”བསྟོད་མི་ཤེས་ནི་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་ནི་ཞིག་གིས་སྨད་ན་དགའ།”སྲིད་པ་རྒད་པོའི་བཤད་སྲོལ་ཞིག
གངས་རི་སྐྱབས།
དངོས་གནས་དམར་དམར་བོ་བཤད་ན། དུས་མ་རན་པའི་གླེང་ཕྱོགས་འདིར་སེམས་འཁུར་ཆེན་པོ་རེད། སྐྲག་འཇིག་མེད་ས་ནས་ང་ཚོས་ཅི་ཡང་བཤད་རུང་ནའང་། འདིས་རྒྱའི་ལྕགས་ཚན་འོག་གི་ང་ཚོའི་བཙན་མ་དག་གིས་མྱང་ཐག་ཆོད་རེད། ང་ཚོའང་ཁྱད་མཚར་བ་ཞིག་སྟེ་རང་རེའི་ཡི་གེ་བ་དག་རྒྱ་དམར་གྱི་ཁྲིམས་སྒོ་དང་འཇིག་རྟེན་གཏན་བྲལ་མ་བྱས་པར་ཁོང་ཚོའི་རིན་ཐང་མི་རྟོགས་པ་དེ་
རེད། འདི་ང་རང་ཐེ་བའི་ང་ཚོ་སྙུག་འཛིན་དུ་རློམ་པ་དག་གི་ཆེས་སྐྱུག་བྲོ་བའི་སྣང་ཚུལ་འབའ་ཞིག་ཏུ་མཐོང་ཡོང་གིན་ཡོད།
ཞོགས་དུང་བདུན་ཕྲག་གཉིས་ཀྱི་སྔོན་ལ་དངོས་སུ་མཚོ་སྔོན་གསང་བའི་ལས་ཁུངས་ཀྱིས་བཙན་འཁྲིད་བྱས་པ་བདེན་པ་རེད། འོན་ཀྱང་། རྐྱེན་ཅི་ཞིག་ཡིན་ནམ་ཁོང་གི་ནང་མིས་ཀྱང་ཐག་གཅོད་ཐུབ་ཀྱིན་མེད་པ་ལྟ་བུ་རེད། ད་ཐེངས་ཁོ་རང་མངོན་གསལ་དོད་པོས་འཁྲིད་པ་མ་གཏོགས། སྔོན་མ་ནས་ཁོའི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་དང་ཞིབ་ཉན་བྱ་མཁན་གྱི་རྒྱ་ནག་གི་རྒྱུགས་ཁྱི་མང་རབས་འདུག ཚོད་ཚོད་ལ་ཁོང་གི་དཔེ་ཁང་བསྔོག་བཤེར་དང་འདྲི་གཅོད་ཀྱི་གནས་ཚུལ་ཡང་འགའ་ཤས་བྱུང་ཚུལ་བཤད་རྒྱུ་འདུག
བོད་ཀྱི་ཁ་དཔེར་”རྟ་མ་བྲེལ་གོང་ལ་སྒ”ཞེས་པ་བཞིན། ཞོགས་དུང་རྒྱ་ནག་གིས་འཇུས་མ་ཐག་ང་ཚོས་གཅིག་ལས་གཅིག་མགྱོགས་ཀྱིས་བསྟོད་བསྔགས་གཏོང་བ་དང་། ཞོགས་དུང་གི<<གནམ་ས་སྒོ་འབྱེད>>ལ་མིའི་བཤད་ཚོད་ལས་བརྒལ་བའི་འོར་འགྲེལ་ཡང་འགྲེལ་བྱེད་པ་ལྟ་བུའི་འུར་ཟིང་བཟོ་བ་ནི། གནས་སྐབས་འདིར་རྩོམ་པ་པོ་ཕན་གནོད་གང་ཡོད་མེད་བཤད་དཀའ་བའི་ཚོད་རེད། དེའི་
སྟབས་ཀྱིས་ང་ཚོས་བཤད་མི་ཤེས་ན་སྐབས་ཐོག་སྨྲ་བ་བསྡམས་ཏེ་ཁོང་ཚོའི་ཆེད་དུ་སྐད་འབོད་རེ་བྱེད་ཐུབ་ན་སྙན་ངག་ཅིག་བྲིས་པའི་ཡན་ཡིན་པའི་དུས་ལ་འཁེལ་ཡོད།
ང་ཚོ་དེ་ལས་གཞན་པ་ལས་རྒྱུ་མང་བོ་འདུག རྩོམ་པ་པོ་ཞོགས་དུང་གཙོ་བྱས་པའི་བོད་ནང་གི་རྩོམ་པ་པོ་རྣམས་ལ་སྨྲ་བརྗོད་རང་དབང་དགོས་པའི་སྐད་འབོད་དང་། རྒྱ་ནག་གི་ཚད་དང་ཚོད་མེད་པར་གང་འདོད་ཀྱིས་བོད་ནང་གི་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་ཁྲིམས་ཆད་གཅོད་བཞིན་པའི་བྱ་སྤྱོད་འདི་དག རྒྱ་སྤྱིའི་ཁྲིམས་ཁང་དུ་ཁྲིམས་གཏུགས་དང་རྒྱ་སྤྱིའི་འགྲོ་བ་མིའི་ཐོབ་ཚོགས་པ་ཁག་ཏུ་ཡིག་ངག་གཉིས་ཐོག་ནས་འགྲེལ་བརྗོད་གནང་དགོས། ཁ་སང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འགུལ་སྤེལ་བཞིན་པ་ལྟར་བཙན་བྱོལ་བོད་ཀྱི་ན་གཞོན་རྩོམ་པ་པོ་དག་གིས་དང་བླངས་ཀྱིས་
འགན་རྐང་ལེན་བྱས་ཏེ། རྒྱ་མིའི་བཙོན་དུ་ཡོད་པའི་བོད་ཀྱི་རྩོམ་པ་རྣས་གློད་གྲོལ་དགོས་པའི་ས་ཡིག་བསྡུ་སྐོང་སོགས་མཐུན་ཚོགས་འདིར་རྒྱབ་སྐྱོར་གནང་དགོས་པ་ཞིག་རེད།
ཡང་གཅིག་བཤད་ན། ང་ཚོས་ཀྱང་སོ་སོར་དཔེ་ཞིག་བླངས་ནས་འདང་ཞིག་རྒྱབ་ན། ཞོགས་དུང་བཟུང་ཚར་དུས་ཞོགས་དུང་གི་བཟའ་ཟླ་བུ་ཕྲུག་དང་བཅས་པར་འཚོ་བའི་དཀའ་ངལ་ཡོད་ཡོད་པ་རེད།
འདི་ང་ཚོའི་བསམ་བློ་གཏོང་དགོས་པ་ཞིག་རེད། ང་ཚོས་ལས་འགུལ་འདིའི་རིགས་གཞུང་དང་ཚོགས་པ་གང་ལའང་མ་འབྲེལ་བར་མི་སྒེར་གྱི་ངོ་བོའི་ཐོག་ནས་ཕན་ཚུན་གྲོས་བསྡུས་བྱས་ཏེ། སྤུན་ཟླ་ནང་ཁུལ་གྱི་འདུ་ཤེས་ཟབ་མོའི་ཐོག་ནས་གཅིག་ཕན་གཅིག་གྲོགས་བྱ་ཐུབ་ན་དེ་ལས་དགའ་བ་ཞིག་མི་འདུག་སྙམ་སོང་པ་བཅས་སོ།
ཕྱི་ལོ་༢༠༡༠ཟླ་བ༥ཚེས༢ཉིན་བྲིས།
བསམ་ཚུལ་ཡག་པོ་སྤེལ་འདུག རྒྱབ་སྐྱོར་ཡོད།