རས་པ།
བོད་མི་རྣམས་ཀྱིས་ཆབ་སྲིད་ཀྱི་བདག་དབང་བློས་གཏོང་མི་ཐུབ་པའི་རྒྱུ་རྐྱེན་གཅིག་ནི་ལོ་རྒྱུས་ཀྱི་ཤུགས་རྐྱེན་ལ་བསྟེན་ཡོད། ལོ་རྒྱུས་བཀླགས་པས་བཙན་པོའི་སྙིང་སྟོབས་དྲན་ཞིང་། གནས་བབ་མཐོང་བས་འགུལ་བསྐྱོད་ཀྱི་འདོད་པ་བྱུང་གི་ཡོད། “བོད་རང་བཙན་ཡིན།” སྐད་འབོད་འདི་ལྟ་བུ་རྒྱག་དུས་མ་མཐའ་ཡང་རང་བཀུར་གྱི་བསམ་ཚུལ་ཞིག་གིས་དེད་ནས་ཡོང་གི་ཡོད། ཕུད་རྒྱག་ཐེབས་སྲིད་ལ། ལག་པའང་འགུལ་སྲིད། དེ་ལྟར་མིན་ན་མེ་ལྕེ་དམར་པོའི་ཁྲོད་ཚེ་སྲོག་བསྟིམས་བཞིན་པ་དག་ང་ཚོས་སྔར་བཞིན་བློ་ཡུལ་དུ་མ་ཤོང་པར་འུ་ཐུག་ཐབས་ཟད་ཅེས་བཤད་ནས་འདུག་དགོས་རྒྱུ་རེད། འོན་ཀྱང་། རྒྱུ་རྐྱེན་དེ་ལྟར་མ་ཡིན་པས་རྐྱེན་གྱིས་ང་ཚོའི་རང་བཀུར་གྱི་འདོད་ཚུལ་འཚོ་བ་དངོས་དང་གདོང་གཏད་ཡོད། ཚོང་ལས་བྱེད་པ། ས་ཞིང་འདེབས་ལས། སྒོ་ཕྱུགས་ཉར་བ་སོགས་རང་རང་གི་འདོད་པ་དང་མཐུན་པའི་འཚོ་བ་ལ་སྨོན་པ་བྱེད་ཀྱི་ཡོད་ཅིང་། རང་དབང་ལ་འབོད་པ་གཏོང་གི་ཡོད། འཚོ་ཐབས་འདི་དག་གི་ཁྲོད་དུ་མི་རེ་རེར་འགྱིངས་ཉམས་ཀྱིས་བསྡད་ཆོག་པ་དང་འདུག་འདོད་པའི་རང་བཀུར་གྱིས་དེད་ནས་ཡོང་གི་ཡོད། དོན་དངོས་བཤད་ན་རང་བཀུར་ནི་འགྲོ་བ་མིའི་ཐོབ་ཐང་ལས་གཞན་པ་ཞིག་མ་རེད། དེ་ལས་གཞན་པའི་གཏོར་བཤིག་ཅིག་ངའི་ཡིད་ལ་འཁོར་གྱི་མི་འདུག
ང་ཚོར་རང་གི་འདོད་མོས་ཆུང་ཤོས་ཀྱི་འཚོ་བའི་ལམ་ལུགས་ཤིག་རག་ཐུབ་ཀྱང་སྲིད། ཚོང་ལས་བྱེད་པ། ས་ཞིང་འདེབས་ལས། སྒོ་ཕྱུགས་ཉར་བ་སོགས་ནི་དུས་རབས་ཀྱི་དགོངས་པ་ཡིན་པས་སུས་ཀྱང་འགོག་ཐབས་དཀའ་ཞིང་། ལྷག་པར་ཏུ་ཚོང་ལས་ནི་དེ་ལྟར་ཡིན་པས་ཞིས་ཅིན་ཕིན་གྱིས་གུ་ཡངས་སྟེར་སྲིད་པ་རེད་ལ། ལའི་ཁུ་ཆིང་གིས་ཀྲུང་གོའི་དབུལ་ཕོངས་ས་གནས་ནི་ནུབ་རྒྱུད་དུ་ཡོད་ཟེར། བོད་ཀྱང་རྒྱ་ནག་གི་ངོས་འཛིན་ལྟར་ན་ཀྲུང་གོའི་ནུབ་རྒྱུད་རེད། ཡིན་ནའང་། ང་ཚོར་འདི་གཅིག་པུས་འགྲིག་གི་རེད་དམ། འཚོ་ཐབས་འདི་དག་གི་སྟེང་དུ་ད་དུང་འགན་ལེན་དགོས་ཤིང་། རྒྱུ་མཚན་དྲིས་ཆོག་པ་དང་འདོད་པ་མེད་པའི་ལམ་ལུགས་བཅོས་བསྒྱུར་བྱེད་ཐུབ་པ། དམངས་སེམས་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་ཡོད་པ་སོགས་ཧ་ཅང་གི་དགོས་ངེས་རེད། འདི་དག་ཇི་ལྟར་ཡོང་ཐུབ་བམ། གཅིག་བྱས་ན་ས་གནས་རང་སྐྱོང་གི་ལག་བསྟར་བྱེ་བྲག་པའི་ནང་དུ་འདི་དག་ཡོང་མ་ཆོག་པ་མིན་ཡང་། ཀྲུང་གུང་གི་དབང་བསྒྱུར་འོག་ཏུ་ཕལ་ཆེར་དཔེ་མི་སྲིད་པ་ཞིག་རེད། གལ་སྲིད། ཀྲུང་གུང་གིས་མི་དམངས་ལ་ཁྲིམས་ལུགས་ཀྱིས་འགན་ལེན་ཆ་ཚང་བྱེད་ཐུབ་པའི་ལམ་སྲོལ་བཏོད་ཚེ་དུས་དེ་ནས་བཟུང་ཀྲུང་གུང་ནི་ཀྲུང་གུང་མ་ཡིན་པར་དམངས་གཙོ་སྤྱི་མཐུན་ཤོག་ཁག་ཏུ་གྱུར་བ་ཡིན་པས་དེས་རྒྱ་ནག་གི་ལོ་རྒྱུས་ལ་ དུས་རབས་དང་མཐུན་པའི་མདུན་བསྐྱོད་ཀྱི་མགོ་བརྩམས་པ་མཚོན་དགོས། ཞིས་ཅིན་ཕིན་གྱིས་ཀྱང་གསར་བརྗེ་འདི་བྱེད་མི་ཐུབ། གང་ཡིན་ཟེར་ན། མི་དམངས་ཀྱི་འདོད་པ་དང་དམར་ཤོག་རིང་ལུགས་ཀྱི་རྩ་བའི་དམིགས་ཡུལ་རྦད་དེ་ཁ་ཁ་ཡིན།
འདི་འདྲའི་སྐབས་ཤིག་ཤར་བའི་དབང་དུ་བཏང་ཚེ་ང་ཚོས་འགན་ལེན་གྱི་སྟེང་དུ་འཚོ་ཐབས་སྟབས་བདེ་ཡིན་དགོས་པའི་འུར་རྒྱབ་ཆོག་ཀྱང་། སྐད་ཆ་འདི་དམར་ཤོག་གི་རྩ་བའི་དམིགས་ཡུལ་ལས་གཞན་རྒྱ་ནག་མི་རིགས་དང་ཡང་བསམ་བློ་གཏོང་སྟངས་མ་འདྲ་བ་ཡིན་པ་ཐག་གིས་ཆོད་པ་རེད། དཀའ་ངལ་འདི་སེལ་བར་གཅིག་གྱུར་རྒྱལ་ཁབ་ཅིག་གི་ནང་དུ་ཁོངས་གཏོགས་རྒྱལ་ཕྲན་གཅིག་ལས་བསམ་བློ་གཏོང་ས་གཞན་ཡོང་ཐུབ་བམ། ཡང་ན། འདབས་འབྲེལ་རྒྱལ་ཁབ་ཡིན་དགོས། དེ་མིན་ཧ་ཅང་རྒྱང་ཐག་རིང་བའི་རྒྱ་ནག་མི་རིགས་ཀྱི་དམངས་གཙོའི་འདུ་ཤེས་ལ་སྒུག་དགོས་པ་རེད། ངས་ད་དུང་རྒྱ་ནག་གི་རྩ་ཁྲིམས་ནང་དུ་ས་ཁུལ་རང་སྐྱོང་གི་ཁྲིམས་གཞི་དང་རང་སྐྱོང་གི་ཁྲིམས་གཞིར་ཁ་གསལ་གྱི་དབྱེ་བ་ཕྱེས་ཡོད་པ་མཐོང་མ་སོང་། གཅིག་བྱས་ན་རྣམ་དཔྱོད་ཀྱི་ཞན་ཆ་འདི་ལ་བརྟེན་ནས་ང་རང་གོ་ནོར་ཆེན་པོ་ཤོར་ཡོད་སྲིད། ང་ཚོའི་མི་རིགས་རང་སྐྱོང་གི་དགོས་འདོད་མཐར་ཐུག་ནི་འཚོ་ཐབས་སྟབས་བདེའི་ཆེད་ཡིན་པའི་ངོས་འཛིན་བྱས་ཚེ་དེ་ནི་ཆེས་སྤྱིར་བཏང་གི་དབང་ཆ་ཐོབ་པ་ཙམ་གྱིས་ཡོང་མི་ཐུབ་པར་ངེས་པར་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་འཛིན་སྐྱོང་དང་ཁྲིམས་ལུགས་དགོས་པ་རེད། དོན་ངོ་མས་བཤད་ན་འདི་ཧ་ཅང་གི་ཡིད་ཆེས་བྱས་ཆོག་པ་ཞིག་རེད།
བོད་མི་བཙན་བྱོལ་དུ་ཡོང་ནས་ད་ལྟའི་བར་དུ་སློབ་གསོའི་ལག་ལེན་གྱི་སྟེང་དུ་ངེས་ཤེས་གསལ་བོ་ཞིག་བྱུང་ཡོད་ཅིང་། ཉེ་སྔོན་ཨ་རིའི་རླུང་འཕྲིན་ཁང་དུ་ལྕམ་རྗེ་བཙུན་པདྨ་ལགས་ཀྱིས་སློབ་གྲྭ་རེ་རེའི་འཛིན་སྐྱོང་ནི་ས་གནས་ཀྱི་དགོས་མཁོ་དང་། དམིགས་གསལ་གྱི་ཁྱད་ཆོས་ལ་བརྟེན་ནས་ལེགས་འགྲུབ་བྱུང་དགོས་པར་གསུངས་སོང་། བཀའ་མོལ་འདི་ནི་ལོ་ངོ་ལྔ་བཅུ་ལྷག་གི་སློབ་གསོ་བ་ཞིག་གི་ཉམས་མྱོང་ལས་བྱུང་བ་རེད། བོད་ཀྱི་གནད་དོན་ཐག་གཅོད་ཀྱི་བསམ་བློའི་གཞི་རྩ་ནི་སློབ་གསོ་དང་འདྲ་བར་ས་གནས་ཀྱི་དགོས་མཁོ་དང་། དམིགས་གསལ་གྱི་ཁྱད་ཆོས་ལ་བརྟེན་ནས་ལེགས་འགྲུབ་བྱུང་དགོས། དེ་ལྟར་མིན་ཚེ་བོད་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱས་ཀྱང་དེ་ནི་རྒྱ་ནག་གི་ལྕགས་ཕག་ལོའི་གསར་བརྗེ་དང་འདྲ་བར་རྣམ་པ་ཙམ་གྱི་འགྱུར་ལྡོག་ལས་དོན་སྙིང་སྔར་བཞིན་གནས་རྒྱུ་རེད། གནའ་རབས་ལོ་རྒྱུས་ཀྱི་མྱོང་བའི་སྟེང་ནས་བཤད་ནའང་རྟ་རྫི་ལོ་ངམ་གྱིས་གྲི་བཀུམ་བཙན་པོའི་ཆབ་སྲིད་ལ་ཡིད་སྡང་སྟེ་བགྲོངས་ཀྱང་སྐབས་དེའི་མངའ་འབངས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་མེད་པ་མ་ཟད། ཆབ་སྲིད་ལམ་ལུགས་ལའང་འགྱུར་བ་སོང་མེད། གནད་དོན་འདིིའི་རྩ་བ་གང་ལ་ཐུག་ཡོད་པར་དཔྱད་ན་སྐབས་དེའི་སྲིད་ལུགས་ལ་འགྱུར་བ་མ་སོང་བ་ལས་གཞན་གང་ཡོད་དམ།
ངས་སྐད་ཆ་འདི་རིམ་པ་བརྗེ་སྤོར་གྱིས་བཤད་ཚེ་ཀྲུང་གུང་གི་རྒྱུན་འཁྱོངས་བྱེད་དགོས་པ་གསུམ་གྱི་སྲིད་ཇུས་འོག་ནས་བོད་རིགས་ཡོངས་ལ་རང་གི་འདོད་མོས་ཡོད་པའི་རང་སྐྱོང་ཞིག་ཡོང་མི་ཐུབ་པ་འདྲ། གལ་སྲིད་རང་སྐྱོང་གི་རྣམ་པའི་འགྱུར་ལྡོག་ཅིག་བྱུང་བའི་དབང་དུ་བཏང་ནའང་། དེ་ནི་དང་པོ་ནས་རིང་ལུགས་ཀྱི་རྩོད་པའི་ནང་ནུབ་ངེས་པའི་ནོར་འཁྲུལ་གྱི་གདམས་ཀ་ཞིག་མིན་ནམ། གཅིག་བྱས་ན་ཆབ་སྲིད་ལ་འདི་ལྟ་བུ་དགོས་ངེས་ཡིན་སྲིད། འོན་ཀྱང་། དེ་དུས་མི་དམངས་ལ་ད་དུང་འཚོ་ཐབས་སྟབས་བདེ་ཡིན་པའི་རང་སྐྱོང་ཐོབ་ཡོད་པ་མ་རེད། རྩ་བའི་རང་དབང་དང་ཐོབ་ཐང་ཡང་གང་དུ་ལྷུང་ཡོད་སྲིད། ང་ཚོའི་ཆེས་ཐོག་མའི་གོམ་པ་དེ་རང་དབང་དང་མིའི་ཐོབ་ཐང་གི་འགན་ལེན་གྱི་སྟེང་ནས་མགོ་ཚུགས་དགོས་པར་འདོད་ལ་འདི་ནི་འཚོ་ཐབས་སྟབས་བདེ་ཟེར་བའི་སྒྲུབ་ཕྱོགས་ཀྱང་ཡིན་པར་བསམ་གྱི་ཡོད། དེ་ལྟར་མིན་ཚེ་ང་ལ་ཕལ་ཆེར་རྩ་དོན་གཞན་གང་ཡང་མི་འདུག
ཕྱི་ལོ་༢༠༡༣ ཟླ་ ༡ ཚེས་ ༡ ཚེས་ཤར་ལ་བྲིས་གྲུབ།
རས་པའི་ཆེད་རྩོམ་འདི་ལ་ཡ་བྱེད་མཁན་མི་འདུག་ག དེའི་དོན་ནི་ང་ཚོའི་ཀློག་མཁན་གྱི་ཆབ་སྲིད་བསམ་བློའི་ཆུ་ཚད་དང་རྒྱུན་གྱི་དོ་སྣང་གི་ཚད་གཞི་གསལ་བར་བསྟན་པ་མ་ཡིན་ནམ། མ་གཞི་ནས་བོད་མི་ཡིག་འབྲི་མང་པོ་ཞིག་བསམ་གཟས་ནས་སྐུར་འདེབས་བྱེད་ས་རེ་མེད་ན་དྲ་ཐོག་ནས་ཡི་གེ་མི་ཕྲིས་པ་དེ་ཨ་མཚར།
དེང་སང་གངས་སྐྱིད་ཀྱི་ཆབ་སྲིད་ཁ་དབུགས་དེས་བཙན་བྱོལ་སྤྱི་ཚོགས་ལ་ཁྱབ་ཐུབ་ཀྱི་མེད་པས་ཡིད་རེ་སྐྱོ།།