སྐྱོ་བྲག་དགའ་དབང་།
ལྷོ་མོན་སྨན་ལྗོངས་ཆོས་ལྡན་ཞིང་ཁམས་སུ། །
མཐུན་རྐྱེན་འཛོམས་པའི་སྤྲོ་འཆམ་སོང་བ་ན། །
གནས་དང་ཡུལ་གྱི་བཀོད་པ་ཇི་འདྲ་ཞིག །
རང་བློར་ཤར་བའི་གཟུགས་བརྙན་འདི་ན་གསལ། །
སྤྱིར་ང་རང་ས་གནས་གཅིག་ལ་གཏན་སྡོད་མི་ཐུབ་པར་གང་སར་འཁྱམས་པའི་འཁྱམས་པོ་ཞིག་ཡིན་ཐོག །འབྲུག་ནི་ས་ཆའི་ཡུལ་བཀོད་མཛེས་ཤིང་མཁའ་དབུགས་དང་དྲོ་གྲང་སྙོམས་པ། ཡུལ་མི་རྣམས་ཡ་རབས་ཤིང་ནང་ཆོས་ལ་དད་འདུན་ཆེ་བ། མཁས་གྲུབ་གོང་མ་རྣམས་ཀྱི་མཛད་རྗེས་མང་བ། རྒྱལ་པོས་དབང་སྒྱུར་བྱས་པའི་ཡུལ་ཁམས་ཡིན་པ། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་བཀའ་བརྒྱུད་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ། འགྲོ་འདུག་སྟབས་བདེ་བ་བཅས་ཀྱིས་འགྲོ་འདོད་ཧ་ཅང་ཆེ་བར་བརྟེན། སྔར་ཕྱི་ལོ་ཉིས་སྟོང་གཅིག་གི་ཕྱི་ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་འབྲུག་གི་ས་མཚམས་ཕུན་ཚོགས་གླིང་དུ་སོང་སྟེ་འགྲོ་ཆོག་པའི་ཡི་གེ་ཞུས་ཀྱང་རུམ་བཏེག་བཤད་གྲྭའི་ལས་ཀའི་ལག་ཁྱེར་ཙམ་ལས་མེད་སྟབས་ཆོག་མཆན་མ་ཐོབ། རོགས་པ་རྣམས་ཀྱིས་སྒེར་འཁོར་ཞིག་གི་ནང་དུ་སོང་ན་ཐར་གྱི་རེད་ཟེར་ཡང༌། གལ་སྲིད་གནས་ཚུལ་འདྲ་མིན་བྱུང་ན་རྒྱལ་དབང་ཀརྨ་པ་དང་རུམ་བཏེག་དགོན་པའི་ཞབས་འདྲེན་ཀྱང་ཡོང་བར་དོགས་ཏེ་མ་སོང་བར་སླར་ལོག །དེ་ནས་བཟུང་འགྲོ་འདོད་ཡེ་མ་བྱུང་བ་ལ། ཕྱི་ལོ་ཉིས་སྟོང་དྲུག་གི་ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ཨ་རིར་ཡོད་པའི་ཆོས་མཆེད་ལྷག་པ་ཚེ་རིང་གིས་སྔོན་མ་རོགས་རམ་མ་ཐུབ་པ་དེས་རྟག་པར་སེམས་པ་སྐྱོ་བོ་བྱུང༌། ད་ལོའི་དབྱར་གནས་གྲོལ་རྗེས་འབྲུག་ལ་གནས་སྐོར་དུ་སོང་དང་ངས་སྦྱིན་བདག་བྱེད། རོགས་པ་ཞིག་ཀྱང་ཁྲིད་ཟེར་བས་སླེབ་མིན་ཐག་མ་ཆོད་ནའང༌། བསམ་སྤྱོད་བཟང་བའི་བྱ་ལས་དང་ལེན་བྱ་རྒྱུ་གལ་ཆེན་རེད་སྙམ་ནས་ཡ་ལབ། དེ་ནས་རིམ་པས་འབྲེལ་བ་བྱས་བསྡད་པ་ན་དབྱར་གནས་གྲོལ་མཚམས་ཧིན་སྒོར་དྲུག་སྟོང་འབྲས་ལྗོངས་དང་ཆིག་ཁྲི་འབྲུག་ཏུ་བསྐུར་ཡོད་ཟེར་བ་དག་སྔ་རྗེས་སུ་བླངས། རང་གི་གཅུང་པོ་ལེགས་མཐོང་ལ་ཁོ་བོར་རོགས་པའི་དཀའ་ངལ་མེད་མོད། ཁྱོད་རང་ལས་ཀ་དམིགས་བསལ་མེད་པར་དུས་ཚོད་ཁོམ་པ་དང་འགྲོ་སོང་སྦྱིན་བདག་ཡོད་ཕྱིར་འབྲུག་ཏུ་གུང་གསེང་གནས་སྐོར་གཅིག་ལྕོགས་སོང་ན་དགའ་ས་རེད་སྙམ། འོན་ཏེ་འགྲོ་མིན་ཁྱོད་རང་ཤེས་ལབ་པར། འགྲོ་ཡི་ཡིན་ཟེར་བ་བཞིན་ཕྱི་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ངེད་གཉིས་རུམ་བཏེག་ནས་ཐེག་སྟེ་ཕུན་ཚོགས་གླིང་དུ་བསྡད། ཕྱི་ཚེས་སུམ་ཅུའི་སྔ་དྲོ་བཤད་གྲྭའི་སློབ་ཕྲུག་ཟུར་པ་དགེ་སློང་ཀརྨས་རོགས་པ་བྱས་རྐྱེན་རུམ་བཏེག་བཤད་གྲྭའི་ལས་ཀའི་ལག་ཁྱེར་ཐོག་ཐོངས་མཆན་ཞུས་པ་ཐོབ་སྟེ་ཕྱི་དྲོ་གླ་འཁོར་ནང་ཐེག །འབྲུག་ནི་ཧི་མ་ལ་ཡའི་ལྷོ་ཕྱོགས་རི་སུལ་དུ་གནས་སྟབས་ལ་ཐུར་སྤེལ་མ་བརྒྱུད་ནས་སོང༌། ཡུལ་སྲོལ་གོམས་གཤིས་དང་ཆས་གོས་སོགས་རྒྱ་བལ་དག་དང་གཏན་ནས་མི་འདྲ་བས་ས་མཚམས་བརྒལ་མ་ཐག་རྒྱལ་ཁབ་གཞན་ཞིག་ཏུ་སླེབ་སོང་སྙམ་པའི་ཚོར་སྣང་རང་ཤུགས་འབྱུང༌། ཤིང་ནགས་དང་སྤང་ལྗོངས། བྱ་བྱིའུ་དང་རི་དྭགས། རི་ཆུའི་བཀོད་པ་གང་ནས་བལྟས་ཀྱང་ཡིད་འཕྲོག་པ་རང་འདུག །དགོང་མོ་དགེ་སློང་ཀརྨའི་སྲིང་མོ་དབང་མོའི་ནང་སྤ་གྲོའི་གནམ་གྲུ་འབབ་ཐང་ཉེ་འཁྲིས་སུ་འདུག་པར་འབྱོར། ས་ཆ་དེའི་རི་སྟོད་རྣམས་ནགས་ཚལ་དང༌། རི་སྨད་རྣམས་སྤང་ལྗོངས། རི་འདབས་རྣམས་སུ་འབྲས་དམར་པོ་དང་ཀུ་ཤུ་ཁམ་བུ་སོགས་སྐྱེས་པ། སྐྱེར་ཆུ་སྔོན་མོ་དལ་གྱིས་འབབས་པའི་གཡས་གཡོན་ནས་ཆུ་ཕྲན་རྣམས་ལྷུང་ལྷུང་གིས་གཞོལ་བ། ཁང་བརྩེགས་མཆོད་རྟེན་དང་འདྲ་སེ་བའི་ཁང་པ་དཀར་ཐོ་རེ་བ་ཡོད་པ། དེང་དུས་ཀྱི་འཕྲུལ་ཆས་གནམ་གྲུ་དང་རླངས་འཁོར་སོགས་འུར་དིར་རེ་རྒྱུག་པ་ཞིག་འདུག །ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན། འབྲུག་རྒྱལ་ཡོངས་དགེ་འོས་སློབ་གྲྭའི་དགེ་རྒན། དབང་མོའི་ཁྱོ་ག་ཀརྨ་དངོས་གྲུབ་ཀྱིས་རོགས་པ་བྱས་ཏེ་ཐོག་མར་སྤ་གྲོ་སྟག་ཚང་མཇལ་དུ་སོང༌། སྒྲུབ་གནས་དེ་ནི་སྐྱེར་ཆུའི་གཡོན་ལོགས་རི་བོའི་རྩེ་ལྐོག་བྲག་གཡང་གཟར་བ་ཞིག་ཏུ་འདུག་པས་རི་འདབས་ནས་རླངས་འཁོར་ལས་བབས་ཏེ་རྐང་ཐང་གིས་འཛེགས། སློབ་དཔོན་པདྨས་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ཏེ་བདུད་དང་དམ་སྲི་བཏུལ་ཞིང་སྡེ་བརྒྱད་དྲེགས་ཅན་རྣམས་ཀྱི་སྲོག་སྙིང་བཞེས་ཏེ་དམ་ལ་བཞག་སའི་སྒྲུབ་ཕུག་གཡས་ལོགས་ཀྱི་འཕྲེད་ལམ་དེ་སྔ་མོ་ཆེས་འཇིགས་ཤིང་སྐྱི་གཡའ་བ་ཞིག་ཡོད་ངེས་འདུག་མོད། དེང་སང་ཡག་ཐག་ཆོད་བཟོས་ནས་རྒས་འཁོགས་ཀྱང་བགྲོད་ཐུབ་སྟབས། ནུབ་ཕྱོགས་ནས་འོང་བའི་མགོ་དམར་དང༌། ཤར་ཕྱོགས་ནས་འོང་བའི་མགོ་ནག་སྟེ་མི་རིགས་དུ་མ་ཞིག་ཐང་ཆད་ཆད་ཀྱིས་འགྲོ་ཡིན་གདའ། སྒྲུབ་གནས་འདིའི་ཁང་པ་ཕལ་ཆེ་བ་ལོ་ཤས་སྔོན་མེ་ལྷའི་མཆོད་རྫས་སུ་གྱུར་ནའང་འབྲུག་གཞུང་གིས་ཕྱི་ནང་གཉི་ག་ལེགས་གྲུབ་ཟིན་ཏེ་ད་ལྟར་ནི་ངོ་མཚར་གྱི་བཀོད་པ་རང་རེད། སྟོན་པ་ཐུགས་རྗེ་ཅན་དང༌། ཚེ་དཔག་མེད་དང༌། གུ་རུའི་རྣམ་འཕྲུལ་སོགས་ཀྱི་སྐུ་བརྙན་དག་མཇལ། ལྷག་པར་གུ་རུའི་སྒྲུབ་ཕུག་དབྱིབས་གྲུ་གསུམ་དང་ཆེ་ཆུང་འཚམ་པོ་དེར་འཛུལ་འདོད་ཧ་ཅང་ཆེ་བས་ཨུ་ཚུགས་དྲག་པོས་ལན་མང་ཞུས་ནའང་དཀོར་གཉེར་སྐྱ་མ་སེར་དེས་ལོ་རེ་ཐེངས་རེ་མ་གཏོགས་སྒོ་ཕྱེ་སྲོལ་ཡོད་པ་མ་རེད་ཟེར་ནས་ནང་དུ་མ་བཏང་ནའང་སྒོ་གླེགས་སྟག་ལྤགས་དབྱིབས་ཅན་དེའི་བར་སྟོང་ནས་མོས་གུས་ཆེན་པོས་ཡུན་རིང་མཇལ་ཏེ། དུས་རྒྱུན་ཁོ་བོའི་སེམས་རྒྱུད་ན་ཡོད་པའི་སྨོན་ལམ། སེམས་ཅན་མཐའ་དག་རང་ཉིད་གཅིག་པུས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཐུབ་པ་དང༌། སྐྱེ་དང་ཚེ་རབས་ཀུན་ཏུ་བསྟན་དང་འགྲོ་བའི་དོན་ལས་རང་དོན་ཡིད་བྱེད་ཀྱི་བློ་སྐད་ཅིག་ཙམ་ཡང་མི་འབྱུང་བ་དང༌། བསྟན་འགྲོའི་བདེ་དོན་གང་ཞིག་ཡིན་ནའང་གེགས་མེད་ལྷུན་འགྲུབ་ཡོང་བ་དག་གི་ཐོག །ཕ་མ་གཉིས་སོགས་སྙིང་ཉེ་འགའ་ཡང་འདི་བཞིན་བྱང་ཆུབ་བར་དུ་གྱུར་ཏེ་ཕན་ཚུན་བྱང་ཆུབ་སྤྱོད་པའི་གྲོགས་སུ་འགྱུར་བ་བསྣན་པ་རྣམས་ནི་ཐེངས་འདིའི་གནས་བསྐོར་ཀུན་ལ་བྱས་ཤིང༌། འོག་ཏུ་འབྱུང་བ་དག་ནི་གནས་སོ་སོ་དང་འབྲེལ་བའི་སྨོན་ལམ་དམིགས་བསལ་ཁག་ཡིན། མཐུ་སྟོབས་དྲགས་པོས་ལྷ་འདྲེ་འདུག་པ་ཅན་རྣམས་བཀའ་བསྒོ་དམ་བཞག་གིས་བྱང་ཆུབ་ལམ་དུ་བཀོད་པ་ལ་ཕྲིན་ལས་འགྲན་ཟླ་བྲལ་བ་དང༌། སྔར་རྒྱལ་ཚབ་རིན་པོ་ཆེས་ཞལ་བསྒོས་གནང་བ་དཔལ་རྒྱལ་དབང་ཀརྨ་པའི་ཞབས་པད་གདན་ས་རུམ་བཏེག་ཏུ་བར་ཆད་མེད་པར་མགྱོགས་མྱུར་འཁོད་དེ་ཕྲིན་ལས་མཁའ་ཁྱབ་གདལ་བའི་སྨོན་ལམ་དག་དད་འདུན་རྩེ་གཅིག་པས་བགྱིས་པ་ན་འདིར་སྣང་ཐམས་ཅད་ནུབ་བམ་སྙམ་པའི་ཚོར་སྣང་བྱུང༌། རི་འདབས་སུ་ཡོད་པའི་རླངས་འཁོར་ནང་ཞུགས་ནས་སྔར་འབྲུག་བོད་འཁྲུགས་པ་ན་བཞེངས་ཏེ་ལོ་རབས་ལྔ་བཅུ་པའི་ནང་མེས་ཚིག་པའི་འབྲུག་རྒྱལ་རྫོང་གི་ཞིག་རལ་སྐྱེར་ཆུའི་གཡས་ངོས་སུ་འདུག་པ་དེ་ལ་བལྟས། ཕྱོགས་བཞིར་དམག་གི་གབ་ར་དང༌། དེ་དག་ཏུ་རྒྱུ་སའི་ས་ཞབས་ལམ། ཕྱིའི་ལྕགས་རི། ནང་གི་མཁར་རྫོང༌། བཟོ་དབྱིབས་ཀྱི་བཀོད་པ། ག་རེ་ཡིན་ནའང་ཆེས་ལེགས་པ་ཡོད་ཚོད་འདུག །དེ་ནས་མར་ཡོང་བའི་རི་འདབས་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་གྲས་སུ་བཞེངས་པར་གྲགས་ཤིང༌། ཁང་པའི་བཟོ་བཀོད་ལྷ་སའི་ལྷ་ཁང་རྙིང་པ་རྣམས་དང་འདྲ་སེ་བ་ལ། ཕྱི་ལོགས་ཁོར་ཡུག་ཏུ་མ་ནིའི་ལག་འཁོར་དང༌། ནང་དུ་ཇོ་བོ་ཤཱཀྱ་མུ་ནེར་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་ཡོད་པའི་སྐྱེར་ཆུའི་ལྷ་ཁང་མཇལ། ཚེ་རབས་ཀུན་ཏུ་དུས་ངན་མཐའ་འཁོབ་རྣམས་སུ་རྒྱལ་བསྟན་ཁྱབ་སྤེལ་བྱེད་པ་ལ་ནུས་མཐུ་ཐོགས་པ་མེད་པའི་སྨོན་འདུན་རྩེ་གཅིག་ཏུ་བྱས། སྒོའི་གཡོན་ལོགས་སུ་འབྲུག་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་གྱིས་དུས་ཕྱིས་བཞེངས་པའི་གུ་རུ་སྣང་སྲིད་ཟིལ་གནོན་ལྷ་ཁང་ནང་སྒྲུབ་ཆེན་ཚོགས་ནས་མཇལ་སྟབས་བདེ་བོ་རང་མི་འདུག་པས་མ་སོང༌། ལོ་ན་མཐོན་པོར་སོན་པའི་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་དེར་ཕེབས་པ་མིག་གིས་རྒྱལ་མོ་ཞིག་མངོན་སུམ་མཐོང་བ་ཐེངས་དང་པོ་ཡིན། ཕྱི་ཚེས་གཉིས་ཀྱི་སྔ་དྲོ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྟག་ཚང་སེངྒེ་ཕུག་གི་རི་བརྒྱུད་དུག་སྦྲུལ་ནག་པོ་ཐུར་དུ་རྒྱུག་པས་སྤ་གྲོའི་ལུང་པ་གཞུང་གཤགས་བྱེད་པ་འདྲ་བའི་སྣ་ལ་ས་བདག་ཁ་གནོན་དུ་བཞེངས་པའི་གདུང་བརྩེགས་མཆོད་རྟེན་མཇལ། ཁང་པ་སུམ་ཐོག་ཅན་གྱི་ནང་དབུས་ནས་སྲོག་ཤིང་ལྟ་བུའི་རྩིག་པ་ཧྲིལ་པོ་ཤར་རྒྱག་བསླང་བའི་ཐོག་སོ་རེའི་ཕྱོགས་རེར་མཆོད་རྟེན་བུམ་སྒོ་འདྲ་བའི་ཁུང་བུར། སྟོན་པ། ཐང་རྒྱལ། མི་ལ་སོགས་ཀྱི་སྐུ་བརྙན་ཡོད་པ་ཞིག་འདུག །འབྱུང་བཞིར་རང་དབང་ཐོབ་སྟེ་ཚེ་ཐག་རིང་ལ་གྲུབ་པའི་སྤྱོད་པ་ཕྱོགས་མེད་དུ་སྟོན་ནུས་པའི་སྨོན་འདུན་བྱས། སྤ་གྲོར་སྡོད་ཚེ་ཀརྨ་དངོས་གྲུབ་ནང་མིས་གུས་བཀུར་ཆེ་ཐང་བྱས་ཤིང་མ་འོངས་པར་ཡང་ཤར་ཕེབས་ཡོང་བའི་རེ་སྐུལ་ནན་མོ་བྱེད་ཀྱི་འདུག་པས་རང་ཡང་སེམས་འཕྲེང་སེ་བྱུང༌། གླ་འཁོར་ནང་ཞུགས་ཏེ་སྐྱེར་ཆུ་དང་ཝང་ཆུའི་གཞུང་རྒྱུད་འགྲིམ་གྱིན་ཡོང་བའི་ལམ་འགག་ནས་འབྲུག་རྒྱལ་པོ་དང་བཙུན་མོ་འཁོར་ཉུང་ངུ་རེས་བསྐོར་ནས་སྔ་རྗེས་སུ་ཕེབས་པ་མཐོང་བ་ནི་ལུས་རྟེན་འདིར་རྒྱལ་བཙུན་མཐོང་བ་དང་པོ་ཡིན། ཕྱི་དྲོ་འབྲུག་གི་རྒྱལ་ས་ཐིམ་ཕུར་འབྱོར། སྡོད་གནས་རྒྱལ་ཚབ་རིན་པོ་ཆེའི་བླ་སྨན་རིག་འཛིན་སར་བྱས། ཁོང་སྔོན་མ་ནས་འགྲོགས་འདྲིས་ཆེ་བས་རང་ཁྱིམ་དུ་སླེབ་པ་འདྲ་བའི་ཚོར་སྣང་བྱུང་ལ་ཁོང་ནས་ཀྱང་བརྩི་བཀུར་བླ་ལྷག་གནང༌། ས་འདིའི་ཆགས་དབྱིབས་ཕལ་ཆེར་སྤ་གྲོ་དང་འདྲ་ཞིང་ཅུང་གུ་དོག་ལ་ས་ཁད་མཐོ་བ་ཡོད། གྲོང་སྡེ་ཝང་ཆུའི་འགྲམ་ངོགས་གཡས་གཡོན་དུ་ཆགས་ཤིང་རྒྱ་བལ་གྱི་གྲོང་ཁྱེར་ཁག་དང་སྡུར་ན་ཧ་ཅང་རྒྱ་ཁྱོན་ཆུང་ལ། མི་གྲངས་དང་འཕྲུལ་ཆས་ཉུང་བ། ཁོར་ཡུག་དང་མཁའ་དབུགས་གཙང་བ། མགྲོན་ཁང་དང་ཟ་ཁང་རིན་གོང་ཆེ་བ། རྒྱུ་ཆས་དེང་དུས་དང་བཟོ་དབྱིབས་སྔོན་སྲོལ་ལྟར་བྱས་པའི་ཁང་པ་ཐོག་རྩེག་ཅན་རྣམས་ཡོ་རེ་ལང་བ། ཕོ་མོ་རྒས་གཞོན་རྣམས་ལས་ཀའི་ཆེད་དུ་བྲེལ་འཚུབ་སེ་རྒྱུག་པ། བུད་མེད་མང་ཆེ་བས་སྒེག་ཉམས་དང་བཅས་ཏེ་རླངས་འཁོར་ཤར་གྱིས་གཏོང་བ། བསྟན་སྒོར་ཞུགས་པའི་གྲྭ་བཙུན་རྣམས་དམར་ཐ་རེ་འགྲོ་འོང་བྱེད་པ་ཞིག་འདུག །གྲོང་འདིའི་ལྟག་ལོགས་མུ་ཏིག་ཐང་དུ་བཙུན་མོ་སོ་སོའི་སྡོད་ཁང་གསར་པ་རྣམས་དང༌། དེའི་ཡར་ནང་གི་ནགས་ཁྲོད་བསམ་གཏན་གླིང་ན་རྒྱལ་པོའི་བཞུགས་གནས་ཕོ་བྲང་རྙིང་པ། རྒྱལ་པོ་ལ་བཙུན་མོ་བཞི། སྲས་པོ་ལྔ། སྲས་མོ་ལྔ་སྟེ་བཟའ་མི་བཅོ་ལྔ་ཡོད་སྐད་ཐོས། སྨན་པའི་ཕེབས་འཁོར་གྱིས་རྒྱལ་པོའི་བཞུགས་གནས་ཡར་ལོགས་ནགས་འདབས་སུ་ཡོད་པའི་བདེ་ཆེན་ཕུར་ཁྲིད། འདི་ཉིད་ལོ་རྒྱུས་རྣམས་སུ་སྔོན་མ་སྒྲུབ་སྡེ་ཡིན་པར་བཤད་ནའང་དེང་སང་བཤད་གྲྭ་ཆུང་ངུ་ཞིག་ལས་མི་འདུག །འཇམ་དབྱངས་ཀུན་དགའ་སེངྒེ་གནས་འདིར་ཕེབས་སྐབས་དགེ་བསྙེན་ཇག་པ་མེ་ལེན་གྱིས་རང་གཟུགས་དངོས་སུ་བསྟན་ནས་བསུ་བ་མཛད་མཐར་ཐིམ་པར་གྲགས་པའི་ཕ་ཝོང་དམར་རྩི་གསོལ་བ་བཙན་མཁར་གྲུ་བཞི་ཆུང་ངུའི་ནང་བཙུད་པ་དེ་དང༌། ལྷ་ཁང་ཡང་ཐོག་གི་ཇག་མེའི་མགོན་ཁང་ནང་ལོགས་སུ་ཁྲབ་རྨོག་གྲི་མདུང་སོགས་མཚོན་ཆ་གསར་རྙིང་བཏགས་པ། ཇག་མེ་འཁོར་བཅས་ཀྱི་སྐུ་གསོབ་གསོན་ཉམས་དོད་པ་རྒྱུག་ལ་ཁད་པ་རྣམས་ལང་བ། དྲག་པོའི་མཆོད་རྫས་སྣ་ཚོགས་བརྒྱན་བཀོད་བྱས་པས་འཇིགས་ཡེ་རེ་བ་འདུག་པ་དག་མཇལ་ཏེ། རང་དོན་བྱེད་ཚེ་སྡོང་གྲོགས་དགོས་པ་མེད་མོད། བསྟན་འགྲོའི་དོན་སྒྲུབ་སྐབས་སུ་སྡོང་གྲོགས་གཡེལ་མེད་དགོས་པའི་འཕྲིན་བཅོལ་ཤུགས་དྲག་བྱ་འདོད་ཡོད་ནའང་དམིགས་པ་གསལ་པོ་རང་མ་བྱུང༌། སྨན་པས་ཁྱོད་ཀྱི་ཞབས་ཕྱིར་ཁོ་བོས་སྒེར་འཁོར་ཁྲིད་དེ་བུམ་ཐང་དུ་འགྲོ་འཆར་ཡིན་ནའང་ཆུང་མ་ཚོང་དོན་ཆེད་ཕྱི་རྒྱལ་དུ་སོང་ནས་བུ་མོ་གཉིས་པོར་བལྟ་མཁན་མི་འདུག་པས་གང་དྲག་ཟེར་བར། ངེད་གཉིས་སྤྱི་སྤྱོད་རླངས་འཁོར་ནང་སོང་ན་འགྲོ་སོང་ཆུང་ལ་སེམས་འཁྲལ་མེད་པ་སོགས་བཟང་ཆ་གང་མང་ཡོད་པ་རེད་ལབ་སྟེ་ཕྱི་ཚེས་གསུམ་གྱི་ཞོགས་པ་ཐེག །ཤིང་སྣ་འདྲ་མིན་གྱི་ནགས་ཚལ་སྟུག་པོས་རི་ལུང་ཁྱབ་པ། མཐོ་བའི་རི་རྩེ་རྣམས་སུ་ན་བུན་གྱི་དུམ་བུ་ལང་ལིང་དུ་བསྐྱོད་པ། ཆུ་ཆེན་དང་ཆུ་ཕྲན་རྣམས་འཁྱོག་འགྲོས་ཀྱིས་རྒྱུ་བ། འབྲུ་རིགས་དང་ཤིང་ཐོག་སྣ་ཚོགས་གང་སར་སྐྱེས་པ། གྲོང་ཚོ་ཆེ་ཆུང་གི་ཁང་པ་རྣམས་ངང་ཐ་རེ་ཡོད་པའི་རི་ལུང་དུ་མ་ཞིག་བརྒལ་མཐར། འཇང་པ་བླ་མའི་སྲས་མོ་འཇམ་དབྱངས་ལགས་ཀྱི་མགྲོན་ཁང་གསར་པ་བུམ་ཐང་རྒྱལ་མཁར་དུ་འདུག་པར་འབྱོར། སྣ་ལེན་ཆེས་བཟང་བ་གནང༌། ཡུལ་འདིའི་ས་ཁད་མཐོ་སེ་བ་ཡོད་པས་དགུན་ཚེ་ཁ་བ་ཡང་འབབས་ཤིང༌། སྔ་མོ་འབྲས་སོགས་མི་སྐྱེ་ནའང་དེང་སང་ས་གོ་ལའི་ཚ་ཚད་ཆེ་རུ་སོང་བ་དང༌། འབྲུག་སོ་ནམ་ཞིང་ལས་ཀྱི་བྱ་ཐབས་ལ་བརྟེན་ནས་འགའ་ཤས་སྐྱེས་པ། རི་སྟོད་རྣམས་སྒྲོན་ཤིང་ནགས་ཀླུང་གིས་བཟུང་བ། རི་སྨད་རྣམས་རྩྭ་གྲུང་འཇམ་པོས་ཁེབས་པ། སྐྱ་ག་སོགས་ས་མཐོའི་བྱ་རིགས་རྣམས་འཕུར་ལྡིང་རྩེ་བ། ལྕམ་མཁར་ཆུ་བོ་དལ་གྱིས་འབབ་པའི་ནང་དུ་ཆུ་གནས་རྣམས་འཁྱུག་རྩལ་ངོམ་པ། ཁམས་དྭངས་ལ་རིག་པ་གསལ་བ་ཞིག་འདུག །ཕྱི་ཚེས་བཞི་ཉིན་མགྲོན་ཁང་གཡོག་པོ་ཤེས་རབ་ཀྱིས་རོགས་པ་བྱས་ཏེ། ཐོག་མར་ལྕམ་མཁར་གྲོང་ཚོའི་ཡར་ཙམ་ཡོད་པའི་བྱམས་པ་ལྷ་ཁང་མཇལ། བཟོ་ཁྱད་ལྷ་སའི་ལྷ་ཁང་རྙིང་པ་རྣམས་དང་ཕལ་ཆེར་འདྲ་ཞིང་སྲོང་བཙན་སྒམ་པོས་བཞེངས་ནས་ཉམས་ཆག་མ་སོང་བས་རྡོའི་སྒོ་ཐེམ་སོགས་ཀྱང་རྙིང་ཟད་དུ་སོང་བ། མཐའ་འཁོར་གྱི་ཁང་པས་བར་ཁྱམས་ཆུང་ངུ་དོད་པ། བྱམས་པ་ཉེ་སྲས་དང་བཅས་པའི་སྐུ་དག་བཟོ་ཚུགས་ཤིན་ཏུ་ལེགས་པས་ད་ལྟ་རང་གསུང་བྱོན་ནའང་ཅི་ཤེས་སྙམ་པ་ཁོ་ན་འདུག །གཅུང་པོས་སྐུ་བརྙན་གཞན་པར་བེམ་པོའི་འཛིན་པ་ལས་མེད་མོད། འདིའི་བྱམས་སྐུར་གང་ཟག་ལྟ་བུའི་ཉམས་སྣང་བྱུང་བས་ཅུང་ཟད་སྒུག་ན་གསུང་ཞིག་འབྱོན་པ་སྲིད་ནའང་ད་འགྲོ་ཟེར་བའི་ཚིག་དེས་བར་ཆད་བྱས་ཟེར་བ་ལ་བལྟས་ན་བྱིན་རློབ་ཀྱི་ཚན་ཁ་མ་ཡལ་བར་ཡོད་པར་གྲགས་པའང་བདེན་ནམ་སྙམ། གཞན་ལ་གནོད་པ་མེད་པར་སྤྲུལ་པའི་དམག་དཔུང་ཆེན་པོས་མཐའ་དག་ཟིལ་གྱིས་མནན་ཏེ་ཀུན་ཀྱང་བྱམས་པར་འགོད་ནུས་ཀྱི་སྨོན་འདུན་ཤུགས་དྲག་བྱས། གནས་འདིའི་ཡར་ལོགས་རྡོ་རྗེ་བརྩེགས་པའི་བྲག་ངོས་ན་སློབ་དཔོན་པདྨའི་སྐུ་རྗེས་ཐང་གའི་འོད་ཀོར་ལྟ་བུ་ཆུང་ཙམ་ཡོད་པ་ལ་གཞི་བཅོལ་ཏེ་བཞེངས་ཤིང༌། སྟོན་པ་དང་གུ་རུའི་རྣམ་འཕྲུལ་སོགས་ཀྱི་སྐུ་བརྙན་བཟོ་བཀོད་ལེགས་པས་ཁྲ་སྤུངས་སེ་ཁེངས་པའི་སྐུ་རྗེས་ལྷ་ཁང་དང༌། ཙནྡ་གྱི་ཕྱག་འཁར་བྲག་ལ་བཙུགས་ཏེ་ལོ་འདབ་རྒྱས་པར་གྲགས་པའི་ཤུག་སྡོང་ལྟག་ཟུར་ན་འདུག་པ་དག་མཇལ། སྐྱེ་བ་ཀུན་ཏུ་རྫུ་འཕྲུལ་དང་ནུས་མཐུ་ལ་མངའ་དབང་འབྱོར་ཏེ་སྙིགས་དུས་སེམས་ཅན་རྣམས་ཀྱི་མགོན་དཔུང་གཅིག་པུར་འགྱུར་བའི་སྨོན་འདུན་ནན་ཏན་བགྱིས་ཤིང༌། ནད་གདོན་སྡིག་སྒྲིབ་རྣམས་ལྷག་མེད་འདག་པའི་རེ་བས་རི་གདོང་རྒྱབ་ཀྱི་གུ་རུའི་སྒྲུབ་ཆུས་ཡན་ལག་ལྔ་ཁྲུས་ཀྱང་བྱས། པདྨ་གླིང་པའི་གཏེར་གནས་མེ་འབར་མཚོ་རུ་སོང༌། མཚོ་ཞེས་གྲགས་པ་ཙམ་ལས་དོན་དུ་ནགས་ཚལ་གྱི་ཁུ་བ་མང་པོས་ཆུ་མདོག་ཁམ་ནག་ཏུ་བསྒྱུར་ཅིང༌། འབབ་སའི་གྲོག་རོང་རྩུབ་པས་རྔམ་བརྗིད་འུར་སྒྲ་ཆེ་བ། རྦ་རླབས་ནམ་མཁར་འཕྱོ་བའི་ཟེགས་མ་གང་སར་འཐོར་བ། གཡས་གཡོན་གྱི་སྐྱེ་དངོས་རྣམས་ལ་འཆི་གསོའི་བདུད་རྩིར་གྱུར་པ། ཐུར་གསེག་མགྱོགས་མྱུར་རྒྱུ་བའི་སྟང་ཆུ་བྲག་བར་ལ་བརྡབས་པའི་བྲག་རོང་ཆུ་འཐབ་རང་རེད། ནམ་དགོས་དུས་སུ་ཆོས་ནོར་རྫས་ཀྱི་གཏེར་ཁ་འདོད་དགུར་བླངས་ཏེ་སྐྱེ་བོའི་རེ་འདོད་ཡིད་བཞིན་སྐོང་བའི་སྨོན་འདུན་གང་ནུས་བྱས། སྲས་མོས་ང་རང་ཞབས་ཕྱིར་བཅར་ཏེ་རམ་འདེགས་བྱ་དགོས་ཡོད་ནའང༌། ཕྱིའི་སྐུ་མགྲོན་ཡོང་གདོང་གི་དུས་སྐབས་ཁེལ་ནས་བསམ་པ་བཞིན་མ་བྱུང་ལ། རླངས་འཁོར་ཆེ་ཆུང་ཁ་ཤས་ཡོད་པ་རྣམས་མགྲོན་ཁང་ཆེད་བཙོངས་ཏེ་ཐིམ་ཕུར་སྐྱེལ་བྱེད་ཀྱང་མི་འདུག་ཟེར་བར། ཟས་གོས་འདུག་མལ་གྱི་ཆ་རྐྱེན་ཆེས་ཕུན་ཚོགས་གནང་ཐོག་གར་སོང་རོགས་པ་བཏང་བ་དེས་ག་དུས་དྲིན་གཟོ་ཐུབ་ན་སྙམ་པ་བྱུང་ཞིང༌། སྤྱི་སྤྱོད་རླངས་འཁོར་ལས་ལྷག་པའི་འགྲོ་བྱེད་དགོས་པ་མི་འདུག་ལབ་སྟེ་ཕྱི་ཚེས་ལྔའི་ཞོགས་པ་ཐེག །དགོང་མོ་ཐིམ་ཕུར་སྨན་པ་རིག་འཛིན་སར་འབྱོར། ཁོང་གི་བུ་མོ་ཆེ་བ་བསོད་ནམས་འཚོ་སྐྱིད་ཐེ་ཝན་གློག་བརྙན་འཁྲབ་མཁན་ཧྲུའུ་ཆིས་དང་ནོར་ཉེན་ཡོད་ཅིང༌། ལོ་ན་བཅུ་གཅིག་ལས་སོན་མེད་ནའང་སྐབས་རེ་བུད་མེད་དར་མ་ལྟ་བུའི་རྣམ་འགྱུར་ཡང་སྟོན། བུ་མོ་ཆུང་བ་མཁའ་འགྲོ་མཚོ་རྒྱལ་ཀོ་རི་ཡའི་མི་རིགས་དང་གཅིག་པ་ལ་རིག་པ་གྲུང་ཞིང་བློ་ཁོག་ཆེ། གཉི་གའི་གཟུགས་བྱད་ཀྱི་ཆ་ཤས་དང་ཁ་དོག་མཛེས་པས་ཀུན་གྱི་ཡིད་དུ་འོང༌། ཕན་ཚུན་འགྲན་སྡུར་ལྟ་བུར་གཅིག་སྟངས་གཅིག་གིས་བྱས་ཏེ་སྤྱོད་པ་འཚུབ་སེ་བ་བྱེད། ཨ་ཕའི་དགའ་འདྲིས་ཀྱི་རྐྱེན་ལས་བུ་མོ་གཉིས་པོར་ཕ་མ་གཅིག་པའི་མིང་སྲིང་ལྟ་བུའི་བརྩེ་བས་གཅེས་སྐྱོང་བྱ་འདོད་ཆེ་ནའང་སྟོད་གོས་སྨད་གོས་ཆ་རེ་ཉོས་པ་ཙམ་ལས་གཞན་པའི་རོགས་རམ་མ་ཐུབ། ཕྱི་ཚེས་དྲུག་ཉིན་ར་ལུང་ནས་ཕེབས་པའི་ཕ་ཇོ་འབྲུག་སྒོམ་ཞིག་པོ་དང༌། ས་འདིར་འཁྲུངས་པའི་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་ལྷན་བཞུགས་གནང་བའི་གདུང་སྲས་ཉི་མས་ཅང་སྟོད་སྒང་ཁར་བཞེངས་པའི་འཕགས་པ་རང་བྱུང་གི་གཞལ་མེད་ཁང་མཇལ། སྤྱན་རས་གཟིགས་དང༌། འཇམ་དབྱངས། རྟ་མགྲིན་སོགས་ཀྱི་སྐུ་བརྙན་རྙིང་ཉམས་དོད་ལ་བྱིན་རློབ་ཆེ་མདོག་ཁ་བོ་རང་འདུག །ལུས་སེམས་དགེ་བའི་ནུས་པ་རྫོགས་ཏེ་ཁོ་བོ་མཐོང་ཐོས་བྱུང་བ་ཀུན་ལ་སྙིང་རྗེའི་སེམས་པ་རང་ཤུགས་སྐྱེ་བའི་སྨོན་འདུན་བྱས། སྨན་པས་གནས་ཚུལ་ག་རེ་ཡིན་ནའང་ཤེས་ན་ལེགས་ཕྱིར་དོ་དགོང་གློག་བརྙན་ཁང་དུ་འགྲོ་ན་ཟེར་བ་བཞིན། གཡུས་ཁར་འགྱོ་དགེ་ཞེས་པའི་གློག་བརྙན། ཁྱད་ལས་ཀྱི་ཤེས་ཡོན་མེད་པ་རྣམས་གྲོང་ཁྱེར་ལ་ཧར་རྒྱུག་བྱེད་པ་ལས་རང་ཡུལ་གྱི་ཐོན་སྐྱེད་སྒྲུབ་ན་བཟང་བའི་བརྗོད་བྱ་ཅན་དེར་བལྟས། ཕྱི་ཚེས་བདུན་ཉིན་གླ་འཁོར་གྱིས་ཕུན་ཚོགས་གླིང་དུ་བསླེབས་ནས་བསྡད། འབྲུག་པ་མ་རབས་ཀྱང་ཡོད་ཅིང༌། རྒྱ་བལ་ཡ་རབས་ཀྱང་ཡོད་མོད། ནང་ཆོས་ཀྱི་གོམས་འདྲིས་ཡོད་མེད་ལྟ་བུས་སེམས་ལ་སྔངས་སྐྲག་འབྱུང་མིན་གྱི་ཁྱད་པར་ཆེན་པོ་འདུག །འབྲུག་ཏུ་ཤ་དང་སི་པན་མེད་པའི་ཟ་མ་ཕལ་ཆེར་མེད་པར་གྲགས་ནའང༌། ཟ་ཁང་ཆེ་གྲས་ཁོ་ནར་ཟོས་པས་རོ་བཅུད་བཟང་ལ་གཟུགས་པོར་འཕྲོད་པ་འབའ་ཞིག་ཐོབ་སྟེ་དཀའ་ངལ་གང་ཡང་མ་བྱུང་ཞིང༌། ཕྱི་ལོགས་ནས་ཡོང་བ་རྣམས་ལ་ཟས་གོས་གནས་མལ་གྱི་རིན་གོང་ཆེ་ཐག་ཆོད་དེ་ཡུལ་སྐོར་བས་སྨྲེ་ངག་ཤོར་གྱི་ཡོད་ནའང༌། ཐིམ་ཕུར་དང་པོར་བསླེབས་པ་ནས་འདིའི་བར་གྱི་འགྲོ་སོང་ཆ་ཚང་སྨན་པ་རིག་འཛིན་དང་སྲས་མོ་འཇམ་དབྱངས་ཟུང་གིས་གནང་སྟབས་ཧིན་སྒོར་སྟོང་ཕྲག་ཁ་ཤས་ལས་མ་སོང་ངོ། །སྤྱིར་འབྲུག་ནི་ས་ཆའི་རྒྱ་ཁྱོན་ཆུང་ལ་མི་གྲངས་ཉུང་བ་ཞིག་ཡིན་ནའང༌། མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཏེ་རྒྱལ་ཁབ་སྲ་བརྟན་བཟོས་ཐོག །རྒྱལ་པོའི་སྲིད་གཞུང་ལ་རྒོལ་བའི་འབྲུག་སྡོད་ནེ་པ་ལའི་མི་རིགས་རྣམས་གནས་དབྱུང་དང༌། ཨ་བསམ་ཕྱོགས་ནས་ཡོང་བའི་ཇག་ཚོགས་ཨར་པ་ཟེར་བ་རྣམས་དྲག་པོས་མཐའ་སྤྲོད་བཏང་བས་ཕྱི་མིའི་འཇུ་ཐག་ཆད་པ་དང༌། དབང་ཤུགས་རྒྱལ་པོ་གཅིག་གིས་བཟུང་སྟེ། མགོ་བདེ་དྲན་འཕྲུལ་ཅན་རྣམས་འཁྲབ་པའི་གོ་སྐབས་ཉུང་ཕྱིར་ཞི་བདེ་ལྷིང་འཇགས་གནས་པའི་ཆོས་ལྡན་རྒྱལ་ཁབ་ཡིད་སྨོན་ཤོར་བ་ཞིག་འདུག །འོན་ཏེ་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱལ་སྲས་སེང་ཁྲིར་བཀོད་དེ། སྲིད་དོན་ཚོ་ཁག་གཉིས་ལས་གྲུབ་པའི་དམངས་གཙོར་བསྒྱུར་རྒྱུའི་གཏན་འབེབས་ཟིན་པས་མ་འོངས་པ་ན་ད་ལྟའི་ནེ་པ་ལ་བཞིན་ཉེ་འཁོར་རྒྱལ་ཁབ་སོགས་ཀྱིས་ལམ་སྟོན་དང་རྒྱབ་སྐྱོར་ཡིན་ཁུལ་གྱི་གཡོ་སྒྱུས་ཕུ་དཀྲུག་མདའ་དཀྲུག་བྱས་ཏེ་རྙོག་སྒྲ་འདྲ་མིན་ཡོང་བའི་ཉེན་ཁ་ཆེན་པོ་ཡོད། གལ་ཏེ་དམངས་གཙོའི་གོམ་པ་སྤོས་ནའང་སྲིད་དོན་ཚོགས་པ་གསུམ་དུ་བྱས་ན་སྟོབས་ཤུགས་ཆུང་བ་མཉམ་སྡེབ་བྱ་བ་ལས་དཔུང་རོགས་ཕྱི་ནས་མི་འཚོལ་བའི་ཁེ་ཕན་འབྱུང་ངེས་སྙམ། ཕྱི་ཚེས་བརྒྱད་ཀྱི་སྔ་དྲོ་ཤྲི་གུ་རུར་སོང༌། ནམ་རྒྱུན་རླངས་འཁོར་མ་ཐུབ་པའི་དཀའ་ངལ་མེད་མོད། རྒྱ་གར་བ་རྣམས་ཡུལ་སྐོར་ཡོང་གདོང་དང་བལ་པོའི་ལོ་གསར་རྫོགས་པ་ཐུག་པས་འགྲོ་ས་མ་རྙེད་པར་རླངས་འཁོར་ཆུང་བ་གླས་ཏེ་འོང༌། དགོང་མོ་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་རི་འགུལ་ཚང་དུ་འབྱོར། དབང་ལུང་གདམས་ཁྲིད་དུ་མ་མཉམ་ཞུ་བྱས་ཤིང་ལྟ་སྤྱོད་གཅིག་པས་སྙིང་ཉེར་གྱུར་པའི་ཆོས་མཆེད་རི་འགུལ་སྤྲུལ་སྐུའི་ལྷན། ཆོས་ལུགས་མི་སྣ་ཁག་གི་བསམ་སྤྱོད། འཛམ་གླིང་རྒྱལ་ཁབ་རྣམས་ཀྱི་འགྱུར་འགྲོས། གོང་ས་བཅུ་བཞི་པ་ཆེན་པོའི་མཛད་ཕྲིན། བོད་པའི་གཞོན་སྐྱེས་རྣམས་ཀྱི་ཤེས་སྤྱོད་སོགས་བརྗོད་གཞི་གང་མང་གླེང་སློང་བྱེད་ཀྱིན་བསྡད་པ་ཡིན་ནོ། །
སྨྲས་པ། ལས་སྣང་འཛད་མེད་ཆུ་བོའི་རྦ་རླབས་ཀྱིས། །
ཡུལ་ཁམས་དུ་མར་རང་དགར་འཕྱན་པ་ལས། །
སྨན་ལྗོངས་འབྲུག་ཏུ་བཞུད་པའི་གཏམ་གྱི་ཚོགས། །
ཡི་གེའི་རིས་སུ་སྤེལ་བ་འདི་ཙམ་མོ། །
ཚིག་དོན་གང་ཅི་ནས་མཁས་པ་དགྱེས་པའི་སྙན་རྩོམ་མིན་ནའང༌། ཕ་མར་གནས་ཚུལ་ངོ་སྤྲོད་ཞུ་བྱེད་ཀྱི་རྗེད་ཐོར་དམིགས་ཏེ་སྐྱོ་བྲག་དགའ་དབང་གིས་སྦྱར་རོ། །
དགའ་དབང་ལགས་ཁྱེད་འབྲུག་མོ་དབང་མོ་དང་ལྷན་དུ་དགའ་སྤྲོ་གནང་ཐུབ་ཡོད་མེད་ཀྱི་སྐད་ཆ་གང་ཡང་མི་འདུག་པས། དེའི་སྐོར་རོབ་ཙམ་འབྲི་ཐུབ་ན་བཀའ་དྲིན་ཆེ་ས་རེད།
མཁན་པོ་ཁོང་ངོ་མ་འབྱོན་ཐང་ཅན་ཞིག་ཡིན།བོད་པའི་སྤྱི་ཚོགས་ནང་བོད་མོ་ཞིག་རེག་རྒྱུ་དཀའ་བར་གཟིགས་ཏེ་ཁོང་གི་མཛད་འཕྲིན་ཨ་རིར་བསྐྱངས་བ་རེད།
ཨ་རི་མ་ཚོས་ཁོང་ལ་ཆོས་མཇལ་དང་སྔགས་མཇལ་བྱེད་པའི་གོ་སྐབས་མང་པོ་བཙལ་ནའང་མི་གསུམ་པ་ཞིག་གིས་སྐད་བསྒྱུར་བྱེད་དགོས་པས་ཁོང་གི་གདུལ་བྱ་དེ་ཨ་རིའི་ཕྱོགས་སུ་མེད་པའི་ངེས་ཟིན་རྙེད་པ་རེད།
དེང་སང་འབྲས་ལྗོངས་ཕྱོགས་ཀྱི་འབྲས་མོ་དང་།འབྲུག་པའི་ཡུལ་གྱི་འབྲུག་མོ་ཚོ་དང་ལྷན་ཁོང་གིས་བཀའ་བརྒྱུད་བསྟན་པར་ཕྱག་རྗེས་འཇོག་བཞིན་པ་རེད།ས་ཆ་དང་ཁོར་ཡུག་་མི་གཤིས་ཚང་མ་ཁོང་ལ་ཧ་ཅང་འཕྲོད་སོང་བས་རྩོམ་ཡིག་འདི་ནི་ཡུལ་ཕྱོགས་དེར་ཁོང་གིས་འཕྲིན་ལས་བསྐྱངས་རྒྱུའི་རྨང་གཞི་ཞིག་རེད།
ཁོང་གི་ཕྱི་ཚུལ་ལ་སྨྱོ་ཚུལ་གྱི་མཛད་པ་མངོན་ཡོད་ནའང་།དོན་དངོས་སུ་མི་ལ་རྗེ་དང་།འབྲུག་པ་ཀུན་ལེགས།དགའ་དབང་གསུམ་གྲུང་ཐག་ཆོད་ཡོད།
མི་ལ་རས་པས་གླུ་བླངས་ནས་འགྲོ་དོན་མཛད།འབྲུག་པ་ཀུན་ལེགས་ཀྱིས་སྨྱོ་རྟགས་མཛད་དེ་འགྲོ་དོན་བསྐྱངས།དགའ་དབང་གིས་རྩོམ་འབྲི་བ་དང་།གསུང་བཤད་གནང་བ་ལ་བརྟེན་ནས་འགྲོ་དོན་བསྐྱངས།
ཕྱོགས་གཞན་ཞིག་ནས་མཁན་པོ་ཁོང་ནི་སྐད་གྲགས་ཆེ་བའི་མི་སྣ་གསུམ་པ་དེ་ཆགས་ཀྱིན་ཡོད།
དགེ་ལུགས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།
རྙིང་མའི་བླ་ཆེན་རྡོབ་རྡོབ་ཀླུ་སྨྱོན་ཧེ་རུ་ཀ།
བཀའ་བརྒྱུད་མཁན་ཆེན་སྐྱོ་བྲག་དགའ་དབང་།
ཁོང་རྣམ་པ་གསུམ་ནི་བྱ་དང་ཙི་ཙི་གང་གི་ཁོངས་སུ་གཏོགས་ཀྱང་རུང་ལ།གནམ་དུ་འཕུར་ཤིང་ས་རུ་འཛུལ་བའི་ནུས་ཤུགས་ཀྱང་ཡོད་པ་ཡིན།
འབྲུག་ལ་ཕེབས་ན་འབྲུག་མོ་རོལ་དགོས། །
གྲྭ་ཆས་ཅན་ལ་དགའ་སྣང་ཆེ་ཞིང་། །
མཁན་པོའི་མིང་ལ་དེ་བས་དགའ་ཆེ། །
གོ་སྐབས་དམ་འཛིན་གནང་རོགས་སྐུ་ཞབས། །
འབྲུག་ནི་བྱམས་སྙིང་རྗེ་དང་།བྱམས་ཆུབ་སེམས་འཁུར་གྱིས་ཁྱབ་པ་བདེན་ན་བོད་པ་ཚང་གི་སྤུན་ཟླ་མང་པོ་ཞིག་ལ་དམྱལ་བ་མི་ཡུལ་དུ་འཕོས་བ་ལྟ་བུའི་སྡུག་བསྔལ་མནར་གཅོད་སྤྲད་ཡོད།
དེའི་སྐབས་ཀྱི་འདྲེ་རྒན་དེ་ཚོ་སྡུག་ཤི་བརྒྱབ་ཚར་བ་རེད་དམ།
ཟ་འཐུང་ངན་ངོན་རེ་རེག་ཚེ་མགོ་འབུལ་ལུས་འབུལ་བྱེད་པའི་བླ་གྲྭ་རེ་ཟུང་ནི་ཐབས་སྐྱོ་བ་ལའང་།
སྐྱོ་བྲག་དགའ་དབང་གི་རྩོམ་ཡིག་འདིའི་ནང་དོན་ག་རེ་བཤད་ཀྱི་ཡོད་རེད། དངོས་གནས་ཁོང་འགན་མེད་ཞིག་རེད་ཟེར་གྱི་འདུག་བ་དངོས་གནས་ཡིན་པ་འདྲ། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་གྱི་མཁན་མིང་ཞིག་ཡོད་པ་ལ་བསམ་ན་རྩོམ་འཁྱོག་འདི་ལས་སྤུས་དག་པ་ཞིག་འབྲི་དགོས་བསམ། ཡིན་ན་ཡང་ནམ་རྩོམ་བྲིས་རུང་འབྲེལ་མེད་དང་འགན་མེད་ཁོ་ན་ལས། སྤུས་དག་པའི་རྩོམ་ཞིག་བྲིས་པ་མ་མཐོང་། སྔོན་མ་ཁོང་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐོར་ལ་རྩོམ་ཞིག་བྲིས་འདུག་པ་དེ་མཐོང་ནས་ང་ཁོང་ལ་ཞེ་འཁོན་ཡོང་གི་འདུག དགོས་པ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ཞབས་ཞུ་ཡག་པོ་མི་སྒྲུབ། མི་དགོས་པའི་སྐད་ངན་གང་མང་ཞིག་དྲ་ཐོག་ལ་འབྲི་ནས་ཅི་བསམ་གྱི་ཡོད་རེད། གོང་གི་རྩོམ་འདི་ལ་བལྟས་ན་སྐྱོ་བྲག་དགའ་དབང་ལ་དངུལ་འབད་མེད་ཡོང་གི་ཡོད་པ་འདྲ།
གྲོགས་པོ་ཁྱེད་ཀྱིས་བཤད་པ་བདེན་པ་རེད། རིན་པོ་ཆེ་ལ་དྭགས་ལ་ཕེབས་སྐབས་ཁོ་འབྲུག་ལ་འཆམ་འཆམ་དུ་ཕྱིན་ཡོད་པ་འདྲ།
ངོ་མ་བཤད་ན་འབྲུག་ན་མཇལ་ས་སྐོར་ས་མང་པོ་ཡོད། དེ་མི་འབྲུག་པ་ཀུན་ལེགས་ཀྱི་མཇེ་ལ་ཡང་མཇལ་རྒྱུ་ཡོད།
ད་དུང་མི་ཚོས་བླ་མ་དང་སྤྲུལ་སྐུ་མཁན་པོ་དང་དགེ་གཤེས་གྲྭ་པ་སོགས་ཇི་ལྟར་ཡིན་མིན་ཧ་ཡག་པོ་གོ་མེད་པ་འདྲ། ང་ཚོའི་འཚོ་བ་ལ་མཚོན་ན་ཐོག་མ་ནས་མཐའ་ལ་ཐུག་གི་བར་དུ་གོ་ལ་འདི་ཡི་ཐོག་ལ་འཚོ་རྒྱུ་ལས་གཞན་མེད། ཁོང་ཚོའི་མིང་དེའང་མིའི་རིགས་ལ་ཐོག་རྒྱུ་ལས་གཞན་མེད། ང་ཚོའི་འཚོ་བའི་ངོ་བོ་དེ་སྔ་དུས་དང་དེང་དུས་མ་འོངས་སོགས་ཐ་དད་རེད་ལ་དེ་བཞིན་ ཁོང་ཚོ་ཡི་སྤྱོད་པ་ཡང་ཐ་དད་རེད། མདོར་ན་སེར་མ་བ་རེ་ཟུང་རེད་མ་ཏོགས་སང་རྒྱས་པའི་མིང་འདོན་ནས་འཁོར་བ་ནག་པོའི་ནང་གཟིག་ལྤགས་གིས་གཡོག་པའི་བུང་བུ་དང་འདྲ།
སྨན་ལྗོངས་འབྲུག་གི་རྒྱལ་ཁབ་མ་སྨད་པར། །རེ་ཞིག་དེ་ལ་དཔེ་ལེན་ཞིག་བྱས་ནས། །རང་རེའི་གངས་ཅན་ཕ་ས་གཅིག་པུ་དེ། །བཙན་རྒྱལ་རྒྱ་དམར་འོག་ནས་ལེན་ལ་བརྩོན།
དྲྭ་རྒྱའི་མཆན་གྱི་ས་མིག་ནི། སྐད་ཡིག་གོང་འཕེལ་ཆེད་གང་འདོད་འགོད་ས་ཙམ་ཡིན་པ་མ་ཚད། མིང་ཚབ་འོག་ཡིབས་ནས་འབྲི་དགོས་ཐུག་པའི་མི་ནུས་མེད་རྣམས་ལ་ལན་འདེབས་བྱ་དགོས་དབེན་ནའང། གནས་ཚུལ་ཟེར་བས། སྔོན་མ་ཁོང་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐོར་ལ་རྩོམ་ཞིག་བྲིས་འདུག་པ་དེ་མཐོང་ནས་ང་ཁོང་ལ་ཞེ་འཁོན་ཡོང་གི་འདུག ཅེས་སྐད་ངན་ཤོར་བར་ལན་ཞིག་ཕུལ་ན་བཟང་བར་སྙམ་སྟེ། སྤོབས་པ་མཐའ་ཡས་ཀྱིས། ངས་འཇིགས་སྣང་འདི་བཟོད་ཀྱིན་མི་འདུག །ཅེས་པའི་ཁ་བྱང་འོག་བྲིས་ཏེ། ཁ་བརྡ་དྲྭ་རྒྱར། སྤྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣ བཀོད་པའི་ནང་དོན། ངས། ད་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད། ཅེས་པར་གཞན་འདོད་བསྐྱར་བའི་སྐབས་བཀོད་པ་ཙམ་ལས་གཞན་མིན་པ་གསལ་བར་ཡོད་ནའང་བློ་དམན་དག་གིས་མ་གོ་བར་སྣང་ངོ་། །མི་བདེན་སྙམ་ན། སྤོབས་པ་མཐའ་ཡས་དང་ངས་བྲིས་པའི་རྩོམ་དག །ད་དུང་ཁ་བརྡ་དྲྭ་རྒྱར་བསྡད་འདུག་པས་ལྟོས་དང་གསལ་བར་འགྱུར་རོ། །
མཁན་པོ་རྡོབ་རྡོབ་ལགས། ཁྱེད་རྐོབ་ཏོ་ཆགས་ཚར་འདུག
ང་ཚོ་ཚང་མ་ཡག་པོ་རེད་བསམ་གྱིན་འདུག་ དེའི་སྐོར་ལ་ཅུང་ཙམ་འདྲི་འདུན་ཆེ་་
ང་ལ་ལན་ཅིག་གསུང་དང་
རྩོམ་ཡིག་འདི་ངས་སྔ་མོ་ཞིག་ནས་དུས་དེབ་ཞིག་གི་ནང་མཐོང་བས་ཨུ་ཚུགས་ཀྱིས་བཀླགས་པ་ཡིན།
རྒྱུ་མཚན་ནི་ང་རང་འབྲུག་པའི་ཁ་ལག་བཟའ་རྒྱུ་དང་འབྲུག་མོ་ལ་བཞོན་རྒྱུར་དགའ་བས་རེད།
འོན་ཀྱང་རྩོམ་ཡིག་དེ་བཀླགས་ཚར་པའི་རྗེས་སུ་ང་ལ་ཐོབ་པ་ནི།
སྐྱོ་སྣང་ཞིག་དང་སུན་སྣང་ཞིག་སྐྱེས་པ་དེ་རེད།
དེའི་རྒྱུ་མཚན་ནི་རྣམ་པ་ཚོས་གོང་གི་རྩོམ་ཡིག་དེ་ཚར་གཅིག་ཀློག་དང་ཤེས་ངེས་རེད།
དེ་རིང་སླར་ཡང་ཁ་བརྡའི་དྲ་བ་འདིར་རྩོམ་ཡིག་འདི་མཐོང་བས་ང་དངོས་གནས་ངོབ་བྱུང་།
དགའ་དབང་ལགས་ཀྱིས་བཀའ་བསྟན་འདྲ་ཞིག་ཕབ་འདུག
རྒྱལ་བ་ཀར་ཚང་བས་མཁྱེན་ཁོ།།།
འབྲུག་མོའི་མོ་སྒོ་རིག་ནས།འབྲུག་ལ་བསྟོད་རྒྱུ་དྲན་འདུག།འབྲུག་ལ་བསྟོད་རྒྱུ་དྲན་ནས།རང་ལ་སྨད་རྒྱུ་དྲན་འོང་།མཐའ་མ་གཡོགས་ལ་ཤོར་དུས།རིང་རིགས་བཟང་པ་དྲན་འོང་།གནས་བསྐོར་འགྲོ་འདོད་ཡོད་ན།རྒྱ་གར་འཕགས་པའི་ཡུལ་ལ།བྱིན་ཅན་གནས་རིགས་མང་གི།གང་འགྲོ་གང་འདུག་རང་དབང་།ཨ་ལ་ཀི་རེ་ཡིན་ནོ།་མཁན་ཆེན་དགོངས་པ་མ་ཚོམས།
འབྲུག་ཏུ་གནས་བསྐོར་ལ་ཕེབས་པར་དགའ་བསུ་ཞུའོ།།