རང་རྟོན།
གླུ་བ་བདུད་པེར་ཆེད་དུ་ཕུལ།
ཁ་བའི་བདེ་སྡུག་ལྷན་སྐྱེས་ངག་ལ་བརྒྱུས་པའི་དབྱངས་རྟའི་འགྱུར་ཁུགས་སྟོང་གིས་ས་ཆེན་ཁམས་འདི་གཉིད་ལས་དཀྲོགས་པའི་གཏམ་རྒྱུད་སྙན།།
ཁ་ཙམ་ཡིན་པའི་ལ་རྒྱའི་གཡུ་རལ་གསིག་བཞིན་མི་ཚེའི་ལང་ཚོ་རྫོགས་པའི་རྐང་རྗེས་རེ་རེ་འཇིག་རྟེན་ངོས་སུ་རྣམ་པར་བཀྲ།།
ཁ་སེམས་ཤར་ནུབ་མིན་པའི་ངེས་དོན་ལོ་རྒྱུས་མི་ཡུལ་ཁམས་ན་འབྲུག་བཞིན་ལྡིར་བའི་མཚན་སྙན་བ་དན་དཀར་བོ་དགུང་ན་གཡོ།།
ཁ་ཁུ་སིམ་པོའི་བོད་ཡུལ་ལུང་བ་ཁད་ཀྱིས་དཀྲོགས་པའི་སྙིང་སྟོབས་དེ་ཡང་སྒང་བ་བོད་པའི་ཤ་ཁྲག་རུས་ན་གནས་ཤིང་གསོན།།
ཁ་བའི་སྨད་ནས་རྡུང་ལེན་སྒྱུ་རྩལ་སྲོག་བཞིན་འཛིན་སྐྱོང་སྤེལ་གསུམ་གནང་བའི་བཀའ་དྲིན་བསམ་ན་ཡ་ཆུང་སེམས་སུ་མཆི་མ་ལྷུང་།།
ཁ་ཁོག་མེད་པའི་མི་གཞི་རྣལ་མའི་རིན་ཐང་གློད་དུས་རང་བཞིན་ཞིག་གིས་ཉིད་ཀྱི་བྱས་རྗེས་ཡིད་ལ་འཁོར་བཞིན་བཞུགས་ན་བསམ།།
ཁ་སྟོང་མིན་པའི་ལྷག་བསམ་དཀར་བོ་རྨ་ཆུ་སྔོན་མོའི་རླབས་དང་བསྡེབས་ནས་བོད་པའི་བུ་རབས་ཚ་རྒྱུད་རེ་རེའི་སེམས་སུ་བསྐྱལ།།
ཁ་ཉིན་གནས་ཚུལ་གོ་ཐེངས་ཤིག་གིས་གདོང་དམར་ཚང་གི་སེམས་ཁམས་དེ་རུ་ངང་ངམ་ཤུགས་ཀྱིས་སྡུག་ཞིག་ཡོད་པ་གོར་མ་ཆག།།
ཁ་མིག་སྟོང་གི་གླེང་ཚུལ་ཞིག་ལ་ཉིད་ཀྱིས་ཨ་རག་ཚད་མེད་བཞེས་པས་རྐྱེན་ངན་འདི་དག་བྱུང་བར་གྲགས་པས་མཚམས་འཇོག་རེ།།
ཁ་བའི་ཁྱད་ནོར་འབྲོང་རྒོད་དར་མའི་འགྱིང་ཉམས་མངོན་པའི་མི་བུ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྐྱེན་ངན་ཟློག་ནས་གཏན་བཞུགས་མཛོད།།
མཐོ་སྒང་ན་སྐད་ལྷང་ལྷང་གི་ཁུ་བྱུག་བཞིན་གྲགས་པའི་གླུ་བ་བདུད་བྷེ་སྐུ་ཚེ་རབ་ཏུ་བརྟན་ནས་ཁ་བ་རི་བོའི་སྙན་དུ་སླར་ཡང་མྱུར་བར་གྲགས་རྒྱུ་ཡོད་པར་སྨོན། སྒྱུ་རྩལ་གྱི་མི་རྣམ་དག་འདི་འདྲ་ལ་དད་པ་དང་དགའ་བ་སྙིང་ནས་སྐྱེས་ནས་ཡོད། དེ་མིན་བསྲེས་ལྷད་ཞུགས་པའི་ངོ་གདོང་མཐུག་པོ་ཅན་གྱི་མི་ཚོར་ཁྱོན་ནས་དགའ་བོ་མེད།
མིང་དུ་གྲགས་པའི་གླུ་བ་བདུད་བྷེའི་ནད་གཞི་མྱུར་དུ་དྭངས་ཤིང་གླུ་སྐད་སྙན་མོ་མྱུར་དུ་གོ་བའི་རེ་སྨོན་ཡོད།