འབའ་སྲས།
དགའ་བའི་དུས་སུ་འཛུམ་གྱིས་མི་འཕུར་ཞིང་།།
སྡུག་པའི་དུས་ན་ངུ་བཞིན་མི་འདུག་པ།།
དགའ་སྡུག་གང་དང་འཕྲད་ཚེ་ལྕགས་འདྲ་བ།།
སྐྱེ་བ་འདི་ཡི་ང་ཡི་རང་གཤིས་ཡིན།།
འཛུམ་དཀར་བསྟན་ན་རྗེས་སུ་མི་རྒྱུགས་ཤིང་།།
མིག་ལོག་བགྲད་ཀྱང་ཕྱི་ནུར་མི་བྱེད་པ།།
བསྟོད་སྨད་གཉིས་ལ་ཉེ་རིང་འཛིན་མི་ཤེས།།
ཆུང་ནས་བཟུང་སྟེ་ང་ཡི་རང་གཤིས་ཡིན།།
ཞྭ་མོ་ཕུད་ནས་གནམ་ལ་མི་ལྟ་ཞིང་།།
པུས་མོ་བཙུགས་ནས་བྲག་རི་མི་འཁུར་བ།།
གནམ་ས་ཡོམ་ཡོམ་འདར་བའི་བར་གསེབ་ནས།།
ལམ་ཞིག་འཚོལ་བ་ང་ཡི་རང་གཤིས་ཡིན།།
འབྱོར་བའི་དུས་སུ་ལག་པ་རིང་བ་དང་།།
ཤིན་ཏུ་ཕོངས་ཚེ་སྤར་མོ་སྡོམ་མི་བྱེད།།
མི་ཚེ་ཐག་གཅོད་འབྱོར་བར་མི་རེ་བ།།
རིག་དཔྱད་མེད་ཀྱང་ང་ཡི་རང་གཤིས་ཡིན།།
མཐུན་པའི་ཉིན་མོར་མེ་ཏོག་ཕུལ་བ་དང་།།
འགལ་བའི་དུས་སུ་ཐབ་བ་གཏོར་བ་ཡི།།
འགྲོ་ལུགས་འདི་དག་སྔར་ནས་མི་ཤེས་པས།།
རང་གཞན་གཅིག་འཛིན་ང་ཡི་རང་གཤིས་ཡིན།།
སྟག་མོ་ཁྲོས་ཏེ་མཆེ་བ་གཙིགས་པ་དང་།།
འབྲོང་རྒོད་མྱོས་པས་རྭ་རྩེ་བརྡར་བྱེད་ཀྱང་།།
མི་དང་ཟོག་ལ་ཁྱད་པར་ཡོད་པ་ཡིས།།
མི་ཡིས་མིའི་ལུགས་འཛིན་པ་ང་ཡི་གཤིས།།
བཀའ་དྲིན་ཅན་ལ་སེམས་པ་སྟེར་བ་དང་།།
བཀའ་ལོག་ཅན་ལ་མིག་ལོག་མི་བགྲད་པ།།
དེ་ཡང་ང་ཡི་རང་གཤིས་ཉིད་དུ་གྲུབ།།
རང་གཤིས་གྱོང་བོ་འདི་ལ་བཅོ་བར་དཀའ།།
ཉིན་མོའི་དུས་ཀྱི་ཉི་མའི་འོད་ཟེར་དང་།།
མཚན་གུང་ཤར་བའི་ཟླ་བའི་འོད་གསལ་ནི།།
རླུང་ངོགས་ཁྲོད་ཀྱི་ཉམ་ཆུང་མར་མེ་དང་།།
གཅིག་ཏུ་མི་འཛིན་ང་ཡི་རང་གཤིས་ཡིན།།
མཚམས་རེར་བསམས་ན་གམ་དུ་ཡོད་པ་འདྲ།།
ལན་རེར་བལྟས་ན་རྒྱང་དུ་བྲོས་པ་ཚོར།།
རྡོ་ཁོག་ཆུ་ཡིས་མི་སིམ་གནས་ལུགས་འདིར།།
ཡིད་ཆེས་བརྟན་པ་ང་ཡི་རང་གཤིས་ཡིན།།
ཁྱོད་ནི་ཚུར་ལ་ཕེབས་དང་ང་ཡང་འོང་།།
ཁྱོད་ནི་གཞན་ལ་བྲོས་ཀྱང་ང་ནི་འདུག །
ཁྱོད་དང་ང་ལ་མི་ཡི་མིང་ཞིག་ཡོད།།
མིང་འདི་མི་འདོར་ང་ཡི་རང་གཤིས་ཡིན།།
༡༠/༠༢/༡༤ ལས་ཀའི་ཞོར་དུ།
འཇིག་རྟེན་འགྲོ་ལུགས་མི་ཤེས་གཡག་རྒན་འདི།
སྣ་ལོ་མེད་པའི་སྒང་ལ་རང་གཤིས་གྱོང་།།
སྣ་ཐག་རྭ་ལ་གཟེད་ནས་རིར་རྒྱག་ལས།།
བཏུལ་ཐབས་གཞན་རེ་མེད་པར་ཡིད་རེ་སྐྱོ།
ཧ་ཧ་ཧ།
ཡ་ཡ་ཟེར་བའི་ཡ་རབ་ཁྱེད་ནི་མིན།
ལགས་ལགས་ཟེར་བའི་གུས་ཞབས་ཁྱེད་ལ་མེད།
རང་འདོད་ཚ་བོ་གཞན་ལ་གསུར་བ་ལས།།
དོན་ལ་མྱི་བཟང་མིན་པ་གྲོགས་པོས་གོ།
ཧ་ཧ་ཧ།
ཁ་བརྡ་གཤིན་ས་ཆུང་ཆུང་ནང་།
ལྡུམ་བུ་ཡུ་ཤོ་འཇག་མ་གང་།
དོན་ལྡན་མྱུ་གུར་སྐྱེས་དབང་མེད།
འབྲས་མེད་རྩི་ཏོའི་གཉའ་ནི་རེངས།
སྐྱིད་ཀྱང་སྡུག་ན་གོ་ལ་འདིར༎
སྣ་ཚོགས་བཅོས་མའི་འཛུམ་གྱིས་བསུ༎
འཇིག་རྟེན་འཚོ་བའི་ཆ་ལུགས་འདིར་༎
ངུ་མ་དགོད་ཀྱིས་གནས་སུ་ལྷག༎
གཤིས་བཟང་རེད་བཟང་གི
ཁ་སྣོན་དུ།
བཟང་ལ་བཟང་དང་ངན་ལ་ངན།
བདེན་ལ་བདེན་དང་རྫུན་ལ་རྫུན།
འདོད་ན་འདོད་དང་མ་འདོད་འདོར།།
སུ་ཡིས་ཐུབ་ན་མི་གཤིས་དངོས།