དབུས་ཕྲུག་ཚེ་རིང་།
༡༽
བྱ་དངོས་གང་ཞིག་ཀྱང་འཕེལ་རྒྱས་ཀྱི་ཡང་རྩེ་ནས་གུད་པ་དང་གུད་པའི་མཐར་རྒྱས་པ་ནི་དངོས་པོའི་གཤིས་ལུགས་ཡིན།
ང་ཚོ་གངས་ཅན་པ་ཚོ་ཡང་འདས་པའི་ལོ་རྒྱུས་ནང་ཆབ་དཔལ་རིག་གསུམ་གྱི་མངའ་ཐང་དགུང་དུ་སྙེག་མྱོང་ལ།
ད་ཆ་གུད་པའི་མཐར་ལྷུང་སོང་བ་རེད།
འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་སུ་འདྲ་ཞིག་ཀྱང་ལོ་རྒྱུས་ཀྱི་ཐེམ་སྐས་འདི་འགྲིམས་མ་མྱོང་བ་མེད་ཚོད་རེད།
མི་ལོ་ལྔ་བཅུ་ལྷག་ཙམ་ང་ཚོ་འདི་ལྟར་གྱར་དགོས་དོན་ཡང༌།
ང་ཚོའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སློབ་གསོའི་རྨང་གཞི་ཞན་པ་དང༌།
བཟོ་ལས་ཚན་རིག་གི་ཤེས་བྱ་དང་གསར་གཏོད་ཀྱི་ལམ་བུར་དོགས་འདྲོགས་ཀྱིས་བཀག་རྡོ་མང་བ།
འདི་ལྟར་ཕྱོགས་ལྷུང་གི་བསམ་བློའི་འདུ་ཤེས་གཏིང་ཟབ་པས་ང་ཚོ་འདི་ལྟར་དྲུད་འོང་བ་རེད།
འོན་ཀྱང་སྙིགས་དོར་བཅུད་ལེན་གྱིས་དེང་རབས་ཀྱི་འོད་སྣང་ལ་ཁ་ཕྱོགས་ཏེ་དཀའ་ཚེགས་ཆེ་བའི་ང་ཚོའི་མདུན་ཕྱོགས་ཀྱི་ལམ་བུར་དུས་རབས་ཀྱི་དཔལ་ཡོན་མངོན་འགྱུར་ཡོང་བར།
ང་ཚོ་རང་ཉིད་ནས་འགོ་འཛུགས་བྱེད་ཐུབ་ན།
རྟ་མཆོག་ལས་ཀྱང་འགྲོས་མྱུར་བའི་དུས་རབས་ཀྱི་འཕོ་འགྱུར་ཞིག་གིས་ང་ཚོ་ཡང་འདི་ལྟར་ལུས་མི་སྲིད།
༢༽
འོ་ན་ང་ཚོས་ཅི་ཞིག་ལས་དགོས་སམ་ཞེས་ན།
སྔ་འདང་ཕྱི་འདང་གིས་འདས་པའི་ལོ་རྒྱུས་དང་ད་ལྟའི་དུས་རབས་ཀྱི་མདུན་ལྗོངས་ལ་བསམ་གཞིགས་གཏིང་ཟབ་བྱས་ཏེ་ང་ཚོའི་ཁོར་ཡུག་དང༌།
མི་རིགས་ཀྱི་དགོས་མཁོར་འཚམས་པའི་བཅོས་བསྒྱུར་ལེགས་པོ་བྱེད་དགོས།
དེ་ཡང་གལ་འགངས་ཆེ་ཤོས་ནི། ཤེས་ཡོན་སློབ་གསོའི་སྐོར་ཡིན།
འཐུས་སྒོ་མ་ཚང་བའི་ད་ལྟའི་སློབ་གསོ་ལས་བྱིས་པ་དང་གཞོན་ནུའི་སེམས་ཁམས་དང་འཚམས་པའི་སློབ་ཚན་ཁག་བཅོས་སྒྲིག་དང༌།
དགེ་རྒན་གྱི་ཡོན་ཚད་དང་སློབ་གསོའི་ནུས་རྩལ་གོང་འཕེལ་བཏང་སྟེ་ཚད་ལྡན་གྱི་འོས་སྦྱོང་དང་ཡང་ན།
ཤེས་འཇོན་ལྡན་པའི་དགེ་རྒན་གྱི་དཔུང་ཁག་གསར་པ་འཛུགས་དགོས་རྒྱུ།
སློབ་མའི་བསམ་བློ་བསྐྱེད་སྲིང་དང༌།
རྩོམ་རིགས་ཀྱི་ནུས་རྩལ་གོང་འཕེལ་ཡོང་ཆེད་གཟེངས་བསྟོད་རྒྱ་ནོམ་པའི་སློབ་ཆུང་དང༌།
སློབ་འབྲིང་མཐོ་སློབ།
དེ་མིན་གྱི་ཁྱབ་ཁོངས་ནང་ལོ་རེར་ཐེངས་གཉིས་ཙམ་རེ་འགྲན་བསྡུར་གྱི་གར་སྟེགས་གསར་པ་བསྐྲུན་རྒྱུ།
དེ་བཞིན་དེང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་ཁྲོམ་རའི་གནས་སྟངས་བཞིན་དཔལ་འབྱོར་གྱི་དགོས་མཁོ་དང༌།
མི་རིགས་ཀྱི་ལྟ་ཚུལ་ལྟར་བཤེས་གཉེན་ཚོར་གུས་བཀུར་གྱི་འདུ་ཤེས་བསྐྲུན་དགོས།
མི་རིགས་སོ་སོའི་སེམས་ཁམས་ལ་དབྱེ་ཞིབ་མ་བྱས་པར་བཟང་ཚད་དང་ཡོད་ཚད་ཕྱི་ཕྱོགས་སུ་རློམ་ཞིང༌།
ཀུན་སྤྱོད་རྒྱ་ཡན་དུ་ཤོར་བའི་སློབ་གྲྭའི་སྒྲིག་གཞིའི་མ་ལག་བསྒྱུར་བཅོས་གཏོང་རྒྱུ་དང༌།
རིམ་པ་ཁག་གི་འགོ་ཁྲིད་ཚོ་སློབ་གྲྭ་ཁག་ཏུ་ཕེབས་སྐབས་ངེས་པར་དུ་སློབ་ཕྲུག་དང༌།
དགེ་རྒན་གྱི་བསམ་ཚུལ་བསྡུ་ལེན་ཚད་ལྡན་གནང་དགོས་རྒྱུ།
རང་རིགས་དང་གཞན་བོད་ཀྱི་རིག་གཞུང་ལ་དོ་དབྱིངས་ཡོད་པའི་མི་སྣ་སུ་རུང་གི་ཆེད།
ཕན་ཚུན་བསམ་བློའི་བར་ཐག་སྦྲེལ་བ་དང་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་སླད།
གཞུང་གིས་གཙོ་གཉེར་གནང་བའི་དྲ་ཚིགས་འཐུས་སྒོ་ཚང་བ་ཞིག་གསར་འཛུགས་དགོས།
འཕྲལ་ཕུགས་ཀྱི་དགོས་མཁོར་གཞིགས་ཏེ་རྒྱ་བོད་དབྱིན་གསུམ་གྱི་ཚད་ལྡན་ཡིག་བསྒྱུར་ཁང་ཞིག་ངེས་པར་དུ་དགོས་རྒྱུ།
མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་བརྗོད་པ་ལྟར།
རྨང་ནས་སྐད་ཡིག་ཉམ་ཞན་དུ་འགྱུར་ན་མི་རིགས་འདི་ཉིད་ཀྱི་ཟུངས་ཁྲག་ཉམས་ཏེ་འཆི་རྒྱུ་ལས་མེད།
དེས་ན་ང་ཚོ་གཞན་དབང་སྟབས་བསྟུན་ཡིན་ཡང་གཙོ་ཆེར་མི་རིགས་ཀྱི་གནད་དོན་ལ་གཞིགས་ཏེ་སློབ་གསོའི་ཁ་ཕྱོགས་སྤོར་དགོས།
འདི་ནི་མི་རིགས་ཤིག་འཆི་ལམ་ནས་སྐྱོབ་རྒྱུའི་དཔྱང་ཐག་ཉག་ཅིག་ཡིན་ངེས།
༣༽
ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲོམ་གཞིའི་ཐད་ནས།
ད་ལྟ་བར་གྱི་བོད་མིའི་རྩ་འབོར་གྱི་བརྒྱ་ཆ་མང་ཆེ་བས་འོས་བསྡུའི་ཆ་ཤས་ལེན་མི་ཐུབ་པ་དེར་ལེགས་བཅོས་དང༌།
སྐབས་གང་དུ་ཡང་གཞུང་འཛིན་ཚོགས་པ་ཞིག་རུལ་སུངས་དང་བག་མེད།
ལེ་ལོའི་དབང་དུ་མ་སོང་བའི་ཆེད། དག་ཐེར་དང་འགྲན་སློང་གིས།
འཛིན་སྐྱོང་ཚགས་ཚུད་དང་ལས་དོན་ལེགས་སྒྲུབ་ཡོང་ཆེད་སྲིད་དོན་ཚོགས་པ་ཞིག་ངེས་པར་དུ་ཡོད་དགོས།
གྲོས་ཚོགས་གོང་འོག་གི་ལམ་ལུགས་དང་མི་རེར་འོས་ཐོབ་གཉིས་ཀྱི་ཐོབ་ཐང་ལ་སྣོན་འཕྲི་སྤོར་གཅོག་དགོས་རྒྱུ།
ཇི་སྐད་དུ། དབུ་མ་ཞི་བརྒྱ་པ་ལས། ཇི་ལྟར་ཀླ་ཀློ་གཞན་སྐད་ཀྱིས།།
བཟུང་བར་མི་ནུས་དེ་བཞིན་དུ།། འཇིག་རྟེན་པ་ཡིས་མ་གཏོགས་པར།།
འཇིག་རྟེན་བཟུང་བར་མི་ནུས་སོ།། ཞེས་གསུངས་པ་ལྟར།
ཐ་ན་ཆོས་ལུགས་ཀྱི་དྲི་ངད་ཀྱིས་ཡོངས་སུ་འཐུལ་འོང་བའི་འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་དུ་ཡང་ཆོས་ལུགས་ཀྱི་མི་སྣ་བཞུགས་མི་ཆོག་པ་བཞིན།
རབ་བྱུང་ན་ཆོས་ལུགས་ཀྱི་སྤྱི་འཐུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཚོ།
དུག་གསུམ་གྱི་ཡོ་ལངས་འཚུབ་མའི་འཇིག་རྟེན་གྱི་འདུ་རར་འཚོགས་མི་དགོས་པར་སྟོན་མཆོག་ཐུབ་དབང་གི་ཞབས་ཟུང་གི་རྗེས་ཤུལ་བསྙེགས་ཏེ་ཆོས་སྲིད་ཀྱི་ལམ་ལུགས་དབྱེ་འབྱེད་དགོས་རྒྱུ།
སྤྱི་འཐུས་རྣམས་གྲོས་ཚོགས་ཀྱི་འཐུས་མིར་སྐབས་གཉིས་ཡན་ཕེབས་མི་ཆོག་པ།
དེ་ནས་སྐབས་གཅིག་ངེས་པར་དུ་བར་སྟོང་འཇོག་དགོས་རྒྱུ།
རྒྱུ་མཚན་ནི་སྤྱི་འཐུས་རྣམས་གྲོས་ཚོགས་སུ་དུས་ཡུན་རིང་དྲགས་ན་ཕྱོགས་གཅིག་ནས་ཤེས་འཇོན་ཅན་གྱི་གཞོན་སྐྱེས་ཚོར་གོ་སྐབས་མི་རེག་པ།
གཉིས་ནས་གྲོས་ཚོགས་ནང་བསམ་བློ་རྒྱུན་འབྱམས་ཀྱི་རང་བཞིན་ཞིག་ལས་ལྟ་ཚུལ་གསར་པའི་མཐོ་རླབས་འཕྱུར་མི་ཐུབ་པ།
གཞན་ཡང་གལ་སྲིད་ཁྱེད་རང་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཞིག་ཡིན་ན་མ་གཏོགས།
གཞན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞུང་ཁག་ལ་འབོད་སྐུལ་གྱིས།
བོད་མིའི་ངོ་བོ་མཚོན་པའི་རང་བཙན་ལག་དེབ་ཀྱི་ནུས་པ་གོང་འཕེལ་དང་གཅིག་འགྱུར་ཡོང་བ་བཟོ་རྒྱུ།
ལོ་རེ་ནས་ལོ་རེར་བོད་མིའི་གྲངས་འབོར་ནུབ་ཕྱོགས་ཁུལ་དུ་མང་དུ་འགྲོ་བ་དང༌།
ད་དུང་ནུབ་ཕྱོགས་ལ་ཁ་ཕྱོགས་པའི་འགྱུར་འགྲོས་འདི་ནམ་ཡང་འགོག་མི་ནུས་གཤིས།
གཞུང་གིས་སྔོན་ཚུད་ནས་ནུབ་ཕྱོགས་ཁུལ་དུ་བོད་མིའི་ཆོས་རིག་དར་སྤེལ་དང༌།
རྩ་དོན་རྒྱུན་འཁྱོངས་ཡོང་རྒྱུའི་སྒྲིག་འཛུགས་ཁྱབ་སྤེལ་དང་ས་བརྟན་གཏོང་དགོས་རྒྱུ།
༤༽
དཔལ་འབྱོར་གྱི་གནས་དོན། དཔལ་འབྱོར་ནི་ཆོས་དང་སྲིད།
གནའ་དང་དེང་གང་དུ་ཡང་མེད་མི་རུང་བའི་རྒྱུན་སྤྱོད་དངོས་པོ་ཞིག་ཡིན་ལ།
དུས་རབས་རིམ་བྱུང་ནང་ཆབ་སྲིད་དང་དམག་དོན་གྱི་རྒྱལ་ཁ་གཙོ་བོ་དཔལ་འབྱོར་གྱིས་བླངས་ཡོད།
ལྷག་དོན་དུས་རབས་འདིའི་ནང་དྲང་བདེན་དང་ཁྲིམས་ལུགས།
ཁེ་གྲགས་དང་དབང་ཤུགས་སོགས་ཡོད་ཚད་དཔལ་འབྱོར་གྱིས་བསླུ་ཉོ་བྱེད་ཀྱིན་ཡོད།
ང་ཚོར་བདེན་པ་ཡོད་བཞིན་དུ་ཇི་ནི་ཝར་འཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ལོ་རྟག་པར་ང་ཚོ་ཕམ་འགྲོ་བ་ནི་རྒྱ་ནག་གི་དཔལ་འབྱོར་ནུས་ཤུགས་ཀྱིས་བཟོས་པ་རེད།
འདི་ནི་དཔེ་མཚོན་རག་པ་ཙམ་ཞིག་རེད།
དེར་བརྟེན་ང་ཚོས་གཞིས་ཆགས་ཁག་དང་རྒྱ་གར་ནང་གི་བོད་མི་རྣམས་ལྷིང་འཇགས་དང་ཆིག་སྒྲིལ།
ཡུན་རིང་གི་འཚོ་གནས་ལ་འགན་ལེན་ཞིག་བྱེད་བསམ་ན།
ངེས་པར་དུ་དུས་རབས་ཀྱི་འཕུར་མཆོང་ལ་བརྟགས་ཏེ་གཞུང་གིས་གོ་སྒྲིག་དང་གལ་ཆེའི་ལམ་སྟོན་འོག
།སྤྱི་ཡོངས་ཀྱི་ཆ་ནས་ལོ་རེར་ཟླ་བ་གསུམ་ཙམ་ལས་མེད་པའི་བལ་གོས་དགུན་ཚོང་ཙམ་མ་ཡིན་པར།
རྒྱ་གར་ནང་གཞུང་སྒེར་གྱི་བཟོ་གྲྭ་ཁག་དང་དེ་མིན་གྱི་བསམ་བློ་གསར་པའི་ཚོང་ལས་ཐོན་བསྐྱོད་ཀྱི་རྣམ་པ་གསར་པར་ཁ་ཕྱོགས་དགོས།
དེ་མིན་གཞུང་གིས་ས་གནས་ཁག་སོ་སོར་དེང་རབས་དཔལ་འབྱོར་ལམ་ལུགས་ཀྱི་བྱེད་ཐབས་གཙོ་གྲས་དངུལ་གྱིས་དངུལ་གསོག་པའི་བརྒྱུད་ལམ།
རྒྱ་གར་གཞུང་དང་སྒེར་གཉེར་གྱི་དངུལ་ཁང་དང༌།
དེ་མིན་ཁེ་ལས་ཁག་སོ་སོར་དངུལ་བུན་བཅོལ་གྱི་ལམ་ལུགས་རྣམས་ཤེས་ལྡན་མི་སྣ་གོ་སྒྲིག་གིས་ས་གནས་ཚང་མར་ལམ་སྟོན་བྱེད་དགོས།
༥༽
མདོར་ན་ང་ཚོས་སྒལ་ཚིགས་སྒྲེང་ཞིང་རང་ཉིད་ཀྱི་རྐང་པར་བརྟེན་ནས་ལང་དགོས་ན།
ཤེས་ཡོན་དང་དཔལ་འབྱོར། ཆབ་སྲིད་ཕྱོགས་གསུམ་ལ་མི་རིགས་རང་མཚན་པའི་བསམ་སྤྱོད་དང༌།
དུས་རབས་དང་འཚམས་པའི་སྒོ་ནས་བཅོས་བསྒྱུར་མཐར་ཕྱིན་པ་བྱེད་དགོས།
ཇི་སྲིད་ང་ཚོར་གསར་སྤེལ་དང་མདུན་མཆོང་གི་སྙིང་སྟོབས་མེད་སོང་ན།
དེ་སྲིད་དུ་ཡར་རྒྱས་དང་སྔོན་ཐོན།
དུས་རབས་གསར་པ་ཞེས་པ་རྣམས་ང་ཚོའི་རྨི་ལམ་ཡིན་ལ་མིང་ཚིག་འདི་དག་ང་ཚོར་བེད་མེད་རང་རེད།།
༢༠༠༩ ༡༢ ༢
༡༠༽ lala ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༡༨
ཁ་བརྡ་ཚང་གི་མི་ཚང་མས་ཊི་ཝེ་ཊའི་twitterབེད་སྤྱོད་གནང་གི་ཨེ་ཡོད། དེ་ནི་དེང་དུས་ཚིག་ཉུང་ངང་ནས་ཕན་ཚུན་གནས་ཚུལ་ངོ་སྤྲོད་བྱེད་ཐབས་མགྱོགས་ཤོས་དེ་རེད། ད་ལྟ་བོད་ཡིག་འབྲི་མཁན་ཡང་མང་པོ་འདུག གལ་སྲིད་དེའི་ནང་དུ་བཞུགས་མ་ཐུབ་པ་ཡིན་ན་མ་ལོན་རྒས་པོར་གྱུར་པའམ་དུས་རབས་ཀྱི་རྗེས་མ་ཟིན་པ་འདྲ་བས་མགྱོགས་ཙམ་twitter དྲ་མིག་ཞིག་རང་ཉིད་ལ་དབང་བར་མི་བརྩོན་ནམ། དྲ་བ་དེའི་ནང་དུ་ད་ལྟ་བོད་པ་སྐད་གྲགས་ཅན་མང་པོ་བཞུགས་འདུག གསར་འགྱུར་ཞིག་སྤེལ་འདོད་ཀྱང་དེའི་ནང་དུ་སྤེལ་ན་མགྱོགས་ཤོས་རེད་འདུག