གླིང་གཟི་མིག
འཆི་བ་ཚབས་ཆེན་རེད་ལ
སྐྱེས་པ་ཚབས་ཆེན་རེད།
བརླག་ཟིན་པའི་ཚེ་སྲོག་སྙིང་རྗེ་རེད་ལ་
སྐྱེས་ཟིན་པའི་ཚེ་སྲོག་སྙིང་རྗེ་རེད།
ཉི་མ་ནུབ་སོང་བསམ་པའི་བློ་དང་
ཟླ་བ་ཤར་སོང་བསམ་པའི་བློ།
འདི་ན་ཚ་དང་ གན་ན་གྲང་།
ལ་ལ་རྒྱགས་ནས་ཤི
ལ་ལ་ལྟོགས་ནས་ཤི།
མང་ཉུང་དང་ཆེ་ཆུང་།
བཟང་ངན་དང་ཡག་བཙོག་སོགས།
བློ་ལ་གོམས་པའི་བཤད་ཚུལ་འགའ
ཉི་མ་འགྲོ་ཐབས་དང་མི་ཚེ་རྫོགས་ཚུལ་ཞིག
འདོད་པའི་བློ་ཡི་ཁ་ཕྱོགས་ཙམ་ལས
དོན་ལ་རྟོགས་པའི་གཏམ་ཞིག
སུ་དང་གང་གིས་བཤད་པར་དཀའ།
སྐད་ཅིག་ཉིད་ལ་མི་རྟག་འགྱུར་བའི་ཆོས་ཉིད།
འགྱུར་བའི་རྣམ་གྲངས་རྡུལ་གྱི་གྲངས་བཞིན་མང་བས།
སྐད་ཆ་ཉུང་ཉུང་ཞིག་གིས་བཤད་དཀའ་མོ་རེད།
ལོག་རྟོག་ཚོར་བའི་སྣང་བརྙན་རགས་མོ་ཙམ།
གང་ལ་གོམས་པའི་བརྡ་ཡིག་རི་མོར་བྲིས་ཁུལ་ཙམ།
༢༠༡༥ ༢ ༡༧ ཉིན།