ཨ་འདུས་པས།
———<< སྨུག་པའི་ཡུལ་གྲུ་ >> ཞེས་པ་བཀླགས་རྗེས་ཀྱི་ཟིན་ཐོ།
སྙན་ངག་འདི་ནི་ཉེ་རབས་བོད་ཀྱི་གཞོན་རབས་མཁས་པའི་ཁྲོད་ན་ངེས་དོན་གྱི་སྨྲ་བའི་དཔང་ཕྱུག་ཏུ་འབོད་ཆོག་པའི་སྐུ་ཞབས་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་སྔར་ལོར་བརྩམས་པ་ཞིག་ཡིན་ཞིང་། གུས་པས་ཚིག་ཉུང་དོན་འདུས་ཀྱི་སྙན་ངག་འདི་བཀླགས་རྗེས་ང་ཚོའི་མིག་སྔའི་ཁོར་ཡུག་གི་གནད་དོན་སྤྱི་དང་། ལྷག་པར་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་འཕེལ་རྒྱས་སུ་བསྙད་པའི་ཆོ་ལོ་བརྫུས་མ་དེའི་འོག་རང་གི་དུར་ས་རང་གིས་འཚོལ་བཞིན་པའི་རྒྱལ་ཁབ་དག་གིས་ཚད་ལས་བརྒལ་བའི་འཕྲུལ་རིགས་བཟོ་སྐྲུན་དང་། དེའི་ཐོན་རྫས་བཟོ་གྲྭའི་དུག་རླང་གིས་བསྐྱེད་པའི་མིག་སྔའི་ཁོར་ཡུག་གི་ལས་དབང་སྐྱོ་ལྷང་ངེ་བ་དེའི་ཟུར་ངོས་རེ་གསལ་པོར་མཐོང་ཐུབ་པ་ཡིན།
དང་པོ། མྱི་དང་། ཁོར་ཡུག
ལར་ནས་རྩོམ་ཡིག་འདི་འདྲ་ཞིག་འབྲི་བར་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཀྱང་དགོས་ངེས་ཐོག རྩོམ་པ་པོ་ཁོང་ནི། འབོལ་གདན་གྲུ་བཞིའི་ཐོག་ནས་དཔེ་ཆ་ཀློག་བཞིན། རྩམ་པ་མཆོད་དེ། མེ་ཏོག་སྣ་ཚོགས་ཀྱི་བསུང་ཞིམ་སྲོག་ཏུ་སྦྲུམ་པའི་བོད་མཐོ་སྒང་གི་མཁའ་དབུགས་གཙང་མ་གཞིབས་ཏེ་བཞུགས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། དེང་རབས་ཀྱི་གྲོང་ཁྱེར་འགྲིམ་པའི་སྐབས་སུ་རང་གི་ཁོར་ཡུག་ཏུ་གང་ཞིག་མ་ཚང་བ་དང་། ཅི་ཞིག་གིས་མ་འདང་བ་གསལ་པོར་ངོས་ཟིན་པའི་མྱོང་བ་དམར་རྗེན་མ་དག་ཡི་གེའི་གཟུགས་སུ་གསལ་པོར་བཞེངས་པ་ཞིག་ཡིན་ཏེ། རྩོམ་པ་པོས་རྔམ་མཐོ་ཞིང་། བཟོ་བཀོད་སྣ་མང་ལྡན་པའི་དེང་རབས་ཀྱི་ཁང་བརྩེགས་ནམ་མཁའི་མཐོངས་སུ་ཟུག་པ་དག་ལ་གཅིག་རྗེས་གཉིས་མཐུད་ཀྱིས་ཡང་ནས་ཡང་ཏུ་ཞིབ་ལྟ་བྱས་རྗེས། གློ་རྡེག་ཏུ་ལན་བརྗོད་དཀའ་བའི་དྲི་བ་ཞིག་གིས་ཁོང་གི་སེམས་ཁམས་ཧྲིལ་པོ་ཡང་ཡང་བསྡམས་ཡོད་ཅིང་། སྡུག་བསྔལ་དེ་ཁོང་གིས་མ་ཐེག་པར་ང་ཚོའི་མདུན་སར་འཕངས་པ་ནི། ལྷ་ཡིས་བཟོ་བོས་བཀོད་པ་ལྟ་བུའི་གྲོང་ཁྱེར་འདི་དག་ཕྱིའི་བཟོ་བཀོད་ཅི་འདྲ་མཛེས་ནའང་། མཛེས་པ་དེ་དག་མཐོང་བར་འགལ་རྐྱེན་དུ་གྱུར་པའི་ “ མི་གསལ་སྨུག་པའི་དཀྱིལ་འཁོར་ ,, དེས་ཁོར་ཡུག་གི་སྣང་བརྙན་རྫོབ་པོ་དེའི་སྤྱི་བམ་ཙམ་སྨྲས་ཤིང་། ཅ་ཧང་མག་མོག་ཡིན་པའི་སྨུག་པ་དེ་ཉིད་ཇི་ལྟར་བྱུང་བ་ཡིན་ནམ། ཞེས་ག་ལེར་མི་རྣམས་ཀྱིས་ཡང་ཡང་བསམ་གཞིགས་བྱ་དགོས་པའི་དྲི་བ་ཞིག་ཤུགས་ལ་བཀོད་ཡོད།
གཉིས་པ། བཅོས་མའི་འཇིག་རྟེན།
མ་གཞི་ནས། རྣལ་འབྱོར་བ་དག་གིས་སྣང་བ་སྒྱུ་མ་ཞེས་གསུངས་པ་བཞིན། གང་ཞིག་སྣང་བ་དེ་དག་ཀྱང་ལས་སྣང་འབའ་ཞིག་ཡིན་པས། དོན་དུ་བཅོས་མ་ཞིག་ལས་མེད་དུ་མཆི་མོད་ཀྱང་། དེང་རབས་ཀྱི་འཚོ་ཚས་དག་ནི་བཅོས་མ་ལས་ཀྱང་བཅོས་མར་གྱུར་པའི་ངང་ཚུལ་གསལ་པོར་སྟོན་ཕྱིར། སྨུག་པའི་དཀྱིལ་འཁོར་དེ་དག་ཇི་ལྟར་བྱུང་བའི་བསམ་གཞིགས་དེའི་ལན་དུ་ “ སེམས་ལས་མེ་བྱུང་མེ་ལས་དུ་བ་བྱུང་།། དུ་བ་འཁྲིགས་ཏེ་སྨུག་སྤྲིན་བ་གམ་ཆགས།། བ་གམ་འོག་ན་ཁ་ཐུམ་གྱོན་པའི་མིས།། ད་རུང་མེ་ལ་བུད་ཤིང་ཡང་ཡང་སྣོན།། ,, ཞེས་ཁོར་ཡུག་འབག་བཙོག་ཇི་ལྟར་བྱས་པའི་དྲི་བ་དེའི་ལན་རྣམས་གཏན་ཚིགས་དང་མ་འགལ་བའི་སྒོ་ནས་གསལ་པོར་བཀོད་ཡོད་པ་མ་ཟད། གྲོང་ཁྱེར་གྱི་མི་དག་གིས་རང་འདོད་ཁོག་ཏུ་བཅུགས་ཏེ་རང་བྱུང་ཁམས་ཀྱི་ནགས་ཚལ་དང་། དེར་གནས་བཅས་པའི་འདབ་ཆགས། རི་དྭགས། གཙང་པོ། སྤྲིན། རླུང་། མེ་ཏོག་སོགས་ཀྱི་སྐྱེ་རྒྱུན་བཅད་དེ། བཅོས་མའི་སྣང་བརྙན་འབའ་ཞིག་ལ་མགོ་འཁོར་ནས་ཡོད་པའི་གནས་བབ་དེ་གསལ་པོར་སྟོན་ཕྱིར། “ གླིང་ག་བཅོས་མ་དང་། རི་དྭགས་བཅོས་མ། འཛུམ་མདང་བཅོས་མ། ,, ཞེས་རྩོམ་པ་པོས་བརྫུས་མའི་དོན་སྟོན་པའི་ཐ་སྙད་འགའ་ཨུ་ནན་གྱིས་ཡང་ཡང་བསྐྱར་དགོས་བྱུང་བ་ནི། དེང་རབས་ཀྱི་འཚོ་བའི་ཁྲོད་བྱ་དངོས་ཕལ་མོ་ཆེ་བཅོས་མའི་ངོར་གནས་ཡོད་པ་གོ་བརྡ་གསལ་པོར་སྤྲོད་ཆེད་ལོས་ཡིན་ཨང་།
གསུམ་པ། མྱི། རྒྱུ་ནོར་གྱི་གཡོག་པོ།
དེང་རབས་ཀྱི་གྲོང་ཁྱེར་དག་ན། མི་རྣམས་རྒྱུན་དུ་དཔལ་འབྱོར་འཚོལ་སྒྲུབ་ཁོ་ནའི་སླད་དུས་ལྟར་འདུར་རྒྱུགས་བྲེལ་གསུམ་བྱ་དགོས་ཤིང་། དེ་ཡང་མདོར་ན། རང་གི་མིང་དང་། གོ་གནས་སོགས་ཁེ་ཕན་འབའ་ཞིག་ཡིད་ལ་བརྣགས་ཏེ་ཡོད་ཅིང་། མི་ཚེ་གང་བོར་འབད་ཀྱང་མཐར་རེ་བ་བཞིན་མ་འགྲུབ་པས་སེམས་འཁྲུགས་ཏེ་རང་གི་ཚེ་སྲོག་རང་གིས་བརླགས་པ་ཡང་ཤིན་ཏུ་མང་བར་དམིགས་ཏེ། “ དུས་ལྟར་བགོས་པའི་འཚོ་ཐབས་གྲུ་བཞི་དེས།། ཉིན་བྲེལ་ཟླ་བྲེལ་ལོ་བྲེལ་ཚེ་བྲེལ་བས།། མི་ཚེའི་གདོང་གི་འཛུམ་ཡང་ཟད་པ་འདྲ།། ཞེས་དང་། ཉིན་མོར་ལུས་ངལ་མཚན་མོར་སེམས་ངལ་ཏེ།། སེམས་ཀྱི་དཀྱིལ་འཁོར་གས་པ་མང་རབས་ཐོས།། ,, ཞེས་ཧ་ཅང་རྙོག་འཛིང་ཆེ་ཞིང་། སེམས་ངལ་མང་བའི་གྲོང་ཁྱེར་གྱི་བྲེལ་ཟིང་གི་འཚོ་བའི་ཟུར་རེ་རེ་ཕྱིར་དྲན་ཁྲོད་ནས་ག་ལེར་བསྔོགས་ཆོག་པའི་བསམ་གཞིགས་ཀྱི་ས་བོན་བཀྲམ་ཡོད། དེ་ལྟ་ནའང་། ཟང་ཟིང་གི་འཚོ་བའི་ཁྲོད་མི་རྣམས་མགོ་བོ་འཁོར་བ་ནི། ཕྱེ་ལེབ་མར་མེར་མཆོངས་པ་དང་། གླང་ཆེན་འདམ་ལ་ཟུག་པའི་དཔེ་ལྟར། གྲོང་ཁྱེར་འགྲིམ་ཚེ་འདོད་པས་བསླད་པའི་ལྟད་མོ་སྣ་ཚོགས་པ་ཞིག་མཐོང་བ་ནི་སྨོས་མ་དགོས་ནའང་། མི་སོ་སོའི་རྣམ་དཔྱོད་ཀྱི་འཆར་ཚུལ་དང་། བསམ་པའི་དཔལ་ཡོན་མི་འདྲ་བའི་དབང་གིས་གྲོང་ཁྱེར་ལ་བཅངས་པའི་ལྟ་བ་ཡང་སྣ་ཚོགས་ཤིག་ཡོད་ངེས་པས། རྩོམ་པ་པོ་གང་གིས་ཉིན་འགར་གྲོང་ཁྱེར་གྱི་འཚོ་བ་རོལ་མྱོང་བྱས་པའི་གྲུབ་དོན་དེ་ནི། དེང་རབས་ཀྱི་ན་གཞོན་ཕོ་མོ་རྣམས་ཀྱི་ལྟ་ཚུལ་དང་རྦད་དེ་ཐ་དད་པ་ཞིག་ཡིན་འདུག་སྟེ། ཁོང་གིས་ “ སྨུག་པས་ཡིད་དཀྲུགས་ཡིད་ཀྱིས་རང་ཉིད་དཀྲུགས།། ,, ཞེས་གསོ་རླུང་གཙང་མ་ཙམ་ཡང་འཐོབ་དཀའ་བའི་གྲོང་ཁྱེར་གྱི་འཚོ་བར་སྡོམ་ཚིགས་བཀོད་པ་དེས་ཁོར་ཡུག་གི་གནད་དོན་གཙིགས་སུ་བཟུང་ཡོད་ཅིང་། རྗོད་བྱེད་གོ་སླ་ཞིང་བརྗོད་དོན་ཕུན་སུམས་ཚོགས་པའི་སྙན་ངག་ཅིག་ཐོལ་བྱུང་དུ་འགྲུབ་པར་བྱས་ཡོད། སྙན་ངག་འདིའི་ཚིག་སྦྱོར་ཧ་ཅང་ཚད་མཐོན་པོ་ཞིག་མ་ཡིན་ནའང་། བརྗོད་དོན་གྱི་ཆ་ནས་སྙན་ངག་འདི་ལྟ་བུ་དག་ནི། དེང་གི་ང་ཚོའི་ཀློག་པ་པོའི་དཔུང་སྡེར་ཧ་ཅང་མཁོ་བའི་སྙན་ངག་ཏུ་གཏོགས་པ་ཡིན་ཏེ། དེང་རབས་བོད་ཕྱི་ནང་གི་སྙན་ངག་ཕལ་མོ་ཆེ་ནི། རྗེེད་བྱེད་བོད་ཡིག་ཡིན་པ་ཙམ་ལས། བརྗོད་དོན་ཁ་མི་གསལ་ཞིང་། རྩོམ་པ་པོའི་ཡིད་འགྱུ་མི་གསལ་བས་ཀློག་པ་པོ་ཤེས་རབ་ཅན་དག་གིས་ཀྱང་གོ་བ་མི་ལོན་པ་དང་། ཅུང་ཁ་གསལ་བ་དག་ཀྱང་ཚིག་རྩལ་ཙམ་ལས། མེ་ཏོག་ཏུ་སྦྲང་མ་འཁོར་ཚུལ་དང་། རྩྭ་ཐང་དུ་རྟ་ཕོ་རྒྱུགས་ཚུལ་བཀོད་པ་ལས། མི་སེམས་ལ་བསམ་གཞིགས་ཀྱི་བྲོ་བ་འཐུལ་བའི་སྙན་ངག་ཧ་ཅང་ཉུང་བར་སྣང་། དེ་བས་ཀྱང་། མི་རིགས་བྱེ་བྲག་པ་དང་། ཁོར་ཡུག་བྱེ་བྲག་པ། སྐད་ཡིག་བྱེ་བྲག་པ་གནས་མིན་གྱི་གནད་དོན་ཙམ་མིན་པར། འཛམ་གླིང་སྤྱིའི་གནད་དོན་དུ་གྱུར་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ཐད་ཅུང་རེ་ཐུགས་སྣང་བྱ་རྒྱུ་ཡང་རྩོམ་པ་པོའི་སྙན་ངག་ཐུང་ངུ་འདི་བརྩམས་པའི་ཐུགས་རེ་ཡིན་ངེས་སོ།།
མདོར་ན། རྩོམ་ཡིག་འདིས་འགྲོ་བ་མིིའི་རིགས་ཀྱིས་འདོད་རྔམས་དང་། དེའི་ཤུལ་བཞག་གི་མཇུག་འབྲས་ངན་པ་དེར་སྐྱོ་ལྷང་ལྷང་གིས་དྲན་གསོ་ཐེེངས་ཤིག་བྱས་ཡོད་ཅིང་། རྩོམ་པ་པོའི་རང་རེའི་མི་རབས་གསར་པ་དག་གིས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་ཚད་ལྡན་ཞིག་དགོས་པའི་དྲན་སྐུལ་ཡང་ཞར་ལ་བྱས་ཡོད། དེས་ན། རྩོམ་ཡིག་འདི་བརྒྱུད་ནས། ང་ཚོས་ཆོས་ལུགས་ཀྱི་མིང་བྱང་ཁུར་ཏེ་ཚད་ལས་བརྒལ་བའི་མཚོ་གཏེར་འཕེན་པ་དང་། རི་ཀླུང་གང་སར་དར་ལྕོག་སྣ་ཚོགས་སྒྲོན་པ། ལྷ་བསངས་གཏོང་བ་སོགས་ཀྱང་འོས་འཚམས་རེ་ཅིས་ཀྱང་དགོས་པའི་སྐུལ་མ་ཡང་དོན་གྱིས་བྱས་ཡོད་ཨང་སྙམ་པ་ནི་གུས་པའི་རྨོངས་འཆར་ཙམ་མོ།།
གནམ་ཧ་ཅང་གྲང་བའི་མཚན་མོར་ཨ་འདུས་པས།
2018 12 13 ཉིན།
༄༅། ཚེ་མི་རྟག་སྒྱུ་མའི་གྲོང་འཁྱེར་ན། གསོན་འདོད་པའི་རེ་བ་ཀུན་ལ་ཡོད།
ཤ་ཁ་ཟས་སྤྱོད་པའི་གཉེན་གྲོགས་ཚོ། བློ་ནང་དུ་བཀུག་ནས་འདང་ཞིག་རྒྱོབས།
ཁ་མ་་ནི་འདོན་པའི་བོད་རིགས་ཚོ། ལག་ཕྲེང་བ་ཉིན་མཚན་ཀུན་ཏུ་འདྲེན།
ལུས་རྒྱན་ཆ་འདོགས་པའི་སྤུན་གྲོགས་ཚོ། དུས་རྒྱུན་དུ་དྲང་བདེན་བསམ་བློ་ཐོངས།
སྨུགས་པའི་ཡུལ་གྲུའམ་བུད་ཀྱི་ཡུལ་གྲུ་ཞེས་བརྗོད་ནའང་འཚམས། རང་རེའི་ཡུལ་འདིར་བོད་ཅེས་མིང་ཐོགས་ཚུལ་སྐོར་ལ་མཁས་པ་རྣམས་ཀྱིས་འགྲེལ་བཤད་མང་པོ་བསྐྱོན་ཡོད་ཀྱང། དོན་ངོ་མར་བུད་ཀྱི་ཡུལ་ལས་བོད་ཀྱི་ཡུལ་དུ་གྱུར་པ་ཡིན་པར་ཐེ་ཚོམ་མེད་ཅིང་། དེའི་ཁུངས་སྐྱེལ་ལྟ་བུར་ལ་ལྟོད་ཕ་དྲུག་ཁུལ་བུད་སྡོད་དང་བུད་སྨད་ཅེས་འབོད་པའི་ཡུལ་ད་ལྟ་ཡང་དངོས་ཡོད་པ་འདིའོ། །
སྨུགས་པའི་ཡུལ་གྲུའམ་བུད་ཀྱི་ཡུལ་གྲུ་ཞེས་བརྗོད་ནའང་འཚམས། རང་རེའི་ཡུལ་འདིར་བོད་ཅེས་མིང་ཐོགས་ཚུལ་སྐོར་ལ་མཁས་པ་རྣམས་ཀྱིས་འགྲེལ་བཤད་མང་པོ་བསྐྱོན་ཡོད་ཀྱང། དོན་ངོ་མར་བུད་ཀྱི་ཡུལ་ལས་བོད་ཀྱི་ཡུལ་དུ་གྱུར་པ་ཡིན་པར་ཐེ་ཚོམ་མེད་ཅིང་། དེའི་ཁུངས་སྐྱེལ་ལྟ་བུར་ལ་ལྟོད་ཕ་དྲུག་ཁུལ་བུད་སྟོད་དང་བུད་སྨད་ཅེས་འབོད་པའི་ཡུལ་ད་ལྟ་ཡང་དངོས་སུ་ཡོད་པ་འདིའོ། །