རེབ་ཐོག་མདའ།
ཀ་ཁ་བོད་ཡིག་མི་སྦྱོང་ན་གཞོན་གཅིག།
ཆ་ལུགས་གོམས་གཤིས་མེད་པའི་བུ་མོ་གཉིས།།
ཆང་དང་ཐ་མག་སྤྱོད་པའི་སློབ་བུ་གསུམ།།
འདི་གསུམ་གངས་ཅན་བོད་ཀྱི་རྒྱན་ཆ་མིན།།
གསེར་དངུལ་རིན་ཆེན་ལུས་ཀྱི་རྒྱན་ཆ་གཅིག།
རྒྱུ་དང་འབྱོར་བ་འགྲན་པའི་ང་རྒྱལ་གཉིས།།
ཕ་སྐད་གཙང་མ་དོར་བའི་ལུགས་སྲོལ་གསུམ།།
འདི་གསུམ་གངས་ཅན་བོད་ཀྱི་རྒྱན་ཆ་མིན།།
བུ་མོས་ལུས་པོ་ཚོང་བའི་ཁྲོམ་ར་གཅིག།
བུ་ཆུང་རིག་གནས་མེད་པའི་སྤྱི་ཚོགས་གཉིས།།
ཕ་མ་ཤ་ཞེན་མེད་པའི་ཁྱིམ་གཞི་གསུམ།།
འདི་གསུམ་གངས་ཅན་བོད་ཀྱི་རྒྱན་ཆ་མིན།།
གཞན་སྐད་བོད་སྐད་བསྲེས་པའི་ཁ་ལྕེ་གཅིག།
བོད་ཆས་གཙང་མ་གྱོན་པའི་ངོ་ཚ་གཉིས།།
བོད་ཟས་རྩམ་པ་བོར་བའི་འཚོ་བ་གསུམ།།
འདི་གསུམ་གངས་ཅན་བོད་པའི་རྒྱན་ཆ་མིན།།
ཆོས་པའི་གཟུགས་སུ་གྲུབ་པའི་སྤྲུལ་སྐུ་གཅིག།
སྨྱུག་ཁ་ནང་ལ་བསྐོར་བའི་ཤེས་ལྡན་གཉིས།།
རྫུན་དང་ཕྲ་མས་བསླུ་བའི་ཚོང་པ་གསུམ།།
འདི་གསུམ་གངས་ཅན་བོད་པའི་རྒྱན་ཆ་མིན།།
ཐ་མག་ཆང་ལ་རོལ་བའི་གཞོན་ནུ་གཅིག།
བུ་མོའི་ལས་དབང་བཙོང་བའི་ཕ་མ་གཉིས།།
ཕྱི་གཟུགས་གྲྭ་པ་ནང་སེམས་གྲོང་པ་གསུམ།།
འདི་གསུམ་གངས་ཅན་བོད་པའི་རྒྱན་ཆ་མིན།།
ཕྱི་ལོ ༢༠༡༣ ཟླ ༣ ཚེས ༢༠ཉིན་རྡ་ས་ནས།
སྙན་པ་ལ་ཚོད་ཅིག་མེད་ཀི་་་་དོན་ལ་ཡང་་འཁེལ་འདུག
འདི་རང་རྣམ་མ་རེད་ནི་་་་་
ཆོལ་ཁ་ལུང་ཁ་སྒྲིག་པའི་གྲོང་པ་གཅིག།
ཆོས་ལུགས་འཐེན་འཁྱེར་བྱེད་པའི་གྲྭ་གཉིས།།
འཐབ་རྩོད་ནང་ལ་སྐོར་པའི་རྫིག་བག་ཅན།།
འདི་གསུམ་གངས་ཅན་བོད་ཀྱི་རྒྱན་ཆ་མིན།།
ཧ་ཅང་ཡག་པོ་བྲིས་འདུག་། མུ་མཐུད་ནས་རྒྱུན་འཁྱོངས་བྱེད་དགོས་།
ཡག་པོ་བྲིས་འདུག
དངོས་ཐོག་བདེན་འཚོལ་ལྟ་བའི་སྙན་ངག་འདི་འདྲ་མཐོང་དུས་སེམས་ལ་དྲོད་ཅིག་སྟེར་ཀི
རྒྱན་དང་མི་རྒྱན་རོ་བོ་ཕར་ལ་གཡུག།
ཨཱ་ན་གཅིག་གི་ལྟ་སྐྱོང་གཞུང་ནས་མེད།
མྱི་རབས་མྱི་རྒྱུད་བསགས་པའི་རྒྱུ་ནོར་མེད།
ཅང་མེད་བར་ནས་ལུས་སེམས་འགུལ་ན་བཟང་།།
རྒྱན་དང་མི་རྒྱན་རོ་བོ་ཤར་ལ་འཕོངས།།
རྒྱབ་ན་ཁུར་རྩ་ཆུང་པའི་གསར་འབྱོར་དང་།།
ཞིང་ལས་འབྲོག་ལས་མེད་པའི་གཞི་ཆགས་ཚོས།།
རང་ཁ་རང་གསོའི་རང་ལམ་འདེད་འདི་བཟང་།།
རྒྱན་དང་མི་རྒྱན་བཀག་རྡོ་གཅོག་ལ་ཤོག།
སྐད་ཡིག་གཉིས་རེ་མཁྱེན་པ་ཡོན་ཏན་རེད།
གཅིག་ལ་བསྟན་ན་མྱི་གཞུག་མི་ཆོད་པས།།
ད་ལྟའི་དུས་ལ་ཡོད་ཚད་ཤེས་ན་བཟང་།།
རྒྱན་དང་མི་རྒྱན་མ་བཤད་མི་ཤེས་ཁས།།
ཀླད་བཙོང་ལུས་བཙོང་ངོ་བཙོང་ཚོང་བ་དང་།།
རྒྱུ་བཙོང་མྱི་བཙོང་བཙོང་དགའ་ཚོང་བ་ལ།།
འདི་བཟང་འདི་ངན་ཟེར་ནི་མ་ཤེས་སོ།།