——–མགལ་དུམ།
༢༠༡༥/༧/༢༢ ཉིན་ང་ཚོ་སྟེ་ཨོ་གླིང་(Sydney,Australia)དུ་ཡོད་པའི་མི་བུ་བརྒྱ་མ་ཟིན་པ་ཙམ་ཞིག་འདི་གའི་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་སྣེ་ཁྲིད་པའི་འོག རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་དུ་སྐུ་གྲོངས་པའི་འདས་རྐྱེན་ལ་ལན་དྲང་པོ་ཞིག་དགོས་པའི་འབོད་སྐུལ་དང་སྦྲགས་ཏེ་བོད་ནང་གི་ཡ་ང་བའི་གནས་ཚུལ་དང་འབྲེལ་བའི་སྐད་འབོད་ཤུགས་ཆེན་པོ་བརྒྱབ་པ་ཡིན།
བར་སྐབས་དེར་ཏག་ཏག་འུ་ཚོས་བཤད་སྟངས་ཏེ་ང་ཚོར་རླུང་རྟ་རྒྱུགས་ཡིན་པ་འདྲ། ཡོང་རྐྱེན་གང་ཡིན་མ་ཤེས་པའི་དོས་སྐྱེལ་རླངས་འཁོར་Truck ཞིག་རྒྱ་ནག་གཞུང་ཚབ་ཁང་དུ་སྒོ་ཆེན་དུ་སླེབས་སོང་།
ཁ་ལོ་བས་ཐེ་ཚོམ་དང་བཅས་ཅུང་ཙམ་བསྡད་དེ་སྒོ་འགྲམ་གྱི་ཉེན་རྟོག་པ་གཙོ་བའི་གཞན་དང་གཞན་ལ་སྐད་ཆ་འདྲ་བཤད་ཅིང་སྐར་མ་ཁ་ཤས་ཀྱི་རྗེས་སུ་ནང་དུ་འགྲོ་རྒྱུར་འགོ་བཙུགས་སོང་ལ། དོས་སྐྱེལ་རླངས་འཁོར་སྒོ་ཆེན་གྱི་ཕྱེད་ཀ་ཟིན་ཙམ་ལ། ང་ཚོའང་གཞུང་ཚབ་ཁང་དུ་རྒྱུགས་པ་ཡིན།
དེ་མུར་ཉེན་རྟོག་པས་བཀག་འགོག་གི་ཐབས་ཤེས་སྣ་མང་འཐེན་མོད། བོད་མི་མང་དྲགས་པ་དང་ཉེན་རྟོག་པ་ཉུང་དྲགས་པས་ང་ཚོ་གཞུང་ཚབ་ཁང་གི་ནང་དུ་ཤོར་སོང་། ཤོར་ཏེ་ལ་ལས་གཞུང་ཚབ་ཁང་གི་ནང་སྒོའི་ཐེམ་པ་རུ་གངས་སེང་རྟགས་ཅན་གྱི་རྒྱལ་དར་གཡུག་ཏེ་ངོ་རྒོལ་སྐད་འབོད་གནང་ཞིང་། ལ་ལས་རྒྱ་ནག་གི་རྒྱལ་དར་མར་ཕབ་ཏེ་བོད་དར་ཞིག་ཡར་འདོགས་པར་འབད་བརྩོན་བྱས་ཏེ་མཐར་རྒྱ་ནག་གི་དར་དམར་མར་ཕབ་རྒྱུ་ལས་བོད་དར་ཡར་འདོགས་པའི་གོ་སྐབས་བྱུང་ཡོད་པ་མ་རེད།
རྒྱུ་མཚན་ནི་ཉེན་རྟོག་པས་མིག་ལ་གནོད་པའི་(spray)རྫས་ཆུ་ཞིག་གཏོར་བཞིན་བོད་མི་དག་བཙན་གྱིས་སྒོ་ཆེན་གྱི་ཕྱི་ལོགས་སུ་ཕུད་པས་རེད། རྒྱ་ནག་གི་དར་དམར་མར་ཕབ་པ་དང་བོད་མི་ཚོས་བློ་སྤོབས་ཀྱིས་གཙབ་ཧྲལ་དུ་བཏང་བ་ལ་སོགས་ཀྱི་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་གནང་བ་རེད། དེ་ལྟར་བྱ་དགོས་དོན་ནི་ངས་འགྲེལ་ན་བཀྲལ་ཚོད་མེད་ལ། མ་བཀྲལ་ཡང་བོད་མི་ཞིག་ཡིན་པ་ནས་སུས་ཀྱང་ཧ་གོ་ངེས་བར་སྙམ།
དོན་དག་དེས་རྐྱེན་པས་ང་ཚོ་མི་བཞི་སྐབས་དེ་མུར་གཞུང་ཚབ་ཁང་གི་ནང་ལོག་ཏུ་འཛིན་བཟུང་བྱས་པ་རེད། དེའི་རྗེས་སུ་ཡང་བསྐྱར་མི་དྲུག་འཛིན་བཟུང་བྱས་འདུག ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཆུ་ཚོད་བརྒྱད་དགུ་ཞིག་ལ་བཀག་ཉར་བྱས་སོང་ལ། རྗེས་སུ་གློད་གྲོལ་བཏང་ཞིང་ཁྲིམས་ཀྱི་འགྲོ་སྟངས་བཞིན་ཕྱིས་སུ་ཁྲིམས་ཁང་དུ་ཡོང་དགོས་པའི་ཡི་གེ་ཞིག་སྤྲད་དེ་མངགས་སོང་། བསྐྱར་དུ་ཡོང་དགོས་དོན་ནི་(Trespass)གཞན་གྱི་ཁེ་དབང་ལ་ལྟོས་མེད་བྱེད་པའི་ཉེས་པ་བསགས་ཡོད་ཚུལ་གྱིས་ཡིན་སྐད།
གང་ལྟར་ང་ཚོས་ཀྱང་གྲ་སྒྲིག་གང་དགོས་པ་དག་ཏག་ཏག་བྱས་ཏེ་སྤོབས་པ་དང་བཅས་ཁྲིམས་ཁང་དུ་ཐེངས་གསུམ་ལ་སོང་བ་ཡིན། དང་པོ་གཉིས་ཀར་གྱོད་ཡ་ལ་(དངོས་ལ་ཉེན་རྟོག་པ་དང་ཤུགས་ལ་རྒྱ་ནག་གཞུང་ཚབ་ཁང་།) གྲ་སྒྲིག་མེད་ཚུལ་གྱིས་ཕྱིར་བསྐྱངས་བྱས་པ་རེད། གསུམ་པར་(དེ་རིང༢༠༡༥/༩/༢༤ཉིན) ང་ཚོ་(Newtown court)་ཁྲིམས་ཁང་ནས་དངོས་སུ་ཐུག་ཏེ་ཁྲིམས་དང་ཁྲིམས། བདེན་པ་དང་བདེན་པ་བསྡུར་བསྡུར་བའི་མཐའ་མར་ང་ཚོར་(བོད་པ)ཉེས་པ་གང་ཡང་བསགས་མེད་པ་ཁྲིམས་ཁང་གིས་གསལ་པོ་བཟོས་ཤིང་ནག་ཉེས་གང་ཡང་བསགས་མེད་པའི་ས་མིག་བཀོད་རྗེས་རྒྱལ་ཁ་དང་བཅས་ཕྱིར་ལོག་དགོས་ཐུག་སོང་། དེ་ནི་ཡིན་དང་ཡིན།
ང་ཚོས་བདེན་པ་དང་དོན་དངོས་ཤིག་གླེང་བ་ལས་ཧམ་བཤད་དང་འུར་བརྗོད་སོགས་གཏན་ནས་བྱས་མེད། ང་ཚོས་རྩོད་དགོས་པ་ལས་བརྩད་པ་ལས་དོན་མེད་དུ་རྫིག་རྫིག་ཁྱོན་ནས་བྱས་མེད། ང་ཚོས་མི་རིགས་ཤིག་གི་ཁེ་དབང་དང་ཐོབ་ཐང་བཤད་པ་ལས་རང་གི་ལྟོ་གོས་དང་སྡོད་གནས་ཙམ་གྱི་ཆེད་དུ་མེད་མུག་བཏོན་པ་ཞིག་ཀྱང་ག་བ་ག་བ། ཡིན་རྒྱུ་ནི་ང་ཚོས་རང་རང་གི་འགན་འཁྲི་ཞིག་དང་དུ་བླངས་ཏེ་མདུན་དུ་བུད་པ་ཡིན། ང་ཚོས་ཞི་བདེ་དང་ཡུལ་ཁྲིམས་གོང་དུ་བཀུར་ཏེ་མི་རིགས་ཀྱི་ཕྱིར་དུ་འཐབ་རྩོད་ཡ་མེད་ཅིག་གནང་བ་ཡིན། དེ་འདྲ་སོང་ཙང་། ཁྲིམས་ཐོག་ནའང་དེ་བཞིན་དུ་བདེན་པ་ཟེར་བ་དེ་དཀར་དཀར་ཞིག་རེད་འདུག་གོ
༢༠༡༥/༩/༢༤ཉིན།
བཀའ་དྲིན་ཆེ་། བོད་རྒྱལ་ལོ་། བདེན་པ་ཉིད་རྒྱལ་ལོ་།
ལག་ལེན་དེ་འདྲ་ལ་བོད་དོན་འཐབ་རྩོད་པ་ཟེར། དགའ་སོང་། གུས་སོ། བཀའ་དྲིན་ཆེ། ད་དུང་དེའི་མི་ཚད་པ་དེ་འདྲ་ལ་རེ་སོ།
དེ་མིན། ཁ་སང་དེ་རིང་གི། ཁ་རྒྱགས་པའི་ཕོ་གཏམ་བཤད་མཁན་ལ་རྩ་ནས་མི་དགའའོ། ལྷག་ཏུ་༧ གོང་ས་མཆོག་དང་བླ་ཆེན་མི་ཆེན་ལ་ཁ་རྒོལ་ངོ་རྒོལ་བྱེད་པའི་དད་མེད་ལོག་སྤྱོད་པ་ཚོ་ལ་དུས་གཏན་དུ་མི་དགའའོ།