ལོ་མ་རྒྱལ།
དུས་རབས་ཉི་ཤུའི་ནང་དུ་རྒྱ་གར་ནས་རང་རྐྱ་འཕེར་བའི་ལྟ་བའི་སྲོག་ཤིང་བཙུགས་མྱོང་མཁན་གྱི་གནམ་གྱིས་ས་བཀབ་པ་ལྟ་བུའི་བསམ་བློ་བ་དང་ལྟ་གྲུབ་སྨྲ་བ་མང་བོ་ཞིག་བྱོན་མྱོང་ཡོད་སྐད། དེ་ཡང་། འདིར་གླེང་གཞི་གྱུར་བའི་ཀིར་ཤུ་ན་མུར་ཏི་ནི་དེའི་ཁྲོད་ཀྱི་རླབས་ཆེན་གྱི་མི་སྣ་གཅིག་ཡིན། ཁོང་ནི་དུས་རབས་ཉི་ཤུའི་ནང་གི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བསམ་བློ་བ་དང་ལྟ་གྲུབ་སྨྲ་བ་ཞིག་ཡིན་ཞིང་། སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པ། སེམས་གཙོ་སྨྲ་བ་སོགས་ཀྱི་སྐོར་ལ་གྲགས་ཅན་རྩོམ་ཡིག་ཀྱང་མང་བོ་སྤེལ་ཡོད། ཁོང་ལ་གསུང་རྩོམ་ཡང་ཧ་ཅང་མང་ཞིང་། དེ་དག་ཕལ་མོ་ཆེ་ནི་སྐད་རིགས་གཞན་པ་ཉི་ཤུ་ལྷག་གི་ནང་དུ་བསྒྱུར་གནང་ཡོད་འདུག།
དང་བོ།
རྗེ། ཀིར་ཤུ་ན་མུར་ཏི་ཡི་མཚན་གྱི་འབྲི་ཚུལ་རྒྱ་གར་སྐད་དུ་ཡོད་པ་ཉིད་ཇི་ལྟར་དུ་རང་ཅག་སྐད་ལ་ཕབས་ན། (ཛིཊྚུ། ཀྲྀཥྞམཱུརྟི)་ཡིན་པ་དང་། དེ་ཡང་། དོན་གྱི་ཆ་ནས་ཕབས་ན་“རྗེ་ནག་པོ་སྐུ”་ཞེས་འབྲི་བར་འོས་ཤིང་། དབྱིན་སྐད་ན། (J.krishnamurti)་ཞེས་བྲིས་ཡོད། སྤྱིར་མིང་གང་ཞིག་རང་སྐད་དུ་བསྒྱུར་བའི་ཚེ། ཡིག་ཟོར་ཡང་ཞིང་ཁ་ལ་བདེ་བ། མིང་གི་མ་ཡིག་དང་ཐག་ཉེ་བ། རང་སྐད་ཡིག་ཡིན་དགོས་པའི་གཞི་རྩ་འདིར་གཞིགས་ན། དམ་པ་ཁོང་གི་མཚན་གྱི་འབྲི་ཚུལ་དེ་ཡང་རྒྱ་གར་སྐད་ན་ཇི་ལྟར་ཡོད་པ་གང་ཞིག་རང་ཅག་སྐད་དུ་ཇི་བཞིན་ཕབས་པའི་སྔགས་ཡིག་གི་ལམ་ནས་བྲིས་པའི་མཚན་གྱི་འབྲི་ཚུལ་དེ་རེ་ཞིག་བཞག་སྟེ། དབྱིན་སྐད་དུ་ཡོད་པའི་མཚན་གྱི་འབྲི་ཚུལ་དེར་བསྟུན་ནས། ཡིག་ཟོར་ཡག་ཅིང་ཁ་ནས་ཀློག་ཡང་བདེ་བ། མིང་གི་མ་ཡིག་ལ་ཡང་ཤིན་ཏུ་ཉེ་བའི ་“རྗེ། ཀིར་ཤུ་ན་མུར་ཏི”་ཞེས་པའི་མཚན་གྱི་འབྲི་ཚུལ་འདི་ཧུར་བླངས་པ་ཡིན།
དེ་ནས། ཁོང་གི་གསུང་རྩོམ་འདི་ལ་ཆ་མཚོན་ན། འདི་ནི་དམ་པ་ཁོང་ཚང་གིས་དངོས་སུ་ཕྱག་བྲིས་མཛད་གནང་བའི་ལྗགས་རྩོམ་ཞིག་མ་ལགས་ཏེ། དེ་ཡང་། སློབ་མ་དང་དགེ་རྒན། ཕ་མ་རྣམས་ལ་གནང་བའི་གསུང་བཤད་དང་། ཁོ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་བྱས་པ་རྣམས། ཕྱིས་སུ་ཡིག་ཐོག་ཏུ་ཕབས་པའི་ལེའུ་ཉེར་བདུན་ཅན་གྱི་དེབ་གཟུགས་སུ་གྲུབ་པ་ཞིག་རེད། དེབ་འདི་ཐོག་མར་༡༩༦༤་ལོར་པར་སྐྲུན་བྱས་འདུག་ཅིང་། དེ་དུས་དེབ་ཀྱི་མཚན་བྱང་ནི་ “རིག་གནས་ཀྱི་གནད་དོན།” (This matter of culture)ཞེས་པ་འདི་རེད། ཕྱིས་སུ་༢༠༠༧་ ལོར་དཔར་ཐེངས་གཉིས་པའི་སྐབས་སུ་དེབ་འདིའི་མཚན་བྱང་བརྗེས་ཏེ། “གནད་དོན་འདི་དག་ལ་བསམ་གཞིགས་གྱིས།”(Think on these things)་ཞེས་བཏགས་འདུག། ཡིན་ན་ཡང་། ང་རང་གིས་དེབ་འདི་ཡོངས་སུ་བསྒྱུར་གྲུབ་སྟེ། བརྗོད་དོན་ཧྲིལ་བོ་ལ་དམིགས་ཤིང་མནོ་བསམ་ཡང་ཡང་བགྱིས་མཐར། མཚན་བྱང་དེ་དེ་ལྟར་དུ་རང་སྐད་དུ་བྲིས་ཚེ། ཚིག་དོན་གཉིས་ཆ་ནས་བློར་འབབ་པ་ཞིག་མ་ཡོང་བས། རང་ཉིད་ཀྱི་སྨྱུག་ཁ་མཐོ་རུ་བཀྱགས་ཏེ། དེབ་འདིའི་མཚན་བྱང་ལ་ “ང་ཚོར་ཅི་ལྟ་བུའི་སློབ་གསོ་ཞིག་དགོས་སམ།” ་ཞེས་བཏགས་པ་ཡིན།
དེ་ལྟར་བཏགས་པར་ཡང་དགོས་པ་རྒྱུ་མཚན་གཉིས་ཡོད་དེ། དང་བོ། བརྗོད་དོན་ཧྲིལ་བོ་དང་ཁ་འཕྲོད་པ། དེ་ཡང་། དམ་པ་ཁོང་གི་གསུང་རྩོམ་འདི་གཙོ་བོ་ཉིན་རེའི་འཚོ་བར་ཕྲ་རགས་ཅི་རིགས་ཀྱི་སྒོ་ནས་ཇི་ལྟར་འཇུག་དགོས་མིན་གྱི་སློབ་གསོའི་སྐོར་དང་། དེ་འབྲེལ་གྱི་བསམ་བློ་ཡི་འཁྱེར་ཕྱོགས་དང་དེ་ཡི་ངོ་བོ། ད་དུང་། སེམས་ཀྱི་གནས་ལུགས་དང་བདེན་པ་དོན་གཉེར། སྡུག་བསྔལ་ལ་སོགས་ལས་ཇི་ལྟར་ཐར་དགོས་མིན་གྱི་ལྟ་གྲུབ་སྐོར། རང་བྱུང་མ་མའི་ཕང་བ་རུ་ཇི་ལྟར་ཟབ་འཇུག་བྱེད་པའི་ཚུལ་ཏེ། མདོར་ན། སློབ་གསོ་དང་ལྟ་གྲུབ་ཀྱི་སྐོར་ཡིན་པས། དེབ་ཀྱི་མཚན་བྱང་ནི་ “ང་ཚོར་ཅི་ལྟ་བུའི་སློབ་གསོ་ཞིག་དགོས་སམ།” ཞེས་བཏགས་ཏེ། སློབ་གསོ་ཞེས་པའི་ཐ་སྙད་འདི་སྔུན་ལ་བུད་དུ་བཅུག་པ་ཡིན།
གཉིས་པ། ཀློག་པ་པོ་ལ་ཚ་འདྲི་བྱེད་པའི་རྣམ་པ། དེ་ཡང་། “ང་ཚོར་ཅི་ལྟ་བུའི་སློབ་གསོ་ཞིག་དགོས་སམ།” ཞེས་དྲི་བའི་རྣམ་པ་ཅན་དུ་བཞག་པ་དེ་ཡིས། ཀློག་པ་པོ་རྣམས་ལ་སློབ་གསོ་དང་འབྲེལ་བའི་བསམ་བློ་མང་བོ་ཞིག་གཏོང་དུ་འཇུག་སྟེ། དཔེར་ན། སློབ་གསོ་ནི་ཅི་ཞིག་ཡིན་ནམ། དེང་གི་རང་ཅག་གི་སློབ་གསོའི་གནས་སྟངས་ཅི་འདྲ་ཞིག་ཡིན་ནམ། ཅི་འདྲ་ཞིག་ཡིན་དགོས་སམ། མ་འོངས་པའི་སློབ་གསོའི་ཁ་ཕྱོགས་གང་ཞིག་ཏུ་འགྲོའམ། ཞེས་པ་ལ་སོགས་ཀྱི་དྲི་བ་དང་བསམ་གཞིགས་ཀྱི་འཁོར་ལོ་ཡང་ཡང་བསྐོར་ངེས་ཡིན་ལ། མཐར། དྲི་ལན་རྣམས་ནི་གསུང་རྩོམ་འདིའི་ཁ་ཕྱེས་ཏེ། ཤོག་ལྷེ་རེ་རེ་ནས་བཙལ་འཚོལ་བྱ་བའི་སེམས་ལ་ངར་ཞིག་ཀྱང་བསླང་ངེས་པས་དེ་ལྟར་བཏགས་པ་ཡིན།
དེ་ནས། རྗེ། ཀིར་ཤུ་ན་མུར་ཏི་ནི་དེང་རབས་ཀྱི་སློབ་དཔོན་ཀླུ་སྒྲུབ་དང་དབུ་མའི་ལྟ་བ་འཛིན་མཁན་ཞིག་རེད་ཅེས་བརྗོད་མཁན་ཡང་འདུག་ལ། སེམས་དོན་གཙོ་བོར་འཛིན་མཁན་རྫོགས་ཆེན་པ་ཀློང་ཆེན་རབ་འབྱམས་པ་དང་འདྲ་བོ་འདུག་ཅེས་བརྗོད་མཁན་ཡང་གདའ། ཡང་ལ་ལས། ལྟ་བ་ཅི་ཡང་མེད་པ་ནི་ཀིར་ཤུ་ན་མུར་ཏི་ཡི་ལྟ་བ་རེད་ཅེས་ཤབ་ཤུབ་སྨྲ་མཁན་ཡང་འདུག། ཡང་རང་རེ་མཁས་མིང་འཛིན་པ་ཁ་ཤས་ཀྱིས་ཁོང་གི་ལྟ་བ་ནི་བོད་པའི་སྤྱི་ཚོགས་ཀྱི་ཁམས་དང་མོས་པར་འཕྲོད་པ་མ་རེད་ཅེས་ཁ་བརྡ་བྱེད་མཁན་ཡང་འདུག། ཡང་ལ་ལས་དམ་པ་ཁོང་གི་གསུང་རྩོམ་མང་བོ་བཀླགས་པའི་མཐའ་སྡོམ་གྱི་ཚུལ་དུ། ཁོང་གི་གསུང་ནི་གསེར་ལྟ་བུ་ཞིག་རེད། ཡིན་ན་ཡང་། ལག་ལེན་དུ་བསྟར་རྒྱུ་ནི་ལག་རྡུམ་བྲག་ལ་འཛེག་འདྲ་རེད། ཅེས་ཀྱང་བཤད་ཀྱིན་འདུག། ཡང་ལ་ལས། ཁོང་གི་གསུང་ནི་སྟོང་བསམ་འབའ་ཞིག་སྟེ། གནད་དོན་སེལ་བར་རྔོ་ཅི་ཡང་མི་ཐོག་ཅེས་བརྗོད་མཁན་ཡང་འདུག། མདོར་དྲིལ་ན། ཚང་མར་མཐུན་ཆོས་ཞིག་ཡོད་པ་དེ་ནི་དམ་པ་ཁོང་གི་སྐོར་ལ་ཚང་མ་ལ་མཐུན་པའི་ཆ་ཞིག་མ་རེག་པ་དེ་རེད། རྒྱུ་མཚན་ནི་ཀུན་པས་ཀིར་ཤུ་ན་མུར་ཏི་ནི་ཀིར་ཤུ་ན་མུར་ཏི་རང་ཡིན་པར་བཙལ་འཚོལ་མ་བྱས་པར། མཚུངས་ཆོས་གཞན་ཞིག་གཞི་ལ་བཞག་སྟེ། དེ་ལ་མཚུངས་མིན་གྱི་སྒོ་ནས་བལྟས་པས། ཚང་མས་ཀིར་ཤུ་ན་མུར་ཏི་ནི་སུ་ཞིག་ཡིན་པ་མ་རྙེད་པ་རེད། དོན་གྱིས་ཀིར་ཤུ་ན་མུར་ཏི་ནི་ཀིར་ཤུ་ན་མུར་ཏི་སྟེ། གཞན་ནི་མ་ཡིན་ནོ། (འདི་ནི་དམ་པ་ཁོང་ཚང་གི་ལྟ་བའི་ཡང་ཏིག་ཅིག་ཀྱང་ཡིན།)
གཞན་ང་རང་ཅུང་བློ་མི་བདེ་བ་ཞིག་ཡོད་པ་ནི། ཁོང་གི་བདེན་པ་དང་ཐར་བའི་(Truth and freedom)་སྐོར་གྱི་ལྟ་ཚུལ་འདི་གཉིས་རྟོགས་དཀའ་བའི་གནད་ཅིག་ཡིན་པ་དང་། སྒྱུར་བའི་སྐབས་སུ་ཡང་དེ་ཡི་དོན་ཁོག་ལོན་ཡོད་མེད་ཀྱི་རྐྱེན་པས། ཀློག་པ་པོ་རྣམས་ལ་དེ་ཡི་གོ་བ་རེག་མིན་གྱི་ཐད་ནས། ང་རང་ལ་ཧ་ཅང་ཐེ་ཚོམ་དང་སེམས་ཁྲལ་ཆེ། དེ་མིན་གཞན་ཕལ་མོ་ཆེ་སློབ་གསོའི་སྐོར་དག་དག་ཡིན་པས། གོ་བ་མི་རེག་པའི་ངལ་བ་དང་དཀའ་ཚེགས་ཆེར་མེད་པར་སེམས་བཞིན་ཡོད་པས། དེ་ཡི་སྐོར་ལ་འདིར་ཆེད་དུ་གསེད་བཀྲོལ་བྱེད་པའི་ངལ་བ་སྤང་བ་ཡིན།
ཡིན་ན་ཡང་། འདིར་ཁོང་གི་སློབ་གསོའི་ཐད་ཀྱི་ལྟ་ཚུལ་ཁ་ཤས་བསྡུས་ཤིང་དྲིལ་ཏེ་ངོ་སྤྲོད་ཙམ་ཞིག་བརྗོད་ན། དེ་ཡང་། ལེའུ་དང་བོ་རུ་ཁོང་གིས་འདི་ལྟར་གསུངས་ཡོད་དེ། “སློབ་གསོ་ཡི་དོན་གྱི་སྙིང་བོ་ནི་ཁྱོད་ཀྱི་ཤེས་རབ་དང་བློ་གྲོས་འཕེལ་བར་གསོ་སྐྱོང་བྱས་ཏེ། དྲི་བ་ཐམས་ཅད་ཀྱི་དྲི་ལན་འཚོལ་རྒྱུ་དེ་མ་ཡིན་ནམ། ”་ཞེས་པ་དང་། ཡང་། “སློབ་གསོའི་ཕུགས་ཀྱི་གཏད་ས་དེ་ཉམས་ཉེས་སུ་སོང་ཡོད་པའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་གང་ཞིག་ལ་རུང་བསྟུན་བྱེད་པར་གྲོགས་དན་བྱེད་པ་ཁོ་ནའི་ཕྱིར་དུ་ཡིན་ནམ། ཡང་ན། དེ་ཡིས་ཁྱོད་ལ་ཡོངས་སུ་རྫོགས་པའི་རང་དབང་ཞིག་བསྩལ་ཏེ་འཚར་ལོངས་བྱེད་དུ་འཇུག་པ་དང་། མཚུངས་མིན་གྱི་སྤྱི་ཚོགས་གསར་བ་ཞིག་བསྐྲུན་དུ་འཇུག་པའི་ཆེད་དུ་ཡིན།”ཞེས་བརྗོད་ཡོད། དེ་ནས། ལེའུ་གཉིས་པར་། “སློབ་གསོའི་དམིགས་འབེན་ནི་ལོ་ན་ཕྲ་དུས་ནས་བཟུང་སྟེ། ཁྱོད་ཀྱིས་མི་གཞན་ལ་ལད་ཟློས་མི་བྱེད་པར། ནམ་ཡང་རང་ཉིད་རང་ཉིད་ལ་བཅའ་བར་གྲོགས་དན་བྱེད་པ་དེ་ཡིན།” ་ཞེས་པ་དང་། ལེའུ་བཅུ་གཅིག་ཏུ། “སེམས་ཀྱིས་རྩོལ་བ་ཇི་ལྟར་བྱེད་ཀྱིན་ཡོད་མེད་དེ་རྟོགས་པར་བྱེད་པ་ནི་སློབ་གསོ་ཡི་ཆེས་རྩ་བའི་དམིགས་འབེན་ཞིག་ཡིན།” ཡང་། “སློབ་གསོ་དངོས་མ་དེ་ནི། ཁྱོད་ཀྱི་བསམ་བློ་བཙོན་ར་ན་བཀག་བསྐྱིལ་བྱས་ཡོད་པ་དེ་ཁྱོད་ཀྱིས་མཐོང་ཆེད་དུ་སྡོངས་གྲོགས་བྱེད་པ་དེ་ཡིན་པ་ལས། ཡིག་རྒྱུགས་འཕྲོད་དགོས་པ་དང་། ཡང་ན། ཁྱོད་ཀྱིས་ཅི་ཞིག་སྦྱངས་པ་རྣམས་ཡིག་ཐོག་ཏུ་ཕབ་པར་བྱེད་པ་དེ་ཁོ་ན་མིན་ནོ།”ཞེས་བརྗོད་ཡོད། དེ་ནས། ལེའུ་བཅུ་གསུམ་ན། “ཡང་དག་པའི་སློབ་གསོ་ཡི་དམིགས་བྱ་ནི། ཁྱོད་རང་གསོན་ཤུགས་ཀྱིས་ཁེངས་པ་དང་བློ་རིག་བཀྲ་བ་ཞིག་ཏུ་འགྱུར་བར་གྲོགས་དན་བྱེད་པ་དང་། གཞན་གྱི་གོ་གནས་ཀྱི་རྐྱེན་པས་སེམས་ལ་ཞེད་སྣང་སྐྱེ་བ་དང་བྲལ་བར་བྱེད་པ་དེའོ།།’’་ ཞེས་གསུངས་ཡོད་པ་དང་། གཞན་ཡང་། བདེན་པ་དོན་དུ་གཉེར་བ་ནི་ཡང་དག་པའི་སློབ་གསོ་ཡིན། ཞེས་པ་དང་། རང་ངོ་རང་གིས་ཟིན་པར་གྲོགས་བྱེད་པ་ནི་སློབ་གསོའོ། ཞེས་ཀྱང་བརྗོད་ཡོད་དོ།།
དེ་ནས། ཁོང་གིས་བདེན་པ་གླེང་དུས། མཚམས་མཚམས་སུ་སྨྲ་བསམ་བརྗོད་འདས་ཀྱི་སྟོང་ཉིད་རྣམ་བཞག་དང་དེའི་གནས་ལུགས་བརྗོད་པའི་སྲོལ་འདྲ་ཞིག་ཡོད་ཅིང་། མཚམས་མཚམས་སུ། ཡུལ་ཅན་གྱི་སེམས་ཉིད་ན་གནས་པའི་སངས་རྒྱ་བའི་ནུས་པ་སྟེ། བདེར་གཤེགས་སྙིང་པོ་ལ་གོ་བའི་སྲོལ་འདྲ་ཞིག་ཀྱང་མཆིས། ཡང་མཚམས་མསཚམས་སུ། ལྷའམ་དཀོན་ཅོག་(God)་ལ་གོ་བ་དང་། ཡང་ན། མི་སྒེར་རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བློ་ཡི་འཛིན་སྟངས་འབའ་ཞིག་ལ་གོ་བའི་སྲོལ་འདྲ་ཞིག་ཀྱང་སྣང་། དེ་ཡང་། བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ། ཞེས་པའི་གསུང་བཤད་གྲགས་ཅན་དེ་ན། ཁོང་གིས་འདི་ལྟར་གསུངས་ཡོད་དེ། “རང་ཉིད་ལ་དྲི་མས་མ་བསྒོས་པ་དེ་ནི་སེམས་ཀྱི་དེ་ཁོ་ན་ཉིད་དེ་ཡིན། དེ་ནི་ནམ་ཡང་འགྱུར་བ་མེད་པའི་རྟག་ཅིང་བརྟན་པ་ཞིག་ཡིན་པར་མ་ཟད། བརྩེ་ཞེན་དང་རིགས་ཤེས་བར་གྱི་མཐུན་གནས་ཞིག་ཀྱང་ཡིན། དེ་ནི་ད་གཟོད་ཚུགས་ཐུབ་དང་རྐྱེན་མེད་ཀྱི་བདེན་པ་དེ་ཡང་ཡིན། བདེན་པ་དེ་ནི་ཚེ་སྲོག་གི་རང་བཞིན་དེ་ཡིན། ”་ཞེས་པ་དང་། ཡང་། ཁོང་གིས་“ངས་བསམ་ན་བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ། ཁྱོད་རང་ལམ་ལུགས་དང་ཆོས་ལུགས། ཚོགས་པ་གང་ཞིག་ལ་འཛུལ་ཞུགས་བྱས་པ་ཡིན་ན། ཁྱོད་ཀྱིས་ནམ་ཡང་བདེན་པ་ནི་ཅི་ཞིག་ཡིན་པ་དེ་ཤེས་མི་ཐུབ།”་ཅེས་ཀྱང་བརྗོད་ཀྱི་ཡོད་པ་དང་། ད་དུང་། “བདེན་པ་ནི་མི་རེ་རེ་ཡི་ནང་སེམས་ན་ཡོད་པ་ཞིག་ཡིན། དེ་ནི་ཐག་རིང་པོ་ན་ཡང་མེད་ལ། ཐག་ཉེ་བོ་ན་ཡང་མེད། དེ་ནི་ནམ་ཡང་རྟག་ཅིང་བརྟན་པོར་དེ་ན་གནས་པ་ཞིག་ཡིན།”་ཞེས་ཀྱང་གསུངས་ཡོད་པ་ལྟ་བུའོ། མདོར་ན། ཁོང་གིས་བདེན་པ་ནི་དེ་དང་འདིའོ། ཞེས་གྲི་ཡིས་བཅད་པ་དང་། མཛུབ་མོས་ཀེར་བ་ལྟར་གསུངས་མེད་པ་དེའོ། འདི་ལྟར་བསམ་ན། བདེན་པ་ནི་ལམ་བུ་དང་བྲལ་བའི་གནས་དེའོ། ཞེས་པའི་ཁོང་གི་གསུང་སྒྲོས་འདི་ཡི་གོ་བ་ཕྲ་མོ་ཞིག་ཀྱང་ང་ཚོའི་བློ་ལ་འབབ་ངེས་ཤིག་རེད་སྙམ།
དེ་ནས། ཐར་བའི་(freedom)་སྐོར་རེད། མང་ཤོས་ཤིག་གིས་འདི་ལ་རང་དབང་ཞེས་བསྒྱུར་སྲིད་ན་ཡང་། ང་རང་གིས་ཐར་བ་ཞེས་བསྒྱུར་ཡོད། ཡིན་ན་ཡང་། ཐར་བ་ཞེས་བརྗོད་དུས། ང་ཚོ་མང་བོ་ཞིག་གི་བློ་ངོར་འཁོར་བ་ལས་ཐར་བ་དང་སྡུག་བསྔལ་ལས་ཐར་བ་ཞེས་པའི་དོན་གྱི་སྣེ་མོ་ཞིག་སེམས་ལ་འཕྲལ་དུ་ཤར་ངེས་རེད། དེ་ལྟར་ཡིན་ན་ཡང་། དམ་པ་ཁོང་གིས་ཐར་བའི་བརྗོད་སྟངས་ནི་ཅུང་མི་འདྲ་སྟེ། སྤྱིར་དམ་པ་ཁོང་གིས་ཐར་བའི་ཐད་ལ་ཕྱོགས་འགའ་ཤས་ཤིག་ནས་བརྗོད་ཡོད་སྲིད་ཀྱང་། ང་རང་གིས་འདིར་ཕྱོགས་གཉིས་ཀྱི་སྒོ་ནས་གླེང་ན། དང་བོ། སེམས་ལ་སྣང་རྟོག་གམ་ཡ་ལན་(reaction)་བྲལ་བས་ན་ཐར་བ། དེ་བས། ཁོང་གིས་སྣང་རྟོག་གམ་ཡ་ལན་བྲལ་བ་ནི་ཐར་བའོ་ཞེས་བརྗོད་ཀྱི་ཡོད། གཉིས་པ། སེམས་པའམ་བསམ་བློ་ནི་རིག་གནས་དང་སྲོལ་རྒྱུན། གོམས་གཤིས། སྒྲིག་སྲོལ་ལ་སོགས་ཀྱི་རྒྱ་ལས་ཐར་བ་དང་བཅས་གཉིས་སོ། དེ་ནས། ཐར་བ་འདི་གཉིས་གཞི་ལ་བཞག་ནས་བསམ་གཞིགས་ཀྱི་རྣོ་ཁ་ཡང་ཡང་བརྡར་ན། དམ་པ་ཁོང་གིས་སེམས་པ་ནི་རྟོག་པ་མཐའ་དག་དང་བྲལ་དགོས་པའོ་ཞེས་བརྗོད་ཀྱི་ཡོད་པ་ང་ཚོས་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་། དེ་ཡང་། ནང་བའི་གཞུང་ནས་བརྗོད་པའི་མཐར་ཐུག་གི་འབྲས་བུ་སྟེ། རྣམ་མཁྱེན་མཁྱེན་པའི་གོ་འཕང་ངམ་སངས་རྒྱས་པའོ་ཞེས་པ་དང་ཆ་འདྲ་བར་སྣང་། ཡིན་ན་ཡང་། དེ་ནི་ཇི་འདྲའི་ཉམས་ལེན་བྱེད་ཁག་པོ་ཞིག་རེད་ཨང་།
ཆེས་ཡིད་དབང་འཕྲོག་པ་ཞིག་ནི། ཀིར་ཤུ་ན་མུར་ཏི་ཡིས་རང་བྱུང་མ་མའི་ཁྱད་འཕགས་ཀྱི་མཛེས་སྡུག་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། རང་ཉིད་ཀྱི་བཤད་འདོད་པའི་སྐད་ཆ་རྣམས་ཀྱང་། རང་བྱུང་གི་ཆོསདངོས་དག་ལ་བཀལ་ཏེ་བརྗོད་ཀྱི་ཡོད་པ་དེ་རེད། དེ་བས། ཁོང་གི་གསུང་ན་རང་བྱུང་གི་མཛེས་པ་དང་། རང་བྱུང་གི་བཀོད་པ་མེད་པ་ཉུང་ཉུང་གི་ཚོད་དུ་གདའ། དེ་ཡང་། དཔེར་ན། ལེའུ་གཉིས་པར། “ཁྱོད་རང་ལྷོད་འཇགས་ཀྱིས་བསྡད་དེ། དགོང་ཁའི་མཚམས་སྤྲིན་དང་སྡོང་རྩེ་ནས་སྐྱེངས་པའི་ཚུལ་གྱིས་གསེག་སྟེ་མངོན་ཡོང་གིན་པའི་ཟླ་གཞོན་དེ་ལ་མིག་དབང་གིས་རོལ་མྱོང་བྱས་ཡོད་མེད་ངས་མི་ཤེས། ནམ་རྒྱུན། བར་སྐབས་འདི་ལ་གཙང་བོ་ནི་ལྷིང་ཞིང་འཇགས་ལ། ཟམ་པ་དང་དེའི་སྟེང་ན་བགྲོད་ཀྱིན་པའི་མེ་འཁོར། དགུང་གི་འཇམ་སོབ་སོབ་ཀྱི་ཟླ་འོད། ཕྲ་ཆིལ་ལེ་ཡི་སྐར་ཚོགས། ཐ་ན། ཆོས་དངོས་ཡོད་དོ་ཅོག་ཆུ་ངོགས་སུ་ལྡོག་སྟེ་ཤར་འདུག། འདི་དག་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་།”་ཞེས་པ་ལྟ་བུ་དང་། དེ་ལྟར་བརྗོད་པར་ཡང་། ཁོང་ལ་གསེར་ལྟ་བུའི་གཏན་ཚིགས་དུ་མ་མཆིས་ཏེ། དཔེར་ན། ཁོང་གིས་རང་བྱུང་ཁམས་ནི་མཆོག་ཏུ་གྱུར་བའི་དགེ་རྒན་ཞིག་ཏུ་རྩིས་བཞིན་ཡོད་པ་དང་། དེ་ཡང་། ལེའུ་དང་བོར་ཁོང་གིས་འདི་ལྟར་བརྗོད་ཡོད་དེ། “ ལོ་མ་སྐམ་པོ་ཞིག་དང་འཕུར་གྱིན་པའི་བྱེའུ་ཞིག། དྲི་བསུང་དང་མིག་ཆུ། ཕྱུག་པོ་དང་དབུལ་བོ། ངུ་བཞིན་པའི་མི། མཛེས་མ་ཡི་འཛུམ་མདངས། སྟག་ཤར་གྱི་ང་རྒྱལ། མདོར་ན། ཆོས་དངོས་མཐའ་དག་གི་ཁྲོད་ནས་ཁྱོད་ཀྱིས་སློབ་གཉེར་བྱེད་ཆོག། དེ་ལྟར་ཡིན་ཙ་ན། ཁྱོད་ལ་དམིགས་བསལ་གྱི་མཛུབ་སྟོན་པ་མེད་ལ་བསམ་བློ་བ་ཡང་མེད། སློབ་དཔོན་ཡང་མེད། མ་གཞི་ནས་འཚོ་བ་རང་ནི་ཁྱོད་ཀྱི་དགེ་རྒན་ཡིན། དེར་བརྟེན། ཁྱོད་ནི་རྒྱུན་མི་ཆད་པའི་སློབ་གཉེར་གྱི་ལམ་ཁ་ན་གནས་ཡོད་པ་རེད།”་ཅེས་གསུངས་ཡོད་པ་ལྟ་བུའོ།
གཞན་ཡང་། ཉོན་མོངས་སྤང་བ་དང་བསྒྱུར་བ་མ་ཡིན་པར། རྫོགས་ཆེན་ལུགས་ཀྱི་གྲོལ་བའི་ཆ་དེ་དང་མཚུངས་པ་ཞིག་ཀྱང་བརྗོད་ཀྱི་ཡོད་དེ། དཔེར་ན། ལེའུ་བཅུ་དགུའི་ནང་དུ། “ རང་ཉིད་སྒྲོམ་གཞི་ཞིག་ལ་གཞི་བཅོལ་ཏེ་བཅོས་སྒྱུར་བྱེད་པ་ནི་བླུན་པའི་སྤྱོད་པ་ཞིག་མ་ཡིན་ནམ། གང་ལྟར། གལ་ཏེ་མི་ཞིག་ཉོབ་ཅིང་འཐིབས་ནས་ཡོད་ན་ཡང་། ཁོས་རང་ཉིད་ཀྱི་འཐོམས་སྦྲིད་ཀྱི་ཆ་དེ་ཤེས་རྟོགས་བྱུང་བ་དང་། དེ་གཞན་གང་ཞིག་ཏུ་བསྒྱུར་འདོད་ཀྱི་འདུན་པའང་ཅི་ཡང་མེད་པར་མ་ཟད། “ང་རང་ཉོབ་པོ་ཞིག་དང་བླུན་པོ་ཞིག་རེད། ཅི་འདྲའི་ལས་ངན་ཞིག་རེད་ཨང་། ”ཞེས་སྨྲེ་ངག་ཀྱང་མ་བཏོན་ཚེ། ཁོས་དཀའ་རྙོག་དེ་སེལ་ཚར་ཡོད་པ་རྟོགས་ཡོང་ལ། འབད་རྩོལ་ཅི་ཡང་མེད་པར་བླུན་པོ་དང་རྟུལ་བོ་ལས་ཐར་ཏེ་སེམས་ཀྱི་བློ་གྲོས་རྒྱས་ཏེ་འཕེལ་འགྲོའོ།།”ཞེས་བརྗོད་པ་ལྟ་བུ་དང་། ད་དུང་། ལེའུ་ཉི་ཤུའི་དྲི་བ་དྲི་ལན་གྱི་སྐབས་སུ་ཡང་། “རྩོལ་བ་གང་ཞིག་ལ་བརྟེན་ནས་འདོད་རྔམ་གྱི་བློ་དེ་གཞན་ཞིག་ཏུ་བསྒྱུར་བསམས་པ་དེ་ཡང་རྣམ་པ་མི་འདྲ་བའི་འདོད་རྔམ་གཞན་ཞིག་ཡིན་པ་མ་ཡིན་ནམ།”ཞེས་གསུངས་པ་ལྟ་བུའོ།། མདོར་ན། ཁོང་གིས་ཉོན་མོངས་རང་སོར་འཇོག་དགོས་པ་བརྗོད་ཀྱི་ཡོད་པ་འདྲ་སྟེ། དཔེར་ན། ཁོང་ཁྲོ་ལངས་དུས། ཁོང་ཁྲོའི་སེམས་བྱུང་དེར་ཐ་ན་ཁོང་ཁྲོ་ཞེས་པའི་ཐ་སྙད་དེ་ཡང་མ་འདོགས། ཞེས་བརྗོད་པ་ལྟ་བུའོ། དེ་བས། ཁོང་ནི་ཀློང་ཆེན་རབ་འབྱམས་པ་དང་འདྲ་བོ་འདུག་ཅེས་བརྗོད་པ་དེ་ཡང་འོལ་ཚོད་ཀྱི་གཏམ་ཞིག་མིན་པའི་སྣང་བ་སྟེར། (སྤྱིར། རང་ཉིད་ལ་རྫོགས་ཆེན་སྐོར་གྱི་ཐོས་པ་རེ་ཟུང་མ་གཏོགས། རྟོགས་ཆ་ཟབ་པོ་མེད་པས། དེ་ལྟར་རོ། ཞེས་ཐག་ཆོད་པའི་ངང་ནས་བཤད་པའི་སྤོབས་པ་བྲལ། ཡིན་ཀྱང་། རང་ཉིད་ཀྱི་བློར་དེ་ལྟར་ཆ་འདྲ་ཞིག་སྣང་བས། འདིར་ངོ་སྤྲོད་ཙམ་ཞིག་བརྗོད་དེ། དཔྱོད་ལྡན་ཀུན་པོར་བརྟག་པར་གྱིས་ཤིག། ཅེས་རེ་སྐུལ་གྱི་ཚུལ་དུ་བཤད་པ་ཡིན། )
དེ་ནས། ཀིར་ཤུ་ན་མུར་ཏི་སྐུ་འཚོ་གཞེས་སྐབས་ཀྱི་དུས་རབས་རྒྱབ་ལྗོངས་ལ་ཆ་མཚོན་ན། ཁོང་ནི་(༡༨༩༥—-༡༩༨༦)་བར་གྱི་མི་ཞིག་ཡིན་པས། ཏག་ཏག་འཛམ་གླིང་དམག་ཆེན་དང་བོ་དང་གཉིས་པའི་སྐབས་ཀྱི་མི་སྣ་ཞིག་ཆགས་ཡོད་པས། མི་ནི་དུས་རབས་དང་ཁོར་ཡུག་གི་ཐོན་འབྲས་ཡིན་ཞེས་བརྗོད་པ་ལྟར། དམ་པ་ཁོང་གི་བསམ་བློ་ལ་ཡང་སྐབས་ཐོག་དེ་ཡི་ཁོར་ཡུག་དང་དུས་རབས་ཀྱི་ཤན་ཞུགས་མེད་ཅེས་སུས་ཀྱང་བརྗོད་མི་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་ཁོང་གིས་སྐབས་ཐོག་དེ་ཡི་འགྲོ་བ་མི་ཡི་ནང་ཁུལ་ལ་དམར་གསོད་ཁྲག་སྦྱོར་དང་། ཁྱོད་ཤི་ང་གསོན་གྱིས་འཐབ་འཁྲུག་གི་འཁོར་ལོ་བསྐོར་ཏེ། ཁྲག་གི་མཚོ་མོ་བསྐྱིལ་ཞིང་རོ་ཡི་ལྷུན་པོ་རྩིག་བཞིན་ཡོད་པ་དེ་མཐོང་པས། གནད་དོན་དེ་ཡི་རྒྱུ་མཚན་ལ་འཚོལ་ཞིབ་དང་བརྟག་དཔྱད་བྱས་ཡོད་ངེས། དེ་ཡང་། དམ་པ་ཁོང་གིས་ “འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོ་ལ་ཐུན་མོང་གི་གནད་དོན་ཞིག་ཡོད་པ་དེ་ནི། ང་ཚོས་རང་ཉིད་ནི་རྒྱ་གར་བ་དང་ཨ་རི་བ། ཨུ་རུ་སུ་བ། རྒྱ་མི་ལ་སོགས་ཡིན་ཞེས། རང་ཉིད་ཅིག་གི་ཁོངས་གཏོགས་ཡིན་སྙམ་པའི་མདོ་རྩ་བྲལ་བའི་བསམ་བློ་གཏོང་བཞིན་ཡོད་པ་དེ་ཡིན། མཐར་གཏུགས་ན། ཆབ་སྲིད་དང་ས་ཁོངས། རིགས་རུས། དཔལ་འབྱོར་གྱི་དབྱེ་བ་བཅས་ཀྱིས་འགྲོ་བ་མི་ཕན་ཚུན་གྱི་བར་ལ་ཤ་འཁོན་དང་སྡང་སེམས་འབའ་ཞིག་སྐྲུན་བཞིན་འདུག” ཅེས་གསུངས་ཡོད།
དེ་ནས། གསུང་རྩོམ་འདི་སྒྱུར་སྐབས། མ་རྩོམ་ནི་དབྱིན་ཡིག་ཡིན་ཞིང་། མཚམས་ལ་རེར། ང་རང་གི་དབྱིན་ཡིག་གི་ཆུ་ཚད་ཞན་པ་དང་། དམ་པ་ཁོང་གི་ལྟ་བའི་གོ་བ་ལོན་ཡོད་མེད་དང་དོན་གྱི་གནད་ཟིན་ཡོད་མེད་ཀྱི་རྐྱེན་པས། རྒྱ་ཡིག་གི་འགྱུར་གཞི་(རྒྱ་འགྱུར་ན་ཆད་ཡོད་པ་ཡང་ཚན་པ་ཁ་ཤས་འདུག)་ལ་ཡང་བསྐྱར་ནས་བསྐྱར་དུ་བལྟས་པ་ཡིན། བསྒྱུར་ཐབས་ནི་དོན་བསྒྱུར་གཙོར་བྱས་པ་ཞིག་ཡིན། སྤྱིར་བསྒྱུར་གང་ཞིག་ཡིན་ཡང་། དང་བོ་དོན་གྱི་གོ་བ་རྣལ་མ་ཞིག་ལོན་དགོས་པ་ཡིན་ཙང་། དམ་པ་ཁོང་གི་གསུང་གི་གོ་བ་ཇི་བཞིན་དུ་ལོན་པའི་ཕྱིར་དུ། ཁོང་གི་དེབ་འདྲ་མིན་བཀླགས་པ་དང་། ཁོང་དང་འབྲེལ་བའི་གློག་བརྙན་ལ་བལྟས་པ། གྲོགས་པོ་ནང་ཁུལ་དུ་ཁོང་གི་སྐོར་ལ་ཁ་བརྡ་དང་བགྲོ་གླེང་བྱས་པ། ཐ་ན། དངོས་སུ་ཝཱ་རཱ་ཎ་སཱི་ན་གནས་པའི་ཀིར་ཤུ་ན་མུར་ཏི་ཡི་ཐེབས་རྩ་དེ་རུ་ཡང་ཕྱིན་ཏེ། དམ་པ་ཁོང་གི་སྐོར་ལ་དེ་གའི་ལས་བྱེད་དང་མཉམ་དུ་ཁ་བརྡ་དང་དོགས་འདྲི་ལ་སོགས་ཀྱང་བྱས་ཏེ་དམ་པ་ཁོང་གི་སྐོར་ལ་རྒྱུས་ལོན་བྱས་པ་ཡིན།
དེ་ནས། ང་རང་གིས་མགྲིན་པ་གཟེངས་སུ་བཏེགས་ཏེ། སྐད་གསེང་མཐོན་པོས་བཤད་འདོད་པ་གཞན་ཞིག་ཡོད་པ་དེ་ནི། སྙིགས་དོར་བཅུད་ལེན་དང་ལྟ་བ་མཉམ་གནས་ཞེས་པ་འདི་ཡིན།
སྙིགས་དོར་བཅུད་ལེན། ང་ཚོས་ཕྱིའི་རིག་གནས་ནང་འདྲེན་བྱེད་པའི་ཚེ། རང་ཅག་གི་ཕྱི་ནང་ལ་སོགས་ཕྱོགས་ཡོངས་ལ་གཞིགས་ཏེ། འཕྲོད་ཅིང་འབྱོར་བ། འོས་ཤིང་འཚམ་པ་རྣམས་བླང་བ་དང་། འཁྱོགས་ཤིང་མི་འཕྲོད་པ་རྣམས་བླང་བར་མི་བྱ་སྟེ། མདོར་ན། མགོ་ཡི་ཚོད་ཀྱི་ཞྭ་དང་། རྐང་པའི་ཚོད་ཀྱི་ལྷམ་ཞེས་པ་ལྟར། སྙིགས་དོར་བཅུད་ལེན་གྱི་སྒོ་ནས་སྦྱོར་འཇུག་བྱེད་དགོས་པ་བཞིན། ཀིར་ཤུ་ན་མུར་ཏི་ཡི་གསུང་རྩོམ་འདི་ལ་ཆ་མཚོན་ན་ཡང་དེ་ལྟར་ལགས་ཏེ། སྙིགས་དོར་བཅུད་ལེན་གྱི་ཚགས་སུ་བླུགས་ན་འོས་ཤིང་རན་པ་ལས། ཐམས་ཅད་བླང་བྱ་ཉིད་དོ། ཞེས་བརྗོད་པའི་སྤོབས་པ་བྲལ། ཡིན་ན་ཡང་། གསུང་རྩོམ་འདི་བཀླགས་པའི་རྗེས་ནས། གང་ཞིག་ལ་གོམས་འདྲིས་དང་བག་ཆགས་སྟུག་པོ་ཡིས་ཐེར་ཟུག་དང་མཁྲེགས་རེངས་སུ་གནས་པའི་བསམ་བློ་གང་གི་ཨ་འཐུས་སུ་ཡོད་པའི་གྲིམ་ཁ་དེ། ཅུང་ལྷོད་དུ་འཇུག་ངེས་པ་དང་། མིག་དབང་གཞན་ཞིག་སྟོབ་པ། སེམས་ཀྱི་སྒེའུ་ཁུང་ཡངས་པོར་ཕྱེས་ཏེ། དམངས་གཙོ་ལྟ་བུའི་གུ་ཡངས་ཀྱི་བློ་ཞིག་བསྐྱེད་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། གཉིས་ནས། དམ་པ་ཁོང་གིས་ཤར་ཕྱོགས་ཀྱི་ནང་རིག་པའི་ལྟ་གྲུབ་འདི་ཆོས་ལུགས་བྱེ་བྲག་པ་ཞིག་གི་ངོར་བཟུང་ཏེ། ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་སྨྲ་བ་མ་ཡིན་པར། སྤྱིར་སློབ་གསོའི་རྣམ་པའི་ཐོག་ནས་མི་རིགས་དང་ཆོས་ལུགས། ས་ཁོངས་དང་རིགས་རུས་ཀྱི་དབྱེ་བ་ཅི་ཡང་མེད་པར་བརྗོད་ཡོད་པས། རང་རེའི་ནང་བའི་བསྟན་བཅོས་ཀྱི་གླེགས་བམ་འཛིན་པ་པོ་རྣམས་ལ་ནང་བའི་ལྟ་གྲུབ་ཀྱི་ཆ་གང་ཞིག་ཚུལ་ཇི་ལྟར་དེང་གི་སློབ་གསོའི་མ་ལག་ཏུ་བསྒྱུར་བའི་ལམ་ཁ་ཞིག་ཀྱང་བསྟན་འདུག་སྙམ།
ལྟ་བ་མཉམ་གནས། འདི་ནི་དམངས་གཙོ་ཡི་དགོངས་པ། དུས་རབས་ཀྱི་འཕེལ་ཁ། འཛམ་གླིང་གི་ཁ་ཕྱོགས། མདོར་ན། རང་དབང་དང་འདྲ་མཉམ་གྱི་གཞི་རྩ་རྡོག་རྡོག་དེ་ཡིན་པས། ལྟ་བ་གསར་བ་དང་རིག་གནས་གསར་བ་གང་ཞིག་སྙིགས་དོར་བཅུད་ལེན་གྱི་སྒོ་ནས་དེ་ལ་བརྩི་བཀུར་དང་མཉམ་གནས་བྱེད་དགོས་པ་ལས། རང་ལྟ་མཆོག་འཛིན་གྱི་ཁུ་ཚུར་གནམ་ལ་འཁྱེར་ཏེ། དུངས་ཞེན་དང་ཕྱོགས་ལྷུང་གི་ངར་ཤུགས་ཀྱིས་གཞན་ན་ཡོད་པའི་གནས་ལུགས་དང་བདེན་པའི་མགོ་བོར་ཤུགས་ཀྱིས་རྡེག་ན་ག་ལ་འགྲིག། མི་འགྲིག་སྟེ། དེ་ཡང་དགེ་ཆོས་ཀྱིས་ “མི་རེའི་ཁོང་ན་མི་མཐུན་ཚད་མ་རེ།། དེ་ཡི་རྒྱབ་སྐྱོར་རྡོ་རྗེ་བཀའ་ལུང་རེད།། ལ་རེ་རྒྱབ་ན་མི་མཐུན་ཆོས་ལུགས་རེ།། དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ།།” ་ཅེས་གསུངས་བ་ལྟར། ལྟ་བ་ཡང་དེ་བཞིན་ཡོད་ལ་ཡོད་ཀྱང་ཆོག་ལ་རུང་ཡང་རུང་བས། གཞན་གྱི་ལྟ་བ་ལ་རང་ཉིད་མོས་མཐུན་མེད་ཀྱང་ལུགས་མཐུན་གྱི་བརྩི་བཀུར་བྱེད་པའི་གུ་ཡངས་པའི་བསམ་བློ་དེ་ནི་ཇི་འདྲའི་གལ་འགངས་ཆེན་པོ་ཞིག་རེད་ཨང་། དེ་བས། ང་རང་གི་འགྱུར་དེབ་འདི་ཡི་དམིགས་ཡུལ་གཅིག་ནི་དེ་འདྲའི་གུ་ཡངས་པའི་བསམ་བློ་ཞིག་བསྐྱེད་ཕྱིར་ཡིན་ཞེས་བརྗོད་ན་ཡང་མི་ཆོག་པ་མེད།
མཐར། རང་ཉིད་ཀ་ཁའི་བདག་ཉིད་ཅན་གྱི་རང་རེའི་སྐད་ཡིག་འདི་ལ་དགའ་དུངས་ཀྱི་དབང་གིས་འགྱུར་དེབ་འདི་ལ་འཇུག་པ་དེར་གསེར་ལྟ་བུའི་གཏན་ཚིགས་གཞན་ཞིག་ཀྱང་ཡོད་དེ། དེ་ནི་སྐད་ཡིག་གི་ཚེ་ཐག་རིང་དུ་སྲིང་བྱེད་ཀྱི་རིན་ཆེན་རིལ་བུ་གཅིག་ནི། སྐད་ཡིག་གི་ཁྱབ་ཁོངས་རྒྱ་བསྐྱེད་པ་དེ་ཡིན་པར་འདོད་ཀྱི་ཡོད་པས་ཡིན། དེ་ཡང་ཡིག་སྒྱུར་གྱི་ལམ་བུ་འདི་ནས་ཕུགས་བསམ་དེ་མངོན་འགྱུར་བྱེད་ཐུབ་པའི་གདེང་སྤོབས་ཆེན་པོ་ཡོད་པས། རང་ཉིད་ཀྱི་འགྱུར་དེབ་འདིའི་དགོས་དམིགས་གཅིག་ཀྱང་དེ་ཉིད་དོ་ཞེས་བརྗོད་ན་འདོད། གཞན་ཡང་། སློབ་གསེང་གི་དུས་ཚོད་རེ་སྤྱད་པས། ཞུ་དག་དང་སྒྱུར་བའི་སྐབས་སུ་དུས་ཚོད་ཀྱིས་མ་ལྕོགས་པས། ཧ་ཅང་གཟབ་ནན་དང་ཏན་ཏིག་གིས་འདིར་འཇུག་མ་ཐུབ་དང་། དེ་ནས། སྐད་ཡིག་གི་སྤུས་ཚད་དང་གོ་རྟོགས་ཀྱི་ཟབ་ཚད། ཚིག་སྦྱོར་གྱི་སྡེབ་ལེགས། བསྒྱུར་ཐབས་ཀྱི་ནུས་རྩལ་བཅས་ཀྱི་རྐྱེན་པས། འགྱུར་འདིའི་ཚིག་གི་སྡེབ་སྦྱོར་གྱི་གོ་རིམ་འཆོལ་བ་དང་། དོན་གྱི་གནད་ཆ་ཡི་སྙིང་པོ་ཤོར་བའི་ནོར་འཁྲུལ་ཅིས་ཀྱང་ཡོད་ངེས་པས། དཔྱོད་ལྡན་གྱི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ལམ་སྟོན་ལྷུག་པོ་དང་བརྟག་དཔྱད་ནན་མོ་བྱེད་པའི་རེ་བ་སྙིང་ནས་ཞུའོ།།
༢༠༡༤་ལོའི་ཟླ་༠༧་པའི་ཚེས་༢༨་ཉིན་ལ། ཝཱ་རཱ་ཎ་སཱི་ནས།
་
་་་་མཱུརྟི་ནི། ་་་་་འདྲ་སྐུ་ལ་ཟེར།
་་་་་་་་་་་་་་ མདོར་ན། ཁོང་གིས་ཉོན་མོངས་རང་སོར་འཇོག་དགོས་པ་བརྗོད་ཀྱི་ཡོད་པ་འདྲ་སྟེ། དཔེར་ན། ཁོང་ཁྲོ་ལངས་དུས། ཁོང་ཁྲོའི་སེམས་བྱུང་དེར་ཐ་ན་ཁོང་ཁྲོ་ཞེས་པའི་ཐ་སྙད་དེ་ཡང་མ་འདོགས། ཞེས་བརྗོད་པ་ལྟ་བུའོ། དེ་བས། ཁོང་ནི་ཀློང་ཆེན་རབ་འབྱམས་པ་དང་འདྲ་བོ་འདུག་ཅེས་བརྗོད་པ་དེ་ཡང་འོལ་ཚོད་ཀྱི་གཏམ་ཞིག་མིན་པའི་སྣང་བ་སྟེར། ་་་་་་་་་་་་་
ཀིརིས་ཏི་ན མུར་ཏི་དང་། ཆོས་རྒྱལ་དྲུང་པ་རིན་པོ་ཆེ་་གཉིས་མཉམ་འཛོམས་བྱུང་བ།
https://www.youtube.com/watch?v=qqL9c4jYigk
གཟབ་་གདོང་རིང་རིན་པོ་ཆེས། ཀི་རིས་ཏི་ན་ མུར་ཏི་མཆོག ཁོང་ཕར་ཚུར་ཕེབས་དུས་། རི་ལའི་ལག་འཁྱེར་ཉོ་མི་ཤེས་མཁན་ཅིག་ཀྱང་གསུངས་འདུག འདིས་ག་རེ་མཚོན་ནམ། ལགས།
བཀྲ་ཤིས་བདེ་ལེགས་ཞུ། དཀའ་ལས་ཞེ་བོ་བརྒྱབ་ཤག