད་ཀྱི་འཁྱེར་ནས།།
རྒྱ་མཚོ་ཕ་རོལ་སོང་ཞེས། །ལག་གཉིས་དམ་བུ་དམ་ནས།།
གླུད་ཀྱི་མཐའ་སྐོར་བཞག་སྟེ། །ལམ་ཁའི་སུམ་མདོ་ཟུར་ལ།།
གཡུག་སྟེ་ཕྱི་ལྟས་མེད་པ། །ནང་ལ་ཡོང་སྲོལ་ཡོད་དོ། །
བག་ཚའི་རྫས་རྣམས་ཀྱི་མཚོན་དོན།
བག་ཚའི་ནང་གི་རྫས་རྣམས། །མཚོན་བྱེད་འབྲེལ་བཤད་བྱས་ན།།
ཉི་མ་ཟླ་བ་སླེབས་ན། །གཟི་བརྗིད་སྙན་གྲགས་མཚོན་ནོ།།
བླ་མ་དཀོན་མཆོག་སླེབས་ན། །དྲང་བདེན་ལྷག་བསམ་མཚོན་ནོ།།
དམ་ཆོས་པུ་ཏི་སླེབས་ན། །ཆོས་སེམས་ཡོན་ཏན་མཚོན་པ།།
གདན་ཆུང་གྲུ་བཞི་སླེབས་ན། །དལ་ལྷོད་ཡོང་བར་མཚོན་ནོ།།
སྡུག་གྲོད་སྒོར་མོ་སླེབས་ན། །ལྷོ་རྒྱགས་ཉལ་སྡོད་མཚོན་ལ།།
གཟེ་མ་ར་མགོ་སླེབས་ན། །སྤྱོད་ངན་སྟོན་པ་མཚོན་ནོ།།
མ་ནུས་རྩེ་ཀྱོག་སླེབས་ན། །ལས་ཀ་གཏན་ནས་མི་བྱེད།།
མཇིང་པ་ཀྱོག་ནས་སྡོད་མཚོན། །ཡར་སྙུང་མར་སྙུང་སླེབས་ན།།
ཕྲ་མ་དཀྲུག་ཤིང་མཚོན་ནོ། །ལྟོགས་སླ་རྩེ་སྙུང་སླེབས་ན།།
ཟ་འདོད་ལྟོགས་ཤོད་མཚོན་ནོ། །ཌ་མ་རུ་ནི་སླེབས་ན།།
བརྟན་མེད་མགོ་གཉིས་མཚོན་ནོ། །ལན་ཆགས་རྒྱབ་འཁུར་སླེབས་ན།།
ནལ་བུ་འཁྱེར་བ་མཚོན་ནོ། །རྡོ་དཀར་གོང་ནི་སླེབས་ན།།
སེམས་པ་བཟང་པོ་མཚོན་ནོ། །བལ་བ་དཀར་བོ་སླེབས་ན།།
བློ་རིང་གཤིས་བཟང་མཚོན་ནོ། །སྐུད་པ་ནང་སྒྲིམ་སླེབས་ན།།
བློ་རྩལ་ཕྱི་སྟོན་མཚོན་ནོ། །སོལ་བ་ནག་པོ་སླེབས་ན།།
སེམས་པ་ནག་པོ་མཚོན་ནོ། །ཤོག་གུ་དཀར་པོ་སླེབས་ན།།
རྐུན་མ་བརྐུ་བ་མཚོན་ནོ། །སྲན་མ་རིལ་བུ་སླེབས་ན།།
མགོ་བདེ་དྲན་འཕྲུལ་མཚོན་ནོ། །ཕོར་ནང་ཙོང་དེ་སླེབས་ན།།
སྟུག་དྲི་ཚ་བ་མཚོན་ནོ། །ཁུ་ལུ་དེ་ཉིད་སླེབས་ན།།
བློ་ཐུང་གཤིས་ངན་མཚོན་ནོ། །དེ་དག་དགུ་ཐུག་རྣམ་བཤད།།
ཀུན་གྱིས་མཁྱེན་པར་མཛོད་ཅིག།
སྡེར་ཁ།
སྡེར་ཁ་ལ་སོགས་སྐོར་ལ། །ཚིག་ཉུང་དོན་བསྡུ་བཤད་དོ།།
གྲོ་སོ་ཕྱེ་མར་སྡེབ་ཁ། །ལུག་མགོ་ལོ་ཕུད་ཆང་ཕུད།།
གྲོ་མ་འབྲས་སིལ་ཇ་མར། །ཚ་དང་ཞལ་ཟས་ལ་སོགས།།
མཆོད་གཤོམ་མདུན་དུ་སྒྲིག་པ། །དེ་ཐོག་ཐུད་དང་ཤིང་འབྲས།།
བུ་རུམ་ལ་གོས་ཟས་སྣ། །གང་ལེགས་འཛོམས་པ་སྒྲིག་བཤོམ།
།སྐུ་ཐང་སྙན་ཤལ་གསར་སྒྲོན། །ཐབ་ཚང་རྩིགས་ངོས་སོགས་སུ།།
གྲོ་ཕྱེའི་དཀར་ཐིག་རྒྱབ་པ། །བཀྲ་ཤིས་རྟགས་བརྒྱད་རྒྱན་པ།།
ཆུ་ཟངས་ཆུ་བར་སོགས་སུ། །དཀར་གཙང་ཁ་དར་དཀྲི་བ།།
ཕྱི་སྒོར་དཀར་ཚིག་འཐེན་པ། །བུད་མེད་མགོ་སྐྲ་བཀྲུ་བ།།
འབོ་ཡི་གཡས་གཡོན་གཉིས་ནང་། །གྲོ་དང་རྩམ་ཕྱེ་བླུགས་པ།།
ལ་སོགས་བྱེད་སྲོལ་ཡོད་དོ། །འདི་དག་དུས་ཆེན་ངོ་སྤྲོད།།
གཞིར་རྩ་བཟུང་ནས་བསྒྲིགས་ཡོད། །ཀུན་གྱི་དེ་དོན་དགོངས་མཛོད།།
༄ཨ་ཤག་པོ་ འཕགས་དཀོན་མཆོག་གསུམ་།ཡག་པོ་བྲིས་འདུག་ཐུགས་རྗེ་ཞུ་