ནམ་མཁའ།
གོང་གི་རྩོམ་བྱང་འདི་མཐོང་མ་ཐག་བོད་མི་ཚོའི་སེམས་སུ་ངམ་ངམ་ཤུགས་ཀྱིས་བོད་ནང་གི་བོད་མི་ཚོའི་ཆེད་དུ་མིན་ན་སུའི་ཆེད་དུ་ཡིན་ཞེས་དྲི་བ་ཞིག་བློ་ངོར་འཆར་ངེས་ཡིན།
དྲི་བ་འདིའི་ལན་དང་དྲི་གཞི་གཉིས་འོག་ནས་ཤེས་ལ། དེ་མ་ཡིན་པའི་དྲི་བ་མང་པོ་ཞིག་དང་དོགས་པ་མང་པོ་ཞིག་སླེབས་ངེས་རེད། ངས་དུས་རྒྱུན་ཀློག་བཞིན་པའི་སྐར་ཁུང་དྲ་རྒྱ་རུ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཨ་རི་ནས་གཏམ་བཤད་ཞིག་གནང་བའི་སྐོར་ལ་དབྱིན་རྩོམ་ཞིག་བོད་བསྒྱུར་གནང་བ་བཀླགས་པ་ཡིན།
དབྱིན་རྩོམ་དེ་འབྲི་མཁན་གྱི་མིང་ལ༼maura moyinhan༽ཟེར། ངས་འདིར་སྲིད་སྐྱོང་ལ་དྲི་བ་དྲིས་ལན་གྱི་ཚིག་འགའ་འདྲེན་བཀོད་བྱས་ཡོད་པས། སྐར་ཁུང་རྩོམ་སྒྲིག་པ་ཡོངས་ལ་ཡང་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན། ཕྱི་ཟླ་༥་བའི་ཚེས་༨་ཉིན་ཨ་རིར་རྟེན་གཞི་བྱས་བའི་ཕྱི་འབྲེལ་ལྷན་ཚོགས་ཀྱིས་བོད་གཞུང་གི་འགོ་ཁྲིད་བློ་བཟང་སེང་གེ་དང་མཉམ་དུ་གླེང་མོལ་བྱེད་པའི་ལས་རིམ་ཞིག་གོ་སྒྲིག་ཞུས་སོང་། ཁོང་གིས་བོད་ནང་གི་ཛ་དྲག་གནས་བབ་གོ་བསྡུར་བྱེད་འདོད་ཀྱིས་ཁེངས་བའི་གསར་འགོད་བ་དང་གཙུག་ལག་མཁས་པ། ཁྲིམས་རྩོད་པ་བཅས་ལ་གཏམ་བཤད་གནང་སོང་།
འབྲེལ་ཐག་འདི་བརྒྱུད་ནས་གཟིགས། http://www.youtube.com/watch?v=mEut9rvfPmM ཚོགས་ཞུགས་པ་མང་ཆེ་བས་ཧར་ཝར་ཁྲིམས་ལུགས་སློབ་ཐོན་པའི་ཁ་ནས་རྒྱ་ནག་གི་དབང་བསྒྱུར་དང་གཏན་བྲལ་བྱེད་པའི་གནད་འགག་ཅིག་ལ་རེ་ལྟོས་བྱས་འདུག་ཀྱང་། ཁོང་གིས་ཚོགས་ཁང་དེར་འདུས་བའི་མི་ཚོགས་ཀྱི་སེམས་སུ་ཙག་ཤད་ཅིག་རྒྱུགས་བཅུག་པ་མ་ཟད་རྗེས་སུ་དྲ་རྒྱའི་ཀློང་ཡོངས་སུའང་དེ་བཞིན་བྱས་སོང་།
ཁོང་ལ་བོད་ཀྱི་མིང་དོན་མཚུངས་བའི་རང་སྐྱོང་གི་ནང་དུ་རང་དབང་ལྡན་པའི་འོས་བསྡུ་ཞིག་ཡོང་བའི་རེ་བ་རྒྱག་གི་ཡོད་མེད་དྲིས་བའི་ལན་དུ། “ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་མགོ་རྟིང་སློག་ཆེད་ཁ་གཏད་གཅོག་གི་མེད། ང་ཚོས་ད་ལྟའི་སྒྲོམ་གཞིའི་འོག་ཏུ་ཡོད་པའི་དམར་ཤོག་ཚོགས་པར་ཁ་གཏད་གཅོག་གི་མེད།”ཅེས་ལན་བཏབ། ནེའུ་ཡོག་གཙུག་ལག་སློབ་གཉེར་ཁང་གི་སྐད་གྲགས་ཆོད་པའི་ཁྲིམས་ལུགས་མཁས་དབང་(Jerome Cohen)ཇེ་རོ་མས་ཁོ་ཧན་གྱིས་གནད་དོན་དེར་གསལ་ཁ་འདོན་ཆེད་དྲི་བ་འདི་འདྲ་ཤིག་བཏང་བྱུང་། “གལ་ཏེ་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་པ་ཡིན་ན་གནས་བབ་གང་འདྲ་ཞིག་ཆགས་མིན་དེ་གནད་ཅིག་ཆགས་ཀྱི་མི་འདུག་གམ།”དོགས་འདྲི་འདིར་བློ་བཟང་སེང་གེས་གསལ་ཁ་འདི་འདྲ་ཞིག་བཏོན་བྱུང་། “ང་ཚོས་བོད་ནང་གི་བོད་མི་ཚོས་ཆེད་དུ་མང་གཙོ་རྩོད་ཀྱི་མེད། ང་ཚོར་རྒྱ་ནག་གི་བཅའ་ཁྲིམས་གཞིར་བཞག་པའི་ཐོབ་ཐང་ཞིག་དགོས་ཀྱི་ཡོད།”
གཤམ་ནས་སྲིད་སྐྱོང་མཆོག་གི་དྲིས་ལན་ལ་ཕྲན་གྱིས་བསམ་ཚུལ་འགའ་བཤད་འདོད་བྱུང་།
དོན་ངོ་མར་ང་ཚོས་ཅི་ཞིག་རྩོད་ཀྱི་ཡོད་དམ།དྲི་བ་འདི་ལ་གོང་གི་སྐར་ཁུང་དྲ་རྒྱ་ནས་དྲངས་བའི་ཚིག་འདི་དག་མ་མཐོང་ཚེ།ལན་སྟབས་བདེ་ཞིག་དང་རྒྱུན་ཏུ་ངག་ལ་བྱང་ཆ་ཆེ་བའི་ཚིག་ཞིག་གིས་ལན་འདེབས་རྒྱུ་ཡིན་པ་སུ་ལ་ཡང་དྲི་བ་མི་དགོས་བ་ཞིག་རེད། ཡིན་ན་ཡང་གོང་དུ་དྲངས་མ་ཐག་པའི་དྲིས་ལན་འདི་དག་གིས་ང་རང་ཐེ་ཚོམ་ཞིག་གི་ལམ་དུ་ཁྲིད་སོང་།
ང་ཚོས་ད་ལྟའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྒྲོམ་གཞིར་ཁ་གཏད་གཅོག་གི་མེད་ཚེ། རྒྱ་ནག་མི་དམངས་དུང་ཕྱུར་༡༣གྱི་ཁ་གཏད་གཅོག་གི་ཡོད་དམ། ང་ཚོས་རྒྱ་ནག་དམར་ཕྱོགས་ཚོགས་པ་མགོ་རྟིང་སློག་ཆེད་ཁ་གཏད་གཅོག་གི་མེད་ཚེ། རྒྱ་ནག་དམངས་གཙོ་ཚོགས་པར་ཁ་གཏད་གཅོག་གི་ཡོད་དམ།
ང་རང་ལ་དྲི་བ་འདི་དག་རང་བཞིན་གྱིས་སླེབས་ཡོངས་ལ། མ་ཟད་གཞི་བྱེས་གཉིས་ནས་རང་ལུས་མེ་སྲེག་ ༡༡༧ བྱུང་བ་འདི་དག་གིས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་ཅི་ཞིག་གི་ཆེད་དུ་རང་སྲོག་བློས་བཏང་བྱས་པ་རེད་དམ། དོན་ངོ་མར་སྲིད་སྐྱོང་གིས་སྣེ་ཁྲིད་དེ་ང་ཚོས་ཅི་ཞིག་རྩོད་ཀྱི་ཡོད་དམ། ང་ཚོས་རྩོད་བཞིན་པའི་ལམ་དེ་ངོས་འཛིན་བྱས་མ་ཤེས་པ་རེད་དམ།
དེ་ལས་ཀྱང་ཡིད་སྐྱོ་བའི་དྲིས་ལན་ཞིག་ལ། ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་མང་གཙོ་རྩོད་ཀྱི་མེད་ཟེར། དེ་ལྟར་ཡིན་ན་སུ་ཞིག་གི་ཆེད་དུ་རང་དབང་རྩོད་ཀྱི་ཡོད་དམ། བོད་ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་ཡོད་དམ།
ང་ཚོ་གཞི་བྱེས་གཉིས་ཀྱིས་རང་སྲོག་འཛེམས་མེད་ཀྱིས་བོད་ནང་གི་བོད་མི་ཚོའི་ཆེད་དུ་སྨྲ་བརྗོད་རང་དབང་དང་། སྐད་ཡིག་རང་དབང་ཆོས་ལུགས་དད་མོས་རང་དབང་སོགས་རྩོད་བཞིན་པ་སུ་ལ་ཡང་སྐད་ཆ་དྲི་མི་དགོས་བ་ཞིག་རེད། བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་ཚེ། གཞི་སྡོད་བོད་རིགས་ཟླ་ཚོའི་ཆེད་དུ་ཐོབ་ཐང་རྩོད་ཀྱི་མེད་པ་ཡང་གསལ་བོ་རེད། རྒྱ་ནག་སྲིད་གཞུང་གིས་དུས་རྒྱུན་ཏུ་འཛམ་གླིང་ཡོངས་ལ་འདི་ལྟར་བསྒྲགས་བཞིན་ཡོད།
བོད་ནང་གི་བོད་མི་ཚོ་རང་དབང་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་མོད། འོན་ཀྱང་ཕྱི་ལོགས་ཀྱི་ཏཱ་ལའི་རུ་ཚོགས་ཀྱི་མི་ཉུང་ཤས་ཞིག་གིས་ཁོ་རང་ཚོའི་ཐོབ་ཐང་གི་ཆེད་དུ་བོད་ནང་གི་བདེ་འཇགས་ལ་གཏོར་བཤིགས་གཏོང་གི་ཡོད་ཅེས་ལོ་ངོ་ ༥༠ རིང་བཤད་ཡོད།
དེ་རིང་གི་སྲིད་སྐྱོང་གི་གཏམ་བཤད་འདིས་རྒྱ་ནག་གི་རྫུན་བསྒྲགས་དེ་ལ་རྒྱབ་སྐྱོར་དངོས་ཤུགས་གཉིས་ཀྱིས་བྱས་འདུག་སྙམ། རྒྱུ་མཚན་གང་གིས་ཟེར་ན། དེ་ནི་བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་ཅེས་ཁོས་བཤད་ཡོད། བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་ན། བོད་ནང་གི་བོད་མི་ཚོའི་ཆེད་དུ་ཐོབ་ཐང་ཡང་རྩོད་ཀྱི་མེད་པ་ཤུགས་སུ་གོ་ཐུབ། འདི་འདྲའི་རྒྱུ་མཚན་མང་པོ་ཞིག་གི་དབང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་ཅི་ཞིག་ཆེད་དུ་འཐབ་རྩོད་ཀྱི་བྱེད་ཀྱི་ཡོད་དམ། འདི་ནི་ཆེས་ཤིན་ཏུ་དོགས་གཞི་ཅན་ཞིག་གི་གནས་རེད་སྙམ།
ད་ལྟའི་སྒྲོམ་གཞིའི་འོག་ཡོད་པའི་རྒྱ་ནག་དམར་ཕྱོགས་པ་ཚོས་བོད་མི་དམངས་ལ་རང་དབང་སྤྲོད་ཀྱི་མེད་པས། ང་ཚོ་སྒྲོམ་གཞི་འདིའི་འོག་ནས་བསྡད་འདོད་མེད་པར་བོད་ཕྱི་ནང་གཉིས་ནས་རང་སྲོག་ལ་འཛེམས་མེད་ཀྱིས་ལོ་ངོ་༥༠རིང་བོད་ཀྱི་རང་དབང་རྩོད་ཀྱི་ཡོད་པ་གསལ་བོ་ཡིན། ཡིན་ན་ཡང་དེ་རིང་སྲིད་སྐྱོང་གིས་ཅི་ཞིག་གི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་ཡང་མི་ཤེས་བར་ལམ་ཁ་མོག་མོག་ཞིག་ལ་ཁྲིད་འདུག་པས། བོད་ཕྱི་ནང་གཉིས་ཀྱིས་ཅི་ཞིག་གི་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད་པ་དེ་རིང་ད་རུང་གསལ་བོ་ཞིག་མེད་པ་གསལ་བོ་རེད། རྒྱུ་མཚན་ནི་སྲིད་སྐྱོང་བློ་བཟང་སེང་གེ་ཁོ་རང་གིས་བོད་ནང་གི་བོད་མི་ཚོའི་ཆེད་དུ། རང་དབང་དམངས་གཙོ་རྩོད་ཀྱི་མེད་ཅེས་འཛམ་གླིང་གི་ལྡིང་ཆའི་ཐོག་སྐད་གསེང་མཐོན་པོས་བསྒྲགས་ཟིན་པ་རེད།
རྒྱ་ནག་དམར་ཕྱོགས་ཚོགས་པའི་བཅའ་ཁྲིམས་ཀྱི་འོག་ནས་ང་ཚོ་ལ་ཐོབ་ཐང་ཞིག་རེག་གི་རེད་དམ། རྒྱ་ནག་དམར་ཕྱོགས་ཚོགས་པ་མགོ་རྟིང་སློག་པའི་ཉིན་མོ།དེ་རིང་གི་དམར་ཕྱོགས་ཚོགས་པའི་བཅའ་ཁྲིམས་དེ་ཡང་མགོ་རྟིང་སློག་ཡོད། ད་ལྟའི་རྒྱ་ནག་གི་སྒྲོམ་གཞི་འདི་འགྱུར་བ་གཏོང་བ་ལ་ངེས་བར་དུ་དམར་ཕྱོགས་ཚོགས་པ་འགྱུར་བ་འགྲོ་དགོས། དམར་ཕྱོགས་ཚོགས་པ་འགྱུར་བ་མ་ཕྱིན་ཚེ་ད་ལྟའི་སྒྲོམ་གཞི་འདི་འགྱུར་བ་འགྲོ་མི་སྲིད་པ་ཚང་མས་ཤེས་གསལ་ཡིན། དོན་ངོ་མར་ང་ཚོས་ཅི་ཞིག་རྩོད་ཀྱི་ཡོད་མེད་ཡང་ང་ཚོས་ཤེས་དཀའ་བས།བོད་ཕྱི་ནང་གཉིས་ལ་བཀའ་ཤག་དང་གྲོས་ཚོགས་ཀྱིས་གསལ་བཤད་ཞིག་བྱེད་དགོས་བར་འདུག་སྙམ།
ང་རང་ལ་ཆེས་ཤིན་ཏུ་སེམས་ཁྲལ་དང་བཅས་བའི་དོགས་པ་ཞིག་ཡོད་པ་ནི། དེ་རིང་གི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་བཀའ་སྤྱིའི་དབུ་མའི་ལམ་དང་།༧གོང་ས༧མཆོག་གིས་མཛད་གནང་བའི་དབུ་མའི་ལམ་གཉིས་གཅིག་མཚུངས་ཡིན་མིན་དེ་རེད། གོང་གི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ཡི་གཏམ་བཤད་ལ་གཞིགས་ཚེ། དེ་རིང་གི་བཀའ་སྤྱིས་དབུ་མའི་ལམ་གསར་བ་ཞིག་གསར་གཏོད་བྱས་འདུག་སྙམ། གང་ལྟར་འདིའི་ཕྱོགས་སུ་ཀློག་མཁན་རྣམས་ཀྱིས་དཔྱད་ཞིབ་ཡག་པོ་གནང་ཐུབ་ན་ཤིན་ཏུ་ལེགས་སོ།
རྒྱ་ནག་དམར་གཞུང་ལ་ཟམ་གདོང་བཀའ་ཤག་གིས་༢༠༠༨/༡༠/༣༡ དང་། ༢༠༡༠/༠༡/༢༦ སོ་སོར་ཕུལ་བའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ དང་། དེའི་འགྲེལ་བརྗོད་ཡིག་ཆ་གཉིས་དེ་བཞིན་༧གོང་ས་མཆོག་གི་དགོངས་པ་ཡིན་པ་ར་འཕྲོད་བྱུང་བས་ང་ཚོས་རྒྱུན་འཁྱོངས་བྱེད་ཀྱི་ཡིན་ཅེས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཚོགས་ཀྱི་བཀའ་ལུང་བཞིན་ཡིག་ཆ་གཉིས་ཀྱི་ནང་དོན་དང་འབྲེལ་ནས། ང་ཚོས་བོད་ནང་དུ་མང་གཙོའི་ལམ་ལུགས་ཤིག་བཙུགས་རྒྱུའི་ཆེད་དུ་རྩོད་ལེན་བྱེད་བཞིན་མེད་པར། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་ཡོད་པའི་ཐོབ་ཐང་རྩོད་བཞིན་ཡོད་ཅེས་སྲིད་སྐྱོང་གིས་ཕྱི་མི་ལ་དྲང་པོ་གསུངས་པ་ཙམ་རེད། མང་གཙོ་རྩོད་ཀྱི་མེད་པའི་གནས་ཚུལ་འདིའི་ཐད་སྐབས་སྔོན་མའི་སྤྱི་འཐུས་ནས་བཀའ་ཤག་གོང་མར་དྲི་བ་བཏང་བར། ཟམ་གདོང་བཀའ་ཤག་གིས་༧གོང་ས་མཆོག་གིས་ཕྱི་རྒྱལ་གསར་འགོད་པར་མང་གཙོ་རྩོད་ཀྱི་མེད་པའི་བཀའ་གནང་ཡོད་པ་ལུང་དྲངས་ནས་༧གོང་ས་མཆོག་གི་བཀའ་དགོངས་རེད་ཅེས་ལན་འདེབས་བྱས་པ་རེད། གནས་ཚུལ་འདི་དག་ཟམ་གདོང་བཀའ་ཤག་སྐབས་ཀྱི་གཞུང་འབྲེལ་ཡིག་ཆ་དང་། གྲོས་ཚོགས་ལས་རིམ་གསར་ཤོག་བཅས་སུ་གསལ་འཁོད་ཡོད་པ་ཞིག་རེད། ད་ལྟ་ཟམ་གདོང་བཀའ་ཤག་གི་སྐབས་གཏན་འབེབ་བྱས་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རང་རྒྱུན་སྐྱོང་དགོས་པའི་༧གོང་ས་མཆོག་གིས་བཀའ་སློབ་དང་། ཟམ་གདོང་རིན་པོ་ཆེའི་གསུང་བཤད། མི་མང་ནང་བསམ་ཚུལ་བཅས་ཧ་ཅང་ཤུགས་ཆེན་པོའི་ཐོག་ནས་བྱུང་དང་འབྱུང་བཞིན་པ་རེད། དེ་ལ་མི་མོས་མཁན་ཚོ་༧རྒྱལ་བ་རིན་པོ་ཆེའི་ཁ་གཏད་རེད་ཅེས་ང་སྤྱི་ཚོགས་ནང་ཤུགས་ཆེན་པོས་གླེང་བཞིན་པའི་དུས་སྐབས་ཤིག་རེད། སྲིད་སྐྱོང་ལ་མཚོན་ན་འདི་གསུངས་འདོད་ཡོད་མེད་མི་ཤེས་ཀྱང་མི་གསུངས་ཐབས་མེད་ཆགས་བསྡད་ཡོད་པ་གོང་གསལ་གནས་ཚུལ་ནས་གསལ་པོ་མཐོང་ཐུབ་པ་དེ་རེད། གུས་པར་མཚོན་ན་གྲོས་ཚོགས་ནས་གྲོས་ཆོད་དེ་ཕྱིར་འཐེན་བྱེད་དགོས་རེད་ཅེས་དེ་སྔོན་ཡང་བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱ། ཁ་བརྡ་དྲ་བ་བཅས་སུ་དོན་ཚན་བརྒྱད་ཅན་གྱི་བསམ་ཚུལ་སྤེལ་བ་ཡིན།
རྒྱུ་མཚན་གང་ཡིན་ཟེར་ན། ཟམ་གདོང་བཀའ་ཤག་གི་སྐབས་བཀའ་ཤག་ནས་གཏན་འབེབས་དང་སྤྱི་འཐུས་ནས་སྤྱི་མོས་གྲོས་ཆོད་བཞག་པའི་དབུ་མ་སྟེ་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་འཐབ་བྱུས་འདིའི་ངོས་ནས། ད་ལྟ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། དམར་པོོའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་བཅས་ཁས་བླངས་ཡོད་པ་ལས་ཡོངས་ཁྱབ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཆོལ་གསུམ་ས་ཁུལ་ཡོངས་ཁྱབ་བཅས་རྩོད་གླེང་བྱེད་ཀྱི་མེད་པ་དང་། མ་ཟད་ཁས་ལེན་འདི་དག་གི་རྐྱེན་ལ་བརྟེན་ནས་བོད་མི་ནང་ཁུལ་ལ་ཡང་རྒྱ་སྡེ་བོད་སྡེ་ཟེར་བ་དང་། ཟི་བོད་ས་མཚམས་ཟེར་བ་འདི་གླེང་ཡོང་ཡག་གི་གནས་སྟངས་ཆགས་བསྡད་ཡོད་པ་དེ་རེད།
འདི་དག་ང་ཚོས་ངེས་པར་ཤེས་དགོས་པའི་གཞི་རྩའི་གནས་ཚུལ་རེད།
ནམ་མཁའ་གཙོས་པའི་དྲ་གྲོགས་ཚང་མས་ངེས་པར་མཁྱེན་དགོས་པའི་གནད་དོན་རེད་བསམ་ནས་ཏོག་ཙམ་ཞིབ་འབྲི་བྱས་ཡོད།
དེ་ལས་རྒྱས་ཙམ་མཁྱེན་འདོད་ན་༼བོད་མི་ཡོངས་ལ་གསོལ་འདེབས་རེ་སྐུལ་༽ཞིག་ཁ་སང་ཕྱི་ཚེས་ ༢༣ ཉིན་ཁ་བརྡ་དྲ་བར་བཀོད་ཡོད་པ་དེ་གཟིགས་རོགས།
མིང་གྲགས་ཆེ་བའི་ཨ་རིའི་སློབ་ཆེན་ཧ་ལྦ་ཏྲི་ནས་ཁྲིམས་ཀྱི་འབུམ་རམས་པ་་ཐོན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་སེང་ལགས་ཀྱི་ཤེས་ཚད་དང་། བསམ་བློའི་གནད་ཚད་སྔ་ས་ནས་རྒྱུས་ལོན་སོང་།
ཤར་ཕྱོགས་ཁུག་རྟས་འདིའི་ཐད་ངོ་དེབ་ནང་འདི་ལྟར་བྲིས་འདུག
༼ རྩ་ཁྲིམས་ནང་འཁོད་པའི་མི་རིགས་ས་ཁོངས་རང་སྐྱོང་གི་གཞི་རྩའི་ལྟ་གྲུབ་ཐད་ཁས་ལེན་མི་ཐུབ་པའི་རིགས་མེད་པ་དང། དེ་བཞིན་ས་ཁོངས་རང་སྐྱོང་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་ཀྱི་འབྲུ་དོན་དངོས་སུ་ལག་བསྟར་བྱེད་ཕྱོགས་ཕུལ་བའི་༼ བསམ་འཆར ༽་གྲོས་གཞིར་བཞག་ནས་བོད་ཀྱི་དཀའ་ངལ་ཐག་གཅོད་བྱུང་བ་ཡིན་ན། ལམ་ལུགས་གང་ཞིག་གམ། ཏང་ཁག་སུ་ཞིག་གི་གཞུང་འཛིན་གྱི་ཡོད་མེད་ལ་ཁྱད་པར་མེད་པ་ནི་མ་འོངས་རྒྱ་ནག་གི་བོད་རང་སྐྱོང་གཞུང་དེས་ཁས་ལེན་ཐུབ་པ་ནི་གསལ་བཟོ་ཟིན་པ་ཞིག་རེད། དམར་ཕྱོགས་ཚོགས་པའི་སྒྲོམ་གཞིར་འགྱུར་བ་མ་ཕྱིན་པའམ་མ་བཏང་བར་བོད་མིའི་མངོན་འདོད་དང་མཐུན་པའི་རང་དབང་སྒྲུབ་ཐབས་ཤིག་མེད་པར་འདོད་པ་ནི་གླེན་པའི་སྟོང་སྐད་ཁོ་ནས་ལས་མ་འདས། དོ་སྣང་ཅན་ཚོས་ཉོག་བཤད་དཀྲུགས་དཀྲུགས་རང་མགོ་རང་འཐོམས་ཀྱི་བསམ་བློ་དེ་འདྲ་མ་བཏང་བར། ས་ཁོངས་རང་སྐྱོང་གི་ལྟ་གྲུབ་དང་དེའི་ཆ་རྐྱེན་རྣམས་ཀྱིས་བོད་མིའི་མངོན་འདོད་ཚད་ངེས་ཅན་གྱིས་སྐོང་ཐུབ་ཀྱི་ཡོད་མེད་ལ་བསམ་ཚུལ་འདོན་དགོས་ཤིང། དེ་བཞིན་ས་མཚམས་བསྒྱུར་བཅོས་བྱེད་ཕྱོགས་ཀྱིས་མཚོན་རང་སྐྱོང་ཆ་རྐྱེན་འགའ་ཞིག་ལ་ཁྲིམས་འཆར་གྱི་ལམ་ནས་འགྱུར་བ་གཏོང་དགོས་རིགས་འཁོད་པར་བསམ་ཚུལ་འདོན་དགོས། ཡིན་ཡང་གླེན་པ་མང་པོ་ཞིག་གིས་༼ བསམ་འཆར་༽ཡིག་ཆའི་འབྲུ་དོན་ལྟར་གྲོས་མོལ་བྱེད་རྒྱུར་བོད་ཐོག་རྒྱ་ནག་གི་བདག་དབང་ཡོད་པ་ཁས་བླངས་ཟིན་པ་ལྟ་བུའི་གོ་ནོར་ཐེབས་ཀྱི་འདུག དེ་ཡིན་ན། པེ་ཅིང་དང་རྡ་སའི་འབྲེལ་བའི་གནས་བབ་འདི་ལྟར་འདུག་གི་རེད་དམ། རྒྱལ་སྤྱིས་གླེང་ཕྱོགས་ཀྱིས་དེ་ངོས་མ་ཟིན་པ་གང་ལ་ཡོང། དེ་ནི་ད་ལྟ་ཡོད་བཞིན་པའི་རྒྱ་ནག་གི་འདོད་པར་བརྩི་བཀུར་ཙམ་དང་མ་འོངས་པར་གྲོས་མོལ་བྱུང་མཚམས་ཁས་ལེན་བྱ་ཐུབ་ངེས་ཀྱི་བརྡ་བསྟན་ཙམ་སྟོན་ཆེད་་་ས་ཁྱོན་བདག་དབང་ལ་བརྩི་བཀུར་་་་་ཞེས་པའི་ཆབ་སྲིད་ཀྱི་གལ་གནད་ཆེན་པོ་ཡོད་པའི་ཚིག་གཅིག་བེད་སྤྱོད་གནང་ཡོད་ཀྱང། དེ་ལ་བྱིས་པ་དང་ན་མཉམ་པའི་དོ་སྣང་ཅན་དེ་ཚོས་སེམས་ཁྲལ་བྱེད་ཁུལ་ལ་ཁོ་བོ་གད་མོ་ཤོར། སོང་ཙང། བུ་ཆུང་བྲེ་བསོད་ནམས་ཀྱི་རི་བོང་གནམ་ལྡིབ་ཀྱི་སེམས་ཁྲལ་དེའང་གཅིག་མཚུངས་རེད།
སྲིད་སྐྱོང་ནས། གུང་བྲན་ཏང་གཙོས་ཏང་ཁག་གང་ཡང་རུང་བ་དང། དེ་དག་གིས་གཞུང་འཛིན་པར་ངོ་རྒོལ་བྱས་མེད་ཀྱི་མེད་ལ། དེ་བཞིན་ཆབ་སྲིད་ཀྱི་ལམ་ལུགས་གང་འདྲ་ཞིག་ལག་ལེན་བསྟར་གྱི་ཡོད་མེད་ལ་མ་སྐྱོན་བརྗོད་མ་བྱས་པར། ས་ཁོངས་རང་སྐྱོང་གི་ལྟ་གྲུབ་ཁས་ལེན་བྱས་ཏེ་བཅའ་ཁྲིམས་ནང་འཁོད་པའི་འབྲུ་དོན་བཅས་༼ བསམ་འཆར་༽སྤྲད་ཟིན་པ་གྲོས་གཞིར་བཞག་སྟེ་འབྲེལ་ཐུག་གནང་འདོད་ཤུགས་ཆེར་ཡོད་པར་བསྟན་པ་དེ་ནི་བསམ་བློ་བཏང་བ་དང། འགན་འཁུར་ཡོད་པའི་རྣམ་འགྱུར་ཞིག་རེད། སྐད་ཆ་དེ་དོན་དམ་རིག་གཞུང་ལུགས་ཐོག་གོ་བ་ལེན་རྒྱུ་ལས་སོ་སོའི་རྣམ་རྟོག་དང་བཤད་སྟངས་བྱེ་བྲག་པ་རྒྱུ་མཚན་དུ་བྱས་ཏེ་ཉན་ན་གོ་ཁག་པོ་ཡིན་སྟབས། ཚང་མས་གོ་བ་མ་ནོར་བ་ཞིག་ལོན་རྒྱུར་རེ་བ་ཆེ་བཅས།། ཤར་ཕྱོགས་པས།། ༽
འཇིགས་བྲལ་བསྟན་འཛིན་ལགས། དེ་རིང་སྲིད་སྐྱོང་གི་བསམ་བློའི་ཤེས་ཚད་ཅི་འདྲ་ཞིག་ཡིན་མིན་དང་།
དམིགས་ཡུལ་ཅི་འདྲ་ཞིག་ཡོད་མེད་གསལ་ལྷང་ངེར་ཐོན་དུས་།ཡང་ཁྱེད་ལྟ་བུ་སྐོར་ཞིག་གིས་ལག་འཕྱི་ས་༧གོང་ས༧་མཆོག་བྱེད་ཀྱི་འདུག་ལ།གལ་སྲིད་ཁྱེད་ཚོར་ཕྱག་རྗེས་ཞིག་བྱུང་ཡོད་ན་ཁྱེད་རང་ཚོའི་འབྲས་བུ་ཡིན་པ་ལས་༧གོང་ས༧མཆོག་གི་བཀའ་དྲིན་ལས་བྱུང་བ་མ་ཡིན་པར་ཁྱེད་ཚོའི་འབྲས་བུ་ཨེ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ཀྱི་འོག་ནས་བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་།རང་ས་རང་བདག་གི་རང་དབང་ཞིག་ཡོད་ཅེས་སུས་བཤད་ཡོད་དམ། དེ་རིང་ང་ཚོས་ཅི་ཞིག་གི་ཆེད་དུ་རང་དབང་རྩོད་ཀྱི་ཡོད།
འཇིགས་བྲལ་ལགས་ལ།དགོངས་དག་ངས་ཁྱེད་ཀྱི་རྩོམ་ཆ་ཚང་མ་བཀླགས་པར་བྲིས་ཤོར་སོང་།གོང་གི་ནམ་མཁས་བྲིས་བའི་སྲིད་སྐྱོང་གི་གཏམ་བཤད་དེ་མཐོང་ནས་ཁོང་ཁྲོས་འབར་སོང་། ང་རང་ལ་དོགས་པ་ཞིག་ཡོད་པ་ནི་༧གོང་ས༧མཆོག་གི་བཀའ་དགོངས་དངོས་ཡིན་མིན་ལ་ཐེ་ཚོམ་མཆིས།འདི་ཚོས་ནམ་རྒྱུན་ཁ་གཡར་ས་༧གོང་ས༧དང་ལག་པ་འཕྱི་་ས་༧གོང་ས༧མཆོག་བྱེད་ཀྱི་ཡོད།ང་ཚོས་ངེས་བར་དུ་མཐའ་འདེད་ཕུ་འདེད་བྱེད་དགོས་སྙམ།
གོང་གི་དྲི་བ་དྲིས་ལན་འདི་བཀའ་ཤག་ཟུར་བ་དང་བཀའ་སྤྱི་ལས་ཐོག་པ་སུའི་དགོངས་གཞི་ཡིན་ཡང་གཞི་ལུས་སྤུན་ཟླ་ཚོའི་སེམས་ཕམ་དུ་བཅུགས་པའི་གཏམ་རང་རེད། ནམ་མཁས་བཤད་པ་བཞིན་དེ་ལྟར་ཡིན་ན།
རྒྱ་ནག་གིས་བཙན་བྱོལ་བོད་མི་སྐོར་ཞིག་གི་ཆེད་དུ་བོད་ནང་དཀྲུགས་ཤིང་རྒྱག་གི་ཡོད་ཅེས་བཤད་པ་ལྟར་ཡིན་ནམ། ཅི་ཞིག་ལ་ཟེར་ན།བོད་ནང་གི་བོད་མི་ཚོའི་ཆེད་དུ་རང་དབང་འཐབ་རྩོད་བྱེད་ཀྱི་མེད་པ་རེད།
བོད་ནང་གི་བོད་མི་ཚོས་དྲི་བ་ཞིག་འདི་ལྟར་དྲིས་ཚེ།རྡ་རམ་ས་ལར་འཐབ་རྩོད་བྱེད་ཀྱི་ཡོད་པ་སུ་ཞིག་གི་ཆེད་དུ་རེད་ཅེས་དྲིས་ན།ཕྱི་སྡོད་བོད་མི་ཚོའི་ཆེད་དུ་ཡིན་ལབ་རྒྱུ་ཡིན་ནམ། དེ་རིང་རྐུན་མས་ཤ་ཁ་བའི་འོག་སྦས་ནས་ཉི་མས་བཞུས་ལྷང་ལ་བུད་སོང་། ལུག་ཤ་ཚོན་པོ་དེ་གང་དུ་སྦས་རྒྱུ་ཡིན་ནམ།འཛམ་གླིང་གིས་མཐོང་སོང་།གཞི་ལུས་སྤུན་ཟླས་ཐོས་སོང་། དམར་ཤོག་གི་འདོད་པ་ལྟར་གཏམ་བཤད་བྱས་སོང་།
བོད་མི་ཐ་ཤལ་འདི་ཚོས་ཕྱིའི་མི་ཞིག་གིས་བྲིས་པའི་རྩོམ་ཡིག་ཅིག་ཡིན་ན་ཡིན་མིན་རྟག་དཔྱད་ཙམ་ཡང་མེད་པར་བདེན་ཅོག་ཅོག་གིས་སངས་རྒྱས་ཀྱི་བཀའ་བཞིན་དུ་ལུང་དྲངས་ཁུལ་བྱེད་པ་ནི་ངོ་ཚ་མེད་པའི་ལས་ཀ་ཞིག་རེད།
ཝའེ། སངས་རྒྱས་ཞེས་པ་བདག་ཅག་གི་སྟོན་པ་ལ་ཞུའམ། ཡིན་ན་ཁོང་ཡང་ཕྱི་མི་རེད་པ།
ལུང་རྟོགས་ཀླད་པ་རྡོ། སྐད་ཆ་ཐ་ཤལ་བ་འདི་བཤད་མཁན་དེ་སུ་རེད། ནམ་མཁའ་རེད་དམ། སྐད་ཆ་ཐ་ཤལ་བ་བཤད་ཚེ་དེ་ལ་དཔྱད་པ་གཏོང་དགོས། ང་ཚོས་ད་ལྟ་བར་དུ་ཕྱི་མི་ལ་རེ་བ་རྒྱབ་པ་མ་་ཡིན་ནམ། ད་རུང་ཡང་ཕྱི་མི་ཚོས་རྒྱབ་སྐྱོར་ལ་རེ་བ་རྒྱག་གི་མེད་དམ། ནམ་ཡིན་ཡང་ཨ་ཁུ་འབྲོང་གི་ཁ་སྣ་གསེར་རེད་ཅེས་འུར་བསྟོད་ཁོ་ནས་དེ་རིང་གི་ལམ་ཁ་འདིར་ལྷུང་པ་རེད་ཧ་གོ་སོང་ངམ།
དྲི་ལན་ནི་ཧ་ཅང་གི་སྤྱང་གྲུང་ལྡན་པ་རེད་འདུགཁྱེད་རང་ལ་ལན་ག་འདྲའི་ཞིག་དགོས་སམ།
ད་ནི་བོད་དང་བོད་མི་རིགས་ཀྱི་འཐབ་རྩོད་འདི་ནི་ཙི་ཙིའི་རྔ་མ་ལྟར་ཆེ་ས་ནས་ཆུང་རུ་ཆུང་རུ་དང་བཟང་ས་ནས་ཕྲ་རུ་ཕྲ་རུ་ཕྱིན་པ་འདི་ཚད་མཐོའི་རང་སྐྱོང་ནས་མིང་དོན་མཚུངས་པའི་རང་སྐྱོང་ལ་བབས་པ་རེད་ལ་ད་ཆ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་རང་སྐྱོང་གི་གནས་བབས་དེ་རེད། ག་ལེར་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུ་དེ་ལས་ལྷག་མེད་པ་རེད་དོ།
སྲིད་སྐྱོང་གི་དྲིས་ལན་ཅི་ཞིག་ཡིན་ནམ། ཁོ་རང་གི་གཉིད་གཏམ་ཡིན་རྒྱུ་མ་རེད། བོད་ནང་གི་བོད་མི་ཚོའི་ཆེད་དུ་མིན་ཚེ་བཙན་བྱོལ་གཞུང་གི་ཐོབ་གོ་གནས་ཆེད་ཡིན་ནམ། སྐད་ཆ་འདི་དངོས་གནས་བཤད་ཡོད་དམ།དོགས་པའི་གནས་ཞིག་རེད།ཁོ་རང་ཆབ་སྲིད་པ་ཞིག་ཡིན་ཁུལ་མ་རེད་པས།
ངའི་བསམ་བློར་ནམ་མཁའ་ཟེར་བ་འདིས་ཡང་སྲིད་སྐྱོང་མཆོག་གི་དགོངས་གཞི་མ་རྟོགས་པར་དོགས་འདྲི་ཁ་ཤས་ཧང་སང་སང་གིས་དྲ་གྲོགས་ཚོའི་མདུན་དུ་ཁྱེར་ཡོང་བ་ཚོར་བྱུང་།
ནམ་མཁས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་ག་རེ་རྩོད་གནང་གི་ཡོད་པ་ཤེས་དགོས།
ཁྱེད་རང་གི་་ཁྱེར་ཡོང་བའི་སྲིད་སྐྱོང་མཆོག་གི་གསར་འགོད་པར་ལན་འདེབས་གསུམ་གནང་བར་རིམ་པ་བཞིན་དུ་ལན་ཞིག་འབྲི་འདོད་བྱུང་།
༡་་་་་་་་དམར་ཤོག་ཚོགས་པ་མགོ་རྟིང་སློག་ཆེད་ཡིན་ན། ང་ཚོའི་ལམ་དབུ་མ་རྩོད་ས་མེད་པ་ཤེས་དགོས། ལམ་དབུ་མས་རྒྱ་ནག་མཉམ་དུ་སྐད་ཆ་བཤད་ནས་བོད་པའི་དཀའ་ངལ་སེལ་དགོས་པར་འདོད་པས་ཡིན།
༢་་་་་་་་ད་ལྟའི་སྒྲོམ་གཞིའི་འོག་ཏུ་ཡོད་པའི་དམར་ཤོག་ཚོགས་པར་ཁ་གཏད་བཅག་པ་ཡིན་ན་ང་ཚོའི་སྒྲིག་འཛུགས་ཀྱི་ཁ་ཞེ་གཉིས་མ་མཐུན་པ་ཡོང་གི་ཡོད། རྒྱུ་མཚན་ནི་བཙན་བྱོལ་སྒྲིག་འཛུགས་ཀྱིས་ད་ལྟའི་རྒྱ་ནག་གི་སྒྲོམ་གཞི་འདིའི་འོག་ཏུ་རང་སྲིད་རང་སྐྱོང་ཞིག་རྩོད་བཞིན་པ་ལས་ཁ་བྲལ་དུ་འགྲོ་རྒྱུ་ཟེར་གི་མེད།
༣་་་་་་་་་རྒྱ་ནག་གཞུང་གིས་ཁོང་ཚོའི་བཅའ་ཁྲིམས་ནང་གསལ་བའི་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་གིས་མཚོན་པའི་གནད་དོན་མང་པོ་ཞིག བཅའ་ཁྲིམས་གཞིར་བཞག་ལག་ལེན་མེད་པར་མི་རིགས་དབྱེན་འབྱེད་དང་བཙན་པོ་དབང་ཡོད་སོགས་མང་པོ་ཞིག་ཡོང་གི་ཡོད་སྟབས་བོད་ནང་གི་བོད་མི་ཚོས་ཀྱང་ཐོབ་ཐང་དེ་རྣམས་རྩོད་ཀྱིན་ཡོད་པ་ལས་ང་ཚོར་དམངས་གཙོ་དགོས་ཡོད་ཞེས་རྩོད་ཀྱིན་མེད།
སོང་ཙང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལྟར་བོད་ནང་ཐོབ་ཐང་དགོས་གི་ཡོད་ཞེས་རྩོད་པ་ལས་བོད་ནང་དམངས་གཙོ་དགོས་གི་ཡོད་ཞེས་རྩོད་ཀྱིན་མེད།
དེ་རྣམས་ང་ཚོའི་དབུ་མའི་ལམ་གྱི་དགོངས་དོན་རེད། དབུ་མའི་ལམ་ལ་འགྲོ་ན་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མཐུན་བྱེད་དགོས་པ་ལས་ཁ་གཏད་གཅོག་ས་གང་ཡང་ལྷག་མེད་པ་མཁྱེན་དགོས་ཟེར་བ་དེ་ཡིན། སྲིད་སྐྱོང་མཆོག་གིས་དེ་ལྟར་གསུངས་པར་གནད་འགག་ཡོད་རེད། །
ང་རང་ཉིད་ལ་མཚོན་ན། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མང་གཙོ་ལྡན་པའི་བོད་ཡུལ་ཞིག་རྩོད་དགོས་རེད། དེ་འདྲ་ཞིག་བྱུང་ན་བོད་མི་ཡོངས་འཐབ་རྩོད་ཀྱི་འབབ་སྟེགས་གཅིག་གི་ཐོག་ཡོང་གི་རེད་ཟེར་གྱི་ཡོད།
དེ་མིན་ད་ལྟ་དེང་གི་བོད་ནང་གི་དམའ་མཐའི་བོད་མིའི་མངོན་འདོད་རང་དབང་ཡིན་པ་དེ་ཡང་འཐོབ་ཐབས་བྱེད་ཀྱི་མེད་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་ཐོག་རྒྱ་ནག་གཞུང་ཡིད་ཆེས་ཡོང་ཐབས་སུ་རང་བཙན་དོན་གཉེར་བ་ཚོ་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཉེན་ཁ་ཡིན་པ་ལྟ་བུ་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་ང་ཚོར་ཡིད་ཆེས་བྱེད་ཀྱི་རེད་དམ། དེ་ནི་དོན་ངོ་མའི་དྲི་བ་ཞིག་རེད།
རིག་རྡོའི་ཀླད་པ་ཆུ་རེད། སྐད་ཆ་ཐ་ཤལ་ག་རེ་བཤད་འདུག “ང་ཚོས་རྒྱ་གཞུང་མགོ་རྟིང་སློག་རྩིས་མེད། རྒྱ་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད།” སྐད་ཆ་འདི་ནི་གོང་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཀས་ཡང་ནས་སྐྱར་དུ་གསུང་ཟིན་པ་ཞིག་ལས་སྲིད་སྐྱོང་གིས་གསར་དུ་བཤད་བཞག་པ་ཞིག་ཅང་མ་རེད། འདི་ལས་ལྷག་པའི་སྐད་ཆ་ཐ་ཤལ་གང་ཡང་བཤད་མི་འདུག
འ་ལ་ལ་ད་ཡིན་ན་རྒན་མོའི་གྱོད་འཛིངས་བྱེད་ཀྱི་འདུག ལུང་རྟོགས་དང་རིག་རྡོ་གཉིས་ཀྱི་ཀླད་པ་ཆུ་རྡོ་གང་ཡིན་ན་ཆོག ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་རྟིང་སློག་འདོད་མེད་ན། དེ་རིང་སང་ཉིན་ནས་རྩོད་བཞིན་པའི་འཐབ་རྩོད་མཚམས་བཞག་སྟེ་བོད་ནང་ལོག་ཆོག་གི་རེད།རྒྱ་ནག་དམར་ཤོག་ཚོགས་པའི་འོག་ནས་མིང་དོན་མཚུངས་བའི་རང་སྐྱོང་ཞིག་ཇི་ལྟར་ལེན་རྒྱུ་ཡིན་ནམ། དམར་ཤོག་ཚོགས་པའི་འོག་ནས་སྨྲ་བརྗོད་ཀྱི་རང་དབང་ཞིག་དང་རིག་གཞུང་རང་དབང་ཡོད་དམ། དེའི་སྒྲོམ་གཞི་འོག་ནས་འདུག་འདོད་ན་རྩོད་མེད་རེད།ཚིག་སྐམ་པོ་བརྗེ་བོ་རྒྱབ་ཡོད་པ་ལས་དོན་དག་ནི་གཅིག་མཚུངས་རེད་འདོད།
ལྷ་མོ་ཚེ་རིང་ལགས། ཁྱེད་རང་གིས་རྒྱ་གཞུང་གི་རྩ་ཁྲིམས་ལ་གཅིག་གཟིགས་དང་། རྒྱ་གཞུང་གིས་རྩ་ཁྲིམས་ལག་བསྟར་བྱེད་ཀྱི་མེད་པ་ལས། མི་རིགས་རང་སྐྱོང་གི་རྩ་ཁྲིམས་ནང་ལ་ཐོབ་ཐང་མང་པོ་ཞིག་ཡོད་པ་འདྲ། མིང་དོན་མཚུངས་པའི་རང་སྐྱོངས་ཀྱི་གོ་དོན་ཡང་དེ་ཡིན་པ་འདྲ།
ལུང་རྟོགས་ལགས། རྒྱ་ནག་གི་དམར་ཤོག་པའི་རྩ་ཁྲིམས་ལ་འཛམ་གླིང་ལ་སྟོན་ཆོག་པའི་རྩ་ཁྲིམས་ཞིག་དང་།བོད་ལྟ་བུ་གྲངས་ཉུང་མི་རིགས་ཐོག་དངོས་སུ་ལག་བསྟར་བྱེད་རྒྱུའི་ཁྲིམས་ཞིག་ཡོད་པ་ང་ཚོས་ཤེས་དགོས་སྙམ། མ་གཞི་ནས་ང་ཚོ་སུ་ཡིན་ཡང་ང་ཚོ་བོད་མི་ཚོའི་བདེ་སྡུག་ཆེད་བགྲོ་གླེང་གནང་གི་ཡོད་པ་རེད་།དེ་ནི་ཧ་ཅང་གི་གལ་ཆེན་རེད་སྙམ། རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་སུ་ཡིན་ཡང་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་ཁེ་དབང་ཡོད་པ་བཀོད་ཡོད། དངོས་སུ་ལག་ལེན་བྱེད་དུས་དེ་ལྟར་མེད་པས་ང་ཚོས་ཕྱི་ལ་སྟོན་ཆོག་པའི་རྩ་ཁྲིམས་མ་གཏོགས་ཕལ་ཆེར་ཤེས་ཀྱི་མེད་སྙམ།
༩༽ ལུང་རྟོགས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ གི་ཆུ་ཚོད་ ༤ སྐར་མ་ ༡༩
བོད་མི་ཐ་ཤལ་འདི་ཚོས་ཕྱིའི་མི་ཞིག་གིས་བྲིས་པའི་རྩོམ་ཡིག་ཅིག་ཡིན་ན་ཡིན་མིན་རྟག་དཔྱད་ཙམ་ཡང་མེད་པར་བདེན་ཅོག་ཅོག་གིས་སངས་རྒྱས་ཀྱི་བཀའ་བཞིན་དུ་ལུང་དྲངས་ཁུལ་བྱེད་པ་ནི་ངོ་ཚ་མེད་པའི་ལས་ཀ་ཞིག་རེད། ་་་་་་ཟེར།
རྒྱ་ལ་ཁ་ལྟ་སྒྲུག་ཡ་མང་དྲག་ན། སྐད་ཆ་དེ་ཡང་དེ་འདྲ་ཞིག་བཤད་དགོས་ཐུག་པ་རེད། ད་གང་ཡོང་།
ལྷ་མོ་ཚེ་རིང་ལགས། ད་མང་པོ་བཤད་ཀྱང་དགོས་པ་ཅང་མི་འདུག གང་ལྟར་རྒྱ་གཞུང་གི་རྩ་ཁྲིམས་ལ་མ་འདྲ་བ་གཉིས་ཡོད་པ་མཐོང་གི་མེད། དེ་འདྲ་ཡོད་ན་རྒྱལ་ཁབ་དེ་རྫུན་མ་ཆགས་སོང་བ་རེད། ངའི་ལྟ་ཚུལ་ནི་རྒྱ་གཞུང་གིས་སོ་སོའི་རྩ་ཁྲིམས་ནང་བཀོད་པའི་ཐོབ་ཐང་དེ་དག་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ལག་བསྟར་བྱེད་ཀྱི་མེད་པ་འདི་རེད།
ལུང་རྟོགས་ལགས། རྒྱ་ནག་རྒྱལ་ཁབ་རྫུན་མ་ཡིན་མིན་མི་ཤེས། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་རྫུན་སྒྲིགས་མང་པོ་ཡོད་པ་རེད།དེ་ང་ཚོས་ངེས་བར་དུ་ཤེས་དགོས། དེ་གཅིག་རེད། གཞན་དེ་ངས་འདི་ནས་ནམ་མཁའ་ལ་རྒྱབ་སྐྱོར་དང་སྲིད་སྐྱོོང་གི་གགསུངས་བཤད་ལ་རྒྱབ་འགལ་བྱེད་ཀྱི་མེད།སྲིད་སྐྱོང་གིས་བཤད་པའི་ཚིག་དེ་འགྲིག་མི་འདུག་ཟེར་གི་ཡོད། རྩོམ་བྱང་ཁོ་རང་ལ་ཡང་སྲིད་སྐྱོང་གི་གཏམ་བཤད་དེ་བཞག་འདུག་པས། ང་རང་ཡང་དོགས་པའི་གནས་སུ་ལྷུང་སོང་། བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་དུས། རྩོམ་འབྲི་མཁན་གྱིས་དོགས་འདྲི་བྱས་བ་བཞིན་བོད་ནང་གི་བོད་མི་ཚོའི་ཐོབ་ཐང་ཞིག་ཀྱང་རྩོད་ཀྱི་མེད་པ་གསལ་བོ་རེད། རྒྱ་ནག་དམངས་གཙོའི་ངོ་བོ་འགྱུར་བའི་ཉིན་དེར་དེ་རིང་གི་རྒྱ་ནག་གུང་ཁྲན་ཏང་གི་སྒྲོམ་གཞི་ལ་འགྱུར་བ་མ་འགྲོ་ག་མེད་རེད། སྲིད་སྐྱོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོམ་གཞིའི་འོག་བསྡད་ཀྱི་ཡིན་ལབ་པ་དང་གཅིག་མཚུངས་རེད།དེ་ཡིན་ན་ང་ཚོས་རྩོད་པ་རྒྱག་དགོས་ཡ་མི་འདུག རྒྱ་ནག་གི་རྩ་ཁྲིམས་ལོ་རེ་རེ་འགྱུར་བ་འགྲོ་གི་ཡོད།ཡིན་ཡང་བོད་ནང་གི་བོད་མི་ཚོའི་ཐོབ་ཐང་ཐོག་ལ་དམཔོར་བྱེད་རྒྱུ་སྔོན་ལས་འགྱུར་བ་བཏང་ཟིན་པ་རེད།དེ་ཡང་དམར་ཤོག་པའི་སྲིད་ཇུས་རེད།ད་མང་པོ་བཤད་ཀྱང་འབབ་ས་གཅིག་ལ་འབབ་ཐུབ་ཀྱི་མེད་པ་གསལ་བོ་རེད།
ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་མིང་ཙམ་གྱི་སྣང་བརྙན་དུ་གྲུབ་ཡོད་པ་རེད་ལ། ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ཀྱི་སྲིད་ཇུས་དང་མི་རིགས་ཀྱི་ཐོབ་ཐང་ཟེར་བ་དེ་ངོ་བོ་ཉིད་ཀྱི་སྟོང་པའི་གྲངས་ཉུང་མི་རིགས་ཁག་ལ་མགོ་བསྐོར་གཏོང་ཆེད་གཅིག་ཡིན་པ་ལས་དོན་གྱི་གྲུབ་མེད་པ་དེ་རེད། བྱས་ཙང་ང་ཚོས་མིང་ཙམ་གྱི་སྣང་བརྙན་དེ་བརྩད་ཙང་ཀྲུའུ་ཝེའེ་ཆོན་གྱིས་ཡིག་ངག་གཉིས་ཀྱི་ཐོག་ནས་ཆབ་སྲིད་གྲོས་ཚོགས་ནང་སྙན་ཞུ་ཕུལ་ཏེས་མིང་ཙམ་གྱི་སྣང་བརྙན་དེ་ཡང་མེད་པར་བཟོས་ནས་རྒྱ་རིགས་ཆེན་པོ་གཅིག་ཏུ་བཟོ་དགོས་པའི་བསམ་འཆར་བསྟོན་པ་རེད། མ་གཞི་ཏང་ཀྲུང་དབྱང་གི་རྩ་ཁྲིམས་ཕལ་ཆེ་བ་ཁྲིམས་སྒྲིགས་དང་ལག་བསྟར་གཉིས་གནམ་སའི་བར་ཁྱད་ཡོད་པ་རེད། འདི་ནི་རྒྱུ་མཚན་མེད་པ་ཡང་མིན་ཏེས་གཅིག་བསྡུས་རིང་ལུགས་ཀྱི་ཏང་ཀྲུང་དབྱང་སྲིད་གཞུང་གི་ཚེ་སྲོག་དང་འབྲེལ་ཡོད་ཙང་ཚེ་སྲོག་གནས་པར་མེད་དུ་མི་རུང་བའི་གདུག་རྩུབ་ཀྱི་སྲིད་ཇུས་འདི་འཆར་གཞི་དང་ལག་བསྟར་རང་བཞིན་ལྡན་པར་དོན་འཁྱོལ་བྱེད་རྒྱུ་དེ་ཁོ་ནའོ།
ལྷ་མོ་ཚེ་རིང་ལགས། ད་ཁྱེད་ཀྱི་ཅི་ཞིག་ནཤད་ཀྱི་ཡོང་པ་གསལ་པོ་ཞིག་རྟོགས་མ་སོང་། འོན་ཀྱང་སྔར་བཤད་ཟིན་པ་བསྐྱར་བཤད་ཡང་བཤད་ལྟ་བུ་ཞིག་ལས་ཅང་མི་འདུག་པས་ལེན་སྔར་གྱི་དེས་འཐུས་པ་བྱས་ནས་ལེན་འབྲི་རྒྱུའི་ངལ་བ་བྱས་མེད།
ལུང་རྟོགས་ལགས། ངས་གང་བཤད་པ་ཤེས་མ་ཤེས་དེ་དོན་དག་ཆུང་ཚགས་རིགས་རེད།གལ་ཆེན་གོ་དགོས་བ་ཞིག་ལ།ཁྱེད་ཀྱིས་བཤད་བཞིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་འདུག་གི་ཡིན་ཟེར་བ་དང་། དམར་ཤོག་འོག་ནས་འདུག་འདོད་མེད་པ་གཉིས་སྐད་ཆ་ནང་འགལ་ཡིན་པ་དེ་ཤེས་དགོས། དེ་རིང་གི་རྒྱ་ནག་རྒྱལ་ཁབ་འདི་དམར་ཤོག་ཚོགས་པའི་སྒྲོམ་གཞི་ཅན་ཞིག་ཡིན་པ་དེ་ཤེས་དགོས་ལ། རྒྱ་ནག་དམངས་གཙོ་འགྱུར་བའི་ཉིན་དེར་དེ་རིང་དམར་ཤོག་ཚོགས་པའི་སྒྲོམ་གཞི་དེ་མེད་པར་གྱུར་བ་རེད། དེ་ཤེས་དགོས།
བོད་ནང་གི་བོད་མི་ཚོས་འཐབ་རྩོད་བྱེད་བཞིན་དེ་དམར་ཤོག་ཚོགས་པའི་སྒྲོམ་གཞི་དེ་ངོ་རྒོལ་བྱེད་ཀྱི་ཡོད་པ་ཤེས་གལ་ཆེ། གཉིས་པ་རྒྱ་ནག་དམར་ཤོག་མགོ་རྟིང་སློག་པའི་ཉིན་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མིང་དེ་རང་འཇགས་འདུག་པ་ལས་མགོ་རྟིང་སློག་མེད་པ་དེ་ཤེས་དགོས། དེས་རྐྱེན་༧གོང་ས༧མཆོག་གིས་མཛད་གནང་བའི་དབུ་མའི་ལམ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་འདུག་གི་ཡིན་ཟེར་བ་དེ་ལས།རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོམ་གཞིའི་འོག་ནས་འདུག་གི་ཡིན་གསུངས་མེད་སྙམ། དེ་གཉིས་ཀྱི་ཁྱད་པར་ཤེས་དགོས།སྲིད་སྐྱོང་བློ་སེང་འདིའི་བར་ནས་འཁྲུགས་ནས་གོང་གི་རྩོམ་བྱང་དང་འབྲེལ་བའི་གཏམ་བཤད་དེ་གནང་བ་རེད་འདོད་དོ།
ལུང་རྟོགས་དང་འཇམ་གཅེས་གཉིས།རྒྱུ་མཚན་འགྲོ་ཡ་ཁེགས་པོ་ཡོད། ཡིན་ཡང་ཁོ་གཉིས་ཀ་ཧ་ལས་བའི་གཤིས་ཀ་བརྟན་པོ་ཞིག་ཡོད་པ་དེ་རེད། གཞུང་གི་རྒྱབ་རྩ་ལ་ཀ་བ་བཞིན་ཏུ་བྱེད་ཀྱི་ཡོད།གལ་སྲིད་གཞུང་གིས་སྲིད་ཇུས་ཐལ་སྐྱོན་ཤོར་ན་ཡང་བློ་སེམས་དཀར་བོས་རྒྱབ་སྐྱོར་བྱེད་བཞིན་པ་དེ་དགའ་འོས་པ་ཞིག་ཡིན། སྤྱིར་བོད་མི་ཡོངས་ཀྱིས་འདིར་བགྲོ་གླེང་གནང་བ་ཡང་གཞུང་ལ་མ་དགའ་བ་མ་ཡིན་པར་དོགས་པ་སེལ་ཆེད་བགྲོ་གླེང་ཞི་དྲག་གཉིས་ཀ་བྱེད་ཀྱི་ཡོད། འདིའི་བར་མཚམས་ལ་རྒན་མོའི་གྱོད་འཛིངས་ལྟ་བུ་མ་ཡིན་པར་ལྷོད་ལ་བབ་ནས་བགྲོ་གླེང་བྱེད་རྒྱུ་གལ་ཆེའོ།
འཇིག་བྲལ་ཟེར་བའི་མི་དེས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་ཁུལ་ལས་་་་དོན་ལ་སྲིད་སྐྱོང་ས་འོག་ལ་འདྲིད་ཀྱིན་འདུག རྒྱུ་མཚན་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྡོད་ཀྱི་ཡིན་ཟེར་དུས་དམངས་གཙོ་མི་དགོས་ཟེར་གྱི་ཡོད་པ་མ་རེད། དེ་ཙམ་ཡང་ཧ་གོ་གི་མི་འདུག་གམ། ཧོང་ཀོང་གི་གནས་ཚུལ་ཙམ་ཡང་རྒྱུས་ལོན་བྱེད་ཤེས་ཀྱི་མི་འདུག ཧོང་ཀོང་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་ཡོད་པ་རེད། ཡིན་ཡང་ཧོང་ཀོང་དམངས་གཙོ་རེད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཟེར་དུས་དམར་ཤོག་མ་གཏོགས་བྱེད་མི་ཆོག་པ་མ་རེད་ལོ།
ནམ་མཁའ་ལགས། ད་ཡིན་ན་ཁྱེད་ཀྱིས་དོགས་འདྲི་མང་པོ་བྱས་པ་བཞིན། སྲིད་སྐྱོང་གིས་རྐུབ་རལ་ནས་འགྲོ་གི་འདུག ཡང་ལག་པ་འཕྱི་ས་ཟིག་ཆོས་སྐྱོང་རྙེད་འདུག དེ་རིང་བར་དུ་༧གོང་ས༧་མཆོག་ལག་འཕྱི་ས་བྱས་སོང་།ད་ཡིན་ན་གཟུགས་མེད་ཀྱི་ལྷ་མིན་འདྲེ་མིན་ཞིག་ལ་ལག་པ་འཕྱི་ས་བྱེད་ཀྱི་འདུག གོང་གི་བཀའ་ཤོག་གིས་གསལ་བསྒྲགས་ལ་གཟིགས་དང་ཤེས་ཐུབ།
དྲ་གྲོག་ཚོ་ད་ལྟའི་དམར་པོའི་སྲིད་གཞུང་འདིའི་འོག་ནས་ང་ཚོ་ལ་མང་གཙོ་དང་ལྡན་པའི་རང་དབང་ཞིག་དགོས་ཟེར་གྱི་ཡོད་རེད་དང་ཡང་ན་རྒྱ་ནག་གཞུང་འདི་མང་གཙོ་ཅན་དུ་འགྱུར་བ་ང་ཚོས་རེ་སྒུག་བྱེད་ཀྱི་ཡོད་རེད་ ང་རང་གི་ཚོད་དཔག་བྱས་པ་ཡིན་ན་ད་ལྟའི་དམར་པོའི་སྲིད་གཞུང་འདི་ཡི་འོག་ནས་ཚད་དང་ལྡན་པའི་རང་དབང་ཞིག་ཉི་མའི་སྐར་མ་རེད་ གལ་སྲིད་མ་འོང་པ་རྒྱ་ནག་འདི་མང་གཙོ་ཆགས་སོང་ན་དེའི་སྐབས་སུ་ང་ཚོ་ལ་རང་བཙན་ཡང་སྤྲོད་སྲིད་པ་ཞིག་རེད།