དོལ་སྨྱོན།
༡༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
དོ་དགོང་གི་བཅོ་ལྔའི་དུང་ཟླ་དཀར་མོ་བཞིན།
ང་ཡི་འཇིག་རྟེན་ལ་ཐོག་མར་འཆར་དུས།
ཁྱོད་ནི་ཅི་འདྲའི་མཛེས་སྡུག་དང་ལྡན་པའི་ཕྱེ་ལེབ་ཆུང་ངུ་ཞིག
འདི་ལྟར་གཤོག་རླབས་མཉེན་མོ་དང་འགྲོགས་ཏེ།
ལྡུམ་ར་གང་ཞིག་ན་འཕུར་ལྡིང་བྱེད་པ་མཐོང་དུས།
ང་ནི་རྔོན་པའི་མདའ་རྩེ་ན་གཏད་པའི་མིག་ཟུང་བཞིན།
སེམས་ཀྱི་འཆར་སྒོ་ཡོད་ཚད་ཁྱོད་ཁོ་ན་ལ་གཏད་འདུག།
༢༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
དཔྱིད་ཀའི་བསིལ་རླུང་འཇམ་པོ་བཞིན།
ང་ཡི་འཁོར་ཡུག་ལ་རིམ་གྱིས་ཁྱབ་དུས།
ཁྱོད་ནི་ཅི་འདྲའི་རེག་འཇམ་གྱི་ལྗང་ལོ་མཉེན་མོ་ཞིག
འདི་ལྟར་སྦྲང་ཆར་གྱི་ཟིལ་པ་དང་བསྡོངས་ཏེ།
ཁུ་སིམ་གྱི་ཞིང་ཁམས་ན་མཛེས་ཤིང་འཛུམ་དུས།
ང་ནི་དགུང་སྔོན་ན་འཕྱོ་བའི་ཆུ་འཛིན་ཕུན་པོ་བཞིན།
ཁྱོད་ཀྱི་བར་སྣང་ན་ལྡིང་སྐོར་རྒྱག་འགོ་ཚུགས།
༣༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས་བཞིན།
ང་ཡི་སེམས་ཁོངས་ན་དལ་གྱིས་མཆེད་དུས།
ཁྱོད་ནི་ཅི་འདྲའི་ལྷག་བསམ་གཙང་མ་ཞིག
འདི་ལྟར་ཉི་གཞོན་གྱི་འོད་དང་བསྡེབས་ཏེ།
ང་ཡི་འཁོར་ཡུག་གི་མུན་པ་ལྷོད་ཀྱིས་སེལ་དུས།
ང་ནི་དྲོད་ཁོལ་ལ་དུང་བའི་བྱིས་པ་དམར་རྗེན་བཞིན།
ཁྱོད་ཀྱི་ཉི་ཟེར་འོག་ནམ་ཡང་གཉིད་ན་འདོད་བྱུང་།
༤༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
གསར་སྐྱེས་ཀྱི་པདྨ་གཞོན་ནུ་བཞིན།
ང་ཡི་སེམས་ངོགས་ན་འཛུམ་གྱིས་བཞད་དུས།
ཁྱོད་ནི་ཅི་འདྲའི་མཛེས་སྡུག་གི་ཕུང་པོ་ངོ་མ་ཞིག
འདི་ལྟར་བསིལ་རླུང་གི་རླབས་རིས་དང་འདྲེས་ཏེ།
ང་ཡི་འཇིག་རྟེན་ཡོད་ཚད་ལ་རིམ་གྱིས་ཁྱབ་དུས།
ང་ནི་སྣང་སྲིད་དག་མཉམ་དུ་རྟོགས་པའི་རྣལ་འབྱོར་བཞིན།
མཐོང་སྣང་ཡོད་ཚད་ལ་ཁྱོད་ཉིད་གཅིག་པུས་ཁྱབ་འདུག
༥༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
དགུན་དུས་ཀྱི་ཁུ་བྱུག་ཁེར་འགྲོ་བཞིན།
ང་ཡི་འཁོར་ཡུག་ནས་རྒྱང་ལ་ཆས་དུས།
ཁྱོད་ནི་ཅི་འདྲའི་དུང་སེམས་མཉེན་མོ་ཞིག
འདི་ལྟར་མིག་ཆུའི་རླབས་དང་འགྲོགས་ཏེ།
ང་དང་ང་ཡི་འཇིག་རྟེན་ལ་གྱེས་ཕྱག་ཕུལ་དུས།
ང་ནི་ཕ་མས་དོར་བའི་གཞུང་ལམ་གྱི་དྭ་ཕྲུག་ཁེར་འགྲོ་བཞིན།
སྟོང་སང་སང་གི་གྲུ་ཁ་ཞིག་ན་འདུར་ཞིང་གྱར།
༦༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
བྲག་ཕུག་བྱང་བསྟན་གྱི་མེ་ཏོག་བཞིན།
ང་ཡི་མི་མཐོང་བའི་བསྟི་གནས་ཤིག་ན་ལྷོད་ཀྱིས་བཞུགས་དུས།
ཁྱོད་ནི་ཅི་འདྲའི་ཕྱི་ཐག་རིང་མོ་ཞིག
འདི་ལྟར་ཁ་པར་གྱི་ཨང་གྲངས་བརྒྱུད་དེ།
ང་དང་ང་ཡི་སེམས་ལ་བདེ་སྐྱིད་ཀྱི་དྲོད་སྣང་བྱིན་དུས།
ང་ནི་ཟིམ་མི་ཚར་བའི་མར་མེ་ཚེ་འབར་བཞིན།
ཁུ་སིམ་གྱི་ཞིང་ཁམས་ཤིག་ན་གཟི་འོད་འཕྲོ་བཞིན་འདུག
༧༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
སེམས་ཀྱི་གདུང་བ་བརྗོད་སའི་དབྱངས་ཅན་མའི་པི་ཝང་བཞིན།
ང་ཡི་དགུང་སྔོན་གྱི་མཁའ་དབྱིངས་ན་དལ་གྱིས་འཁྲོལ་དུས།
ཁྱོད་ནི་ཅི་འདྲའི་བུ་མོ་མཛངས་མ་ཞིག
འདི་ལྟར་དཀའ་ངལ་དང་ཡིད་ཆད་ཀྱི་ལམ་ཕྲན་བརྒལ་ཏེ།
ནམ་ཡང་བདེ་སྐྱིད་དང་སྤྲོ་སྣང་གི་མདུན་ལམ་བསུ་དུས།
ང་ནི་བཞུར་མི་ཚར་བའི་གཙང་ཆུ་རིང་མོ་བཞིན།
ནམ་ཡང་ཁྱོད་ཀྱི་འཁོར་ཡུག་ན་བཞུར་བཞིན་འདུག
༨༽
ང་ཡི་རྨི་ལམ་དང་མཉམ་དུ་བཞུར་བའི་ཁྱོད།
མཛེས་སྡུག་འབུམ་གྱིས་གཏམས་པའི་མེ་ཏོག་གི་ཚོམ་བུ་བཞིན།
ང་ཡི་དུང་སེམས་ཀྱི་ཟབ་སར་མཛེས་ཤིང་འཛུམ་དུས།
ཁྱོད་ནི་ཅི་འདྲའི་སྙིང་སྡུག་ངོ་མ་ཞིག
འདི་ལྟར་དག་གཙང་ཡིད་ཆེས་ཀྱི་དཔུང་དང་འགྲོགས་ཏེ།
ང་ཡི་སེམས་གཏིང་ན་ནམ་ཡང་ལྷམ་མེར་བཞུགས་དུས།
ང་ནི་སེམས་ཁོངས་ཟབ་ས་ཞིག་གི་ལམ་ཕྲན་བརྒྱུད་དེ།
ནམ་ཡང་ཁྱོད་ཀྱི་འཇིག་རྟེན་ལ་མིག་ཟུང་གིས་ཅེར་ནས་ཡོད།
27.5.2011
ལེགས་པར་བརྩམས་ཤིང་བྲིས་པར་ཡིད་དགའ།
ང་ནི་དགུང་སྔོན་ན་འཕྱོ་བའི་ཆུ་འཛིན་ཕུན་པོ་བཞིན།
འདིའི་ནང་གི་ཕུན་པོའི་དོན་ཅི།
ང་ཡི་འཁོར་ཡུག་ནས་རྒྱང་ལ་ཆས་དུས།
ཆས་ཞེས་པ་དེ་འགྲོ་བའི་དོན་ཡིན་ནམ། མདོ་རྒྱ་ཆེར་རོལ་པའི་ཚིག་བཞིན་༧རྒྱལ་བ་དགེ་འདུན་གྲུབ་ཀྱིས།
ལྷ་མོ་ལུམབུའི་ཚལ་དུ་ཆས་པ་ལ། ཞེས་པའི་ཆས་དེ་ད་ལྟ་ལ་དྭགས་པའི་ཁ་སྐད་དུ་བཀོལ་བའི། ཆ། འདས་ཚིག་ཡིན་ནམ། ངེས་པ་བརྟན་པོ་མ་རྙེད། གླེ་རུ་ཆ་ཡོད་དང་། ཆ་ཡིན་ཞེས་ད་ལྟ་དང་མ་འོངས་པ་ལ་བཀོལ། དེའི་འདས་པ་དང་། སྐུལ་ཚིག་ལ་སོང་། ཞེས་དཀོལ་ལོ།།
རྒན་ལ་དྭགས་པ་མཆོག་ཕེབས་པར་དགའ་ནས་ཡོད་ལགས།
ཕྲན་གྱི་ཕུན་པོའི་ཞེ་འདོད་ནི་ནམ་མཁར་ཆགས་པའི་སྤྲིན་པ་དག་ཁྱུ་དང་ཁྱུ་བྱས་པའམ།
ཡང་ན་དུམ་བུ་དུབ་བུར་གནས་པ་ཞིག་ལ་བསམ་པ་ཡིན།
ཆས་ནི་སོང་བའི་ཞེ་འདོད་ཡིན་ལགས།
དུམ་བུ་དུམ་བུར་གནས་པ་ལ་ཕོན་པོ་ཟེར་བ་ལས་ཕུན་པོ་མི་ཟེར། སྙན་ངག་གི་ནང་དུ་སྤྲིན་པའི་སྐོར་འབྲི་དུས་ཕོན་པོ་ལས་ཕང་ཕུང་ཞེས་བྲིས་ན་ཚིག་གི་ཉམས་ཐོན་པའི་ཁྱད་པར་ཞིག་ཀྱང་འདུག
ཕང་ཕུང་དང་ཀྱག་ཀྱོག ཆལ་ལེ་ཆོལ་ལེ་དང་རབ་བེ་རིབ་བེ་སོགས་བྱ་བ་དང་དངོས་པོའི་ཉམས་འདོན་སྟངས་ཁྱད་མཚར་ཞིང་བྲོ་བ་ཆེ་བ་འདི་འདྲ་དག་ནི་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་ནང་དུ་མེད་པའི་རང་རེའི་བོད་ཡག་གི་ཁྱད་ཆོས་ངོ་མཚར་ཆེ་བ་ཞིག་རེད།
ཨ་ལགས་ཚང་གིས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
སྙན་དངགས་མཁན་པོ་དོལ་སྨྱོན་ལེགས་ཀྱང་སི་ཏུ་པཎ་ཆེན་གྱིས་གསུངས་པའི་ལུང་པ་འདི་ལྟ་བུ་ཞིག་ནས་བྱོན་པ་ཡིན་ནམ།
ཁམས་ཕྱོགས་ཀྱི་ཡུལ་གྲུ་འགའ་རེ་ན་ན་རོ་དང་འགྲེང་བུ་ཡོད་མེད་ཀྱི་ཀློག་ཚུལ་ཐམས་ཅད་དུ་མི་འབྱུང་བ་དང་། འགའ་ཞིག་ན་ཞབས་ཀྱུ་དང་ན་རོ་ཀློག་ཚུལ་གཅིག་ཏུ་བྱེད་པ་སོགས་ཀྱིས་མཚོན་མ་དག་པར་འདོན་པ་མང་ཞིང་། དེས་ཡིས་ཡི་གེ་འབྲི་བ་ནའང་མ་དག་པ་ཁོ་ནར་འགྱུར་བའི་ཕྱིར་རོ། ཞེས་དཧ་ས་སྤར་མ་ཤོག་གྲངས་༡༥༩ན།
ལ་དྭགས་འཇམ་དཔལ་ཟེར་བ་འདིས་ཅང་མི་ཤེས་པའི་ཁར་ཁ་མང་ཞིང་རང་དགར་སྡོད་མི་ཚུགས་པའི་བྱིས་པ་སྣབས་བླུག་ཞིག་ཨ་ན་མ་ན་རེད། མིའི་སྐད་ཆ་ནི་མི་དང་མིའི་བར་གོ་བརྡ་འཕྲོད་པར་ཆེད་དུ་བཟོས་པ་ཞིག་མ་ཡིན་པར་དགོས་མཁོ་དེའི་ཆེད་དུ་རང་བཞིན་གྱིས་བྱུང་བ་ཞིག་ཡིན་ལ། མིས་ཀླད་པ་བེད་སྤྱོད་བཏང་ནས་ཤེས་ཡོན་གྱིས་སྤྱི་ཚོགས་འཕོ་འགྱུར་གཏོང་བཞིན་ཡོད་ལ། སྤྱི་ཚོགས་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ནས་མི་དང་མིའི་བར་བགོ་བརྡ་སྤྲོད་བྱེད་ཀྱི་སྐད་ཆ་ལའང་འགྱུར་བ་འགྲོ་དགོས་པ་ཆོས་ཉིད་ཡིན། ལ་དྭགས་ཀྱི་གྲོང་དུ་ཆས་སོང་ལ་ཆ་སོང་ཟེར་གྱི་ཡོད་སྲིད་ཀྱང་དེ་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་སྐད་ཆ་འམ། ཡང་ན། ཡིག་སྐད་དང་སྤྱི་སྐད་གང་ཡང་མ་རེད། ཉོབ་སོང། ཁྱོད་འདྲ་བོ་ཞིག་ལ་གསལ་བཤད་རྒྱུ་འདི་ལས་སླ་བོ་མ་རེད། ལོ་ཁ་ཤས་ལ་སློབ་སྦྱོང་གྱིས་ལོ། གཞན་གྱི་སྙན་ངག་ལ་གོ་བ་ལེན་མ་ཤེས་པར་ལོག་འགྲེལ་བྱ་མི་རུང་།
འཕགས་ཁོ་ལེགས།
བོད་ཀྱི་བརྡ་སྐོར་ལ་བགྲོ་གླེང་བྱེད་པ་ལ། ཁྱེད་དོན་མེད་ལ་ཁྲོང་ཁྲོ་ལངས་འདུག ང་ཅག་གི་བོད་བརྡ་སྤྲོད་བགྲོ་གླེང་ལ་ཁྱེད་ཁྲོ་ལངས་ན་རང་གི་སེམས་འཁྲུགས་པ་ལས། ང་ལ་གནོད་པ་ཅི་ཡང་མེད། ང་ཡིས་ཕུན་པོའི་དོན་མི་གོ་འདུག་ཟེར་བ་ལ། དེ་ལ་དོལ་སྨྱོན་གྱིས་ལན་བྲིས་པ་ལ། ཀླུ་སྨྱོན་གྱིས། དུམ་བུ་དུམ་བུར་གནས་པ་ལ་ཕོན་པོ་ཟེར་བ་ལས་ཕུན་པོ་མི་ཟེར། སྙན་ངག་གི་ནང་དུ་སྤྲིན་པའི་སྐོར་འབྲི་དུས་ཕོན་པོ་ལས་ཕང་ཕུང་ཞེས་བྲིས་ན་ཚིག་གི་ཉམས་ཐོན་པའི་ཁྱད་པར་ཞིག་ཀྱང་འདུག ཅེས་གསུངས་པར། དོལ་སྨྱོན་གྱིས། ཨ་ལགས་ཚང་གིས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ། ཞེས་བྲིས་སོ།
་ངའི་ལུང་པོའི་ཁ་སྐད་དུ། རྩྭ་སོགས་བརྔས་ནས་བཅིངས་པ་ལ་དེ་ལ། ཕོན་པོ། ཟེར་བས་ཀླུ་སྨྱོན་གསུངས་པ་བདེན་པར་ངེས། གཞན་ཡང་། ཆས་ཞེས་པ་དེ། དིང་སང་ལ་དྭགས་པས། ཆ་ཞེས་པའི་འདས་ཚིག་ཡིན་ནམ་ཞེས་པར། དོལ་སྨྱོན་གྱིས། ཆས་ནི་སོང་བའི་ཞེ་འདོད་ཡིན་ལ། ལན་གསུངས་པ་འཐད་པར་མཐོང་། འོན་ཀྱང་ལ་དྭགས་པས། དེ་ལྟར་མི་བཀོལ་བར་ཆ་ཞེས་པ་ད་ལྟ་བ་དང་མ་འོངས་པ་བཀོལ་ཀྱང་། དེའི་འདས་ཚིག་དང་། སྐུལ་ཚིག་ལ་སོང་ཞེས་གོང་དུ་སྨྲས་པ་བཞིན་ཡིན།
ཁྱེད་ད་དུང་ལོ་མང་དུ་སློབ་སྦྱོང་བྱོས་དང། གལ་ཏེ་ཁྱེད་མཁས་པར་ཆགས་ན། ཐོག་མེད་དུས་ནས་གཏི་མུག་ལ་གོམས་པ་སེལ་ཕྱིར། བདག་མ་ཤི་བར་ཚེ་རིང་པོ་བྱུང་ན། ཁྱེད་འགྲམ་ལ་སློབ་སྦྱོང་བྱེད་པར་འོང་སྲིད་དོ།།
བློ་ཆུང་སེམས་ལ་འཁོན་འཛིན་ཅན།
གནོད་པ་བས་ཀྱང་རྣམ་འགྱུར་སྔ།
ཁྱི་ངན་དགྲ་བོ་མཐོང་ན་ཡང་།
རྨུགས་པའི་ཐོག་མར་ཀུ་ཅོ་འདོན།།
ང་ཁོང་ཁྲོ་ལངས་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ཟེར་བ་ཞིག་གོ་ཨེ་མྱོང་། སྐད་ཆ་བསམས་ནས་ཤོད། ཁྱོས་གཞན་གྱི་རྩོམ་ཡིག་ལ་མཆན་འབྲི་ཁུལ་གྱིས་གཞན་གྱི་སྐྱོན་འདོན་འོས་པའི་ཚད་དུ་སླེབས་མི་འདུག ཁྱེད་ཀྱིས་བྲིས་པའི་མཆན་གྱི་ནང་དུའང་དུས་གསུམ་དང་དག་ཆ་ནོར་བ་གྲངས་གྱིས་མི་ལངས་ན་ཡང། སུས་ཁྱེད་ལ་ལམ་སྟོན་བྱས་སོང་། ངས་ཁྱེད་ལ་དྲང་པོར་བཤད་པ་ཡིན། ཁྱེད་ཀྱིས་བགྲོ་གླེང་ཞེས་སྐད་ཆ་རྫིག་པོ་བཤད་མ་བཤད་མི་འདུག ད་དུང་། ལོ་ཁ་ཤས་རིང་ངའི་ཀླད་པའི་ནང་དུའང་ཁྱེད་ལ་མཁོ་སྤྲོད་བྱ་དགོས་པའི་ཤེས་བྱ་མང་པོ་ཡོད་ཐག་ཆོད་རེད།
འཕགས་ཁོ་ལ།
ཁོང་ཁྲོ་ལངས་མེད་ན། ཚིག་ངན་ལབ་དགོས་པའི་་རྒྱུ་མཚན་གང་ཡིན་ནམ། ལ་དྭགས་འཇམ་དཔལ་ཟེར་བ་འདིས་ཅང་མི་ཤེས་པའི་ཁར་ཁ་མང་ཞིང་རང་དགར་སྡོད་མི་ཚུགས་པའི་བྱིས་པ་སྣབས་བླུག་ཞིག་ཨ་ན་མ་ན་རེད། འདིའི་ནང་གི་ཨ་ན་མ་ན་ཞེས་པ་དེ་ངས་མི་ཤེས་འདིའི་དོན་འབྲི་དགོས། ངས་དེ་འདྲ་བྲིས་པ་དེ་དག་བོད་ཀྱི་སྐད་གཅིག་སྒྲིལ་འབྱུང་བར་བསམས་ཏེ། དཀའ་བསྟན་སོགས་ཀྱི་ཚིག་དང་བསྟུན་ནས་བྲིས། ངའི་ཡི་གའི་དག་ཆ་རྣམས་རྣམ་དག་ཡིན་པ་ངས་ནམ་ཡང་སྨྲས་མེད། འདི་དང་འདི་འགྲིག་མི་འདུག་ཅེས་ཁྱེད་ལ་འབྲི་རྒྱུ་ཡོད་ན། ་ངས་ང་རང་གི་ནོར་བའི་མུན་པ་སེལ་བ་ལ་ཁྱེད་ལ་དགའ་བསུ་བྱེད་ངེས། གཅིག་གིས་གཅིག་ལ་དམའ་འབེབས་བྱེད་པའི་ཚུལ་མ་ཡིན་པར་བོད་ཀྱི་སྐད་དང་རིག་གཞུང་གོང་འཕེལ་བྱེད་པ་ལ་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས་པ་ཡིན། དེ་ཡིས་བོད་ཀྱི་སྐད་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་ཕན། ཁྱེད་ཁོང་ཁྲོ་ལངས་པ་མ་ཡིན་ན། ང་ལ་ཚིག་རྩུབ་སྨྲ་བའི་ཚབ་ཏུ་འདི་དང་འདི་འགྲིག་མི་འདུག་ཅེས་སྨྲ་དགོས་པ་ལས། དེ་འདྲ་མ་སྨྲས་པར་།
ཁྱོས་གཞན་གྱི་རྩོམ་ཡིག་ལ་མཆན་འབྲི་ཁུལ་གྱིས་གཞན་གྱི་སྐྱོན་འདོན་འོས་པའི་ཚད་དུ་སླེབས་མི་འདུག
ཅེས་པར་འདི་དང་འདི་འགྲིག་མི་འདུག་ཅེས་་རྒྱུ་མཚན་བཤད་པ་མཁས་པའི་ལུགས་ཡིན། དེ་འདྲ་ཁྱེད་ལ་བཤད་རྒྱུ་ཡོད་ན། ད་བཤད་རན་པ་ཡིན། ངས་བཤད་པ་དེ་དག་བཀའ་བསྟན་སོགས་ཀྱི་དག་ཆ་དང་བསྟུན་ནས་བཤད་པ་ལ་ནོར་བ་ཡོད་ན། བདག་རང་གི་ནོར་བ་དང་དུ་བླངས་ཏེ། དགོངས་དག་ཞུ་ངེས། དག་ཆ་ནོར་བ་དག་ལ་འདི་དང་འདི་ནོར་འདུག་ཅེས་སྔོན་དུ་སྟོན་མཁན་འབྱུང་བ་དག་ལ་དགོངས་དག་ཅེས་ཞུས་པ་ཡིན། ད་དུང་མ་འོངས་པ་ན་ཡང་ཞུ་ངེས།
སྤྱོད་འཇུག་ལས། ཐམས་ཅད་བོར་ཏེ་ཆ་དགོས་པ།། ཞེས་པའི་ཆ་ཞེས་པ་འགྲོ་བའི་མ་འོངས་བ་ཡིན་ས་རེད། ལ་དྭགས་ཀྱི་སྐད་དུ། གང་དུ་འགྲོ་འམ་ཞེས་པ་ལ་ག་རུ་ཆ་ག་ཟེར་བ་དང་འདྲ། ལམ་དུ་ཆས་ཟིན། ལམ་དུ་ཆ་དགོས། ལམ་དུ་ཆས་ཤིག་ལྟ་བུའོ།།
རྒན་ལ་དྭགས་པས་མཆན་བུ་བཏབ་པ་དག་ལ་གོ་རྒྱུ་ཆེན་པོ་མཐོང་སོང་ལ། གཅིག་ནས་འདི་ལྟར་དོགས་སློང་བྱེད་ན་ཕན་ཐོགས་རྒྱ་ཆེན་པོ་ཡོང་ངེས་རེད། དཔེར་ན། ༼རྩྭ་སོགས་བརྔས་ནས་བཅིངས་པ་ལ་དེ་ལ། ཕོན་པོ་ཟེར། ༽ཞེས་པ་ལྟ་བུ་བོད་ཆོལ་ག་གསུམ་གང་དུ་སོང་ཡང་ཚིག་གི་དག་ཆ་ལ་ངེས་བར་གཟབ་དགོས་པ་ལས་གང་བྱུང་གིས་ཁ་སྐད་དང་མཐུན་པར་སྦྱར་བ་ཡིན་ན་བོད་ཀྱི་བརྡ་སྤྲོད་རིག་གནས་ཀྱི་རྣམ་བཞག་གཏད་སོ་མེད་པ་ཆགས་རྒྱུའི་ཉེན་ཁ་ཉག་གཅིག་རེད།
རྒན་ལ་དྭགས་པ་མཆོག
གཞན་གྱི་བསྟོད་སྨད་ཇི་ལྟར་བྱས་ཀྱང་རུང་།
ངས་ནི་ཁྱེད་ཀྱི་གནང་ཕྱོགས་དེ་ལ་ཤིན་ཏུ་དགའ་ནས་ཡོད།
ང་ལ་མཚོན་ན་སྙན་ངག་ཐར་ཐོར་རེ་འབྲི་ཤེས་པ་ཙམ་ལས།
བརྡ་སྤྲོད་པའི་གཞུང་ལ་སྦྱང་པ་དཔྱིས་ཕྱིན་པ་ཞིག་བྱེད་ཐུབ་མེད།
དེས་ན་ཁྱེད་ཀྱི་ཞིབ་འཇུག་གནང་བ་དེ་དག་གིས་ཕན་ཐོགས་ཆེན་པོ་འདུག
རྗེས་ཕྱོགས་མུ་མཐུད་ནས་གནང་རོགས་ཞུ།
ངས་རེ་བསྐུལ་ཞུ་བ་ཡིན།
མིག་བརྒྱད་པ་ལེགས་དང་། དོལ་སྨྱོན་ལེགས།
ཁྱེད་གཉིས་ཀྱི་གསལ་བཤད་ཀྱིས་ཆས་དང་ཆ་ལ་དོགས་སེལ་ལེགས་པ་བྱུང་།
མཁས་པ་བརྩད་ཅིང་མ་དྲིས་པ།
དེ་ཡི་བར་དུ་གཏིང་མི་དཔོགས།
རྔ་ལ་དབྱུ་གུས་མ་བསྣུན་པ།
དེ་སྲིད་གཞན་དང་ཁྱད་ཅི་ཡོད།།
རྒན་ལ་དྭགས་པ་ལགས། སྐུ་ཉིད་ཀྱིས་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་མཁས་དབང་གར་ཞྭ་དངོས་གྲུབ་དང་ལྷན་དུ་དག་ཡིག་ཟ་མ་ཏོག་དང་དག་ཡིག་ངག་སྒྲོན། དེ་མིན་གཞན་ཁྲིད་རྒྱུན་གང་དང་གང་ཞུས་ཡོད་མེད་ཀྱི་མིང་ཐོ་ཞིག་གནང་རོགས་ཞུ། འདི་ཕྱོགས་སུ་བརྡ་སྤྲོད་རིག་གནས་དོན་གཉེར་ཅན་འགས་དེ་དག་གི་ཁྲིད་རྒྱུན་དཀོན་པར་གྱུར་བའི་དབང་གིས་བརྩད་གཅོད་བྱེད་བཞིན་འདུག་ལགས་ན། བདག་གིས་དག་ཡིག་ངག་སྒྲོན་རྩ་འགྲེལ་གྱི་ཁྲིད་རྒྱུན་སྐུ་གཤེགས་གར་ཞྭ་དངོས་གྲུབ་ལགས་ཀྱི་དྲུང་ནས་ཞུས་ཡོད་ལ་ཁོང་གིས་ཁུ་ནུ་བླ་མའི་དྲུང་ནས་ཞུས་འདུག ཡིན་ན་ཡང་དག་ཡིག་ཟ་མ་ཏོག་གི་དཔེ་ཁྲིད་ཆ་ཚང་ཐོབ་ཡོད་ཀྱང་དེའི་ཁྲིད་རྒྱུན་ཡོད་མེད་ཀྱི་གསལ་ཁ་མ་བྱུང་བས་སྐུ་ཉིད་ཀྱིས་གསལ་བཤད་གནང་རོགས་ཞུ།
མིག་བརྒྱད་པ་ལེགས།
དག་ཡིག་ཟ་མ་ཏོག་ཞུ་མ་མྱོང་། སྐུ་གཤེགས་དངོས་གྲུབ་དང་མཉམ་དུ་སི་ཏུ་པཎ་ཆེན་གྱི་སུམ་རྟགས་ཀྱི་འགྲེལ་པ་དང་། གསེར་ཀོང་མཚན་ཞབས་རིན་པོ་ཆེ་ལ་ཞབས་ཕྱི་ཞུ་བ་དང་འབྲེལ་ངག་སྒྲོན་དབུ་ནས་ཕྲན་བུ་་ཞིག་དང་། བདག་རང་གིས་བསྐུལ་མ་ཞུས་ཏེ། སྙན་དངགས་མེ་ལོང་མ་རྩ་བ་དང་། རྗེ་བཙུན་བླ་མ་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་བསྟོད་པ་བཅས། ཝཎ་ལེགས་སྦྱར་སློབ་གྲྭ་པ་ཁ་ཤས་དང་མཉམ་དུ་སྤྱི་ལོ་༡༩༦༤སྐབས་ཞུ་བའི་སྐལ་བཟང་ལགས།
བློ་བཟང་འཇམ་དཔལ་ལགས། ད་བར་དུ་བཟོད་སྒོམ་བྱས་པ་ཡིན་ཡང་ཁྱོད་ཀྱིས་གཞན་ལ་ཞུ་དག་བྱེད་རྒྱུ་ཡིན་ཟེར་ནས་སྡོད་ཚུགས་ཀྱི་མི་འདུག དེས་ན་དེ་རིང་བཟུང་ངས་ཁྱོད་ལ་ཞུ་དག་ཅིག་བྱེད། མིག་བརྒྱད་པ་ལེགས་མ་རེད་ལགས་རེད། མེ་ལོང་མ་ཡིན་ན་རྩ་བ་དེ་ཡིན་ངེས་པས་མེ་ལོང་མ་རྩ་བ་ཟེར་ནས་ཡང་བཟློས་བྱེད་དགོས་ནི་མ་རེད། ༡༩༦༤སྐབས་ཟེར་རྒྱུ་མ་རེད། ༡༩༦༤ལོར་ཟེར་རྒྱུ་རེད། དེ་ཡང་ཡིག་ཐོག་ཏུ་བྲིས་ན་གཅིག་སྟོང་དགུ་བརྒྱ་རེ་བཞིའི་སྐབས་ཟེར་བ་ལས་ཅིག་སྟོང་དགུ་བརྒྱ་རེ་བཞིའི་ལོར་ཞེས་བྲིས་ན་མི་ཡག་གམ། དེ་རིང་ནས་ལ་དྭགས་པའི་སྒང་ལ་ལ་དྭགས་པ་གཅིག་ཡོད་སྙམ་པ་འདི་མ་བརྗེད་ལོ།
བློ་བཟང་འཇམ་དཔལ་ལགས། ད་བར་དུ་བཟོད་སྒོམ་བྱས་པ་ཡིན་ཡང་ཁྱོད་ཀྱིས་གཞན་ལ་ཞུ་དག་བྱེད་རྒྱུ་ཡིན་ཟེར་ནས་སྡོད་ཚུགས་ཀྱི་མི་འདུག དེས་ན་དེ་རིང་ནས་བཟུང་ངས་ཁྱོད་ལ་ཞུ་དག་ཅིག་བྱེད། མིག་བརྒྱད་པ་ལེགས་མ་རེད་ལགས་རེད། མེ་ལོང་མ་ཡིན་ན་རྩ་བ་དེ་ཡིན་ངེས་པས་མེ་ལོང་མ་རྩ་བ་ཟེར་ནས་ཡང་བཟློས་བྱེད་དགོས་ནི་མ་རེད། ༡༩༦༤སྐབས་ཟེར་རྒྱུ་མ་རེད། ༡༩༦༤ལོར་ཟེར་རྒྱུ་རེད། དེ་ཡང་ཡིག་ཐོག་ཏུ་བྲིས་ན་གཅིག་སྟོང་དགུ་བརྒྱ་རེ་བཞིའི་སྐབས་ཟེར་བ་ལས་གཅིག་སྟོང་དགུ་བརྒྱ་རེ་བཞིའི་ལོར་ཞེས་བྲིས་ན་མི་ཡག་གམ། དེ་རིང་ནས་ལ་དྭགས་པའི་སྒང་ལ་ལ་དྭགས་པ་གཅིག་ཡོད་སྙམ་པ་འདི་མ་བརྗེད་ལོ།།
གཏུམ་ཆེན་རྡོ་རྗེ་མེ་འབར་ལེགས།
ཁྱེད་ཀྱིས་ངའི་བྲིས་ལ་ཞུས་དག་མཛད་པར་དངོས་གནས་དགའ། འདིས་ང་ལ་ཁེ་བཟང་མ་གཏོགས་གྱོང་མི་འོང་། ངའི་ལུང་པར་ལགས་ལ་ལེགས་ཟེར། དེ་ཡང་ལུང་པ་གཞན་དང་འབྲེལ་པ་ཆེར་མེད་པས། གནའ་བའི་འདོན་ཚུལ་དེ་ལུས་པ་ཡིན་འདུག ལགས་ལས་ལེགས་ཞེས་པ་དེ་དག་ཆེའོ། མེ་ལོང་མ་ཞེས་པར་རྩ་བ་ཞེས་མེད་ན་ལེགས། ཁྱེད་བདེན་ནོ། གོང་དུ་སྤྱི་ལོ་ཞེས་བྲིས་མེད་ན། ༡༩༦༤ལོར་ཞེས་བཀོད་པ་ལེགས་ཀྱང་། ཟློས་སྐྱོན་མི་འོང་ཆེད་དུ། སྐབས་སམ་དུས་གང་རུང་ཞིག་འབྲི་དགོས་པར་བསམ། ལེགས་སོ། ངས་ཞུས་དག་བྱེད་པ་བཞིན་དུ་ཁྱེད་དང་གཞན་རྣམས་ཀྱིས་ཀྱིས་ཀྱང་མཛད་དགོས་པ་ཡིན། དེ་ཡང་ཕ་རོལ་པོ་དམའ་འབེབས་པའི་ཕྱིར་དུ་མ་ཡིན་པར་བོད་ཀྱི་སྐད་གོང་འཕེལ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་ཕན། ངའི་ཞེ་འདོད་དེ་ཉིད་ཁྱེད་རྣམས་ཀྱིས་ལོན་མི་འདུག ངའི་ཡིག་བྲིས་ལ་ཡིག་ནོར་མང་དུ་མང་དུ་འབྱུང་བ་ཡོད་པ། སྔར་ངས་ཞུས་ཟིན་པ་ཡིན། ད་ཡིན་དང་ཡིན། ཁྱེད་ཀྱི་ཞུས་དག་ལ་ང་ལོང་དུས་སྒུག་ངེས། རང་རེ་ཕན་ཚུན་སུ་ཡིན་ཀྱང་སོ་སོའི་་ལུང་སྐད་མ་ཤོར་བ་བྱེད་དགོས་པ་གལ་ཆེའོ།
རྒན་ལ་དྭགས་པར་ཐུགས་རྗེ་ཆེ། ཁྱེད་དང་སྐུ་གཤེགས་གར་ཞྭ་དངོས་གྲུབ་སོགས་མང་པོ་ཞིག་རང་གི་སྐད་ཡིག་ལ་ཧ་ཅང་གཅེས་སྤྲས་དང་གསེར་ལ་གསེར་དུ་ངོ་སྤྲོད་མཁན་རེད་ཅེས་ཞུ་འདོད་བྱུང་། མཁས་དབང་ཁོང་གིས་ནམ་རྒྱུན་དུས་གསུམ་དང་དག་ཆའི་སྐོར་ལ་ཧ་ཅང་གི་གཟབ་ནན་ཆེ་བ་དང་བརྩམས་ཆོས་སྐོར་ཉེར་བསྒྱུར་ཉི་ཤུ་བ་ཟེར་བ་ཞིག་དང་བྱིངས་ཀྱི་རྣམ་བཞག ཁུ་ནུ་རིན་པོ་ཆེའི་མཛད་རྣམ། ལྕགས་རི་སྨན་པ་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས། སྙན་རྩོམ་དང་གཞས། བསྒྱུར་རྩོམ་སོགས་མང་པོ་ཞིག་གདའ། ཉིན་ཞིག་ཁོང་གིས་རྩེད་མོ་དང་སྦྲགས་ནས་གསུངས་དོན། ང་ཚོའི་ལུང་བར་གཞས་ཚིག་ཡོད་པ་མ་རེད། སྐྱབས་མགོན་རིན་པོ་ཆེ་ཕེབས་དུས། ཡུལ་མི་ཚོས་གཞས་ཚིག་འདི་ལྟར་བཏང་། ༧གོང་ས་ཏཱ་ལའི་བླ་མ། ༧གོང་ས་ཏཱ་ལའི་བླ་མ། ང་ཚོའི་ལུང་བར་ཕེབས་སོང་། ང་ཚོའི་ལུང་བར་ཕེབས་སོང་། ང་ཚོའི་ལུང་བར་ཕེབས་ནས། བི་ཇི་ལི་དཀར་སོང་། ཞེས་བི་ཇི་ལི་ཟེར་བ་གློག་ལ་ཟེར། དོན་དག་གློག་དཀར་སོང་ཟེར་བ་རེད།
མིག་བརྒྱད་པ་ལགས། ང་ལ་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་རིན་པོ་ཆེའི་མཛད་རྣམ་ཞིག་མཁོ་གལ་ཆེ་བས། ཉིད་ཀྱིས་དེབ་དེ་འདྲ་ཞིག་ལ་བསྐུར་ཐུབ་བམ། སྐུ་དྲིན་ཆེ།
གཅིག་བརྗེད་འདུག རྒན་ལྭ་དགས་པ་ལགས། ལ་དྭགས་ལྟ་བུའི་ལུང་པ་ཆུང་ཆུང་ཞིག་གི་ཡུལ་སྐད་ལུང་སྐད་མ་ཡིན་པར་ཨ་མདོ་ལྟ་བུའི་ས་ཆེན་པོ་རྒྱ་ནག་གིས་ཞིང་ཆེན་གསུམ་གྱི་ནང་དུ་བགོ་དགོས་པར་ཐུག་པ་ཞིག་གི་ཡུལ་སྐད་ད་དུང་ལུང་སྐད་ལས་ཐར་མི་ཐུབ་པ་འདི་ཅི་ཞིག་གིས་ནོངས་པ་ཡིན་ནམ། ལུང་སྐད་དང་ཡུལ་སྐད་གཉིས་ཀྱི་ཁྱད་པར་གང་ཡིན།
གླུ་སྨྱོན་ལགས། ཁྱེད་ཀྱི་སྦྲགས་ཁང་ཁ་བྱང་ཞིག་བསྐུར་གནོངས་དང་ངས་ཐབས་ཤེས་ཅི་ཡོད་འདོན་ཆོག མཛད་རྣམ་དེ་ཝ་ན་བོད་ཀྱི་མཐོ་སློབ་ཁང་ནས་དཔར་བསྐྲུན་བྱས་འདུག་པ་དང་འདི་གར་དཔེ་ཆ་དེ་རིགས་གསེར་ལས་ཀྱང་དཀོན།
མིག་བརྒྱད་པ་ལགས། ཁྱེད་རྡ་ས་ན་ཡོད་ན་ང་ལ་དེ་གར་ལག་ཏུ་འཇོག་སའི་མི་ཞིག་ཡོད།
གླུ་སྨྱོན་ལགས། ང་རང་རྡ་ས་ན་མེད། འབྲས་སྤུངས་ན་ཡོད། འདི་གར་དཔེ་དེབ་དེ་རིགས་མཐོང་དཀོན། གཅིག་བྱས་ན་རྡ་ས་ཤེས་རིག་པར་ཁང་ངམ་བོད་ཀྱི་དཔེ་མཛོད་གང་རུང་ཞིག་ན་ཡོད་ངེས།
ཀླུ་སྨྱོན་ལེགས།
ཁྱེད་ཀྱི་དྲི་བ་དེ་དག་ཤིན་ཏུ་ལེགས། ལ་དྭགས་ཀྱི་ལུང་སྐད་ཀྱི་ཚིག་བཀའབསྟན་སོགས་ཀྱི་དག་ཆ་དང་མཐུན་པ་དེ་དག་ལེན་གྱི། བཀའ་བསྟན་སོགས་ཀྱི་དག་ཆ་དང་མི་མཐུན་པ། དཔེར་ན། ལ་དྭགས་དབུས་ཀྱི་སྐད། ཁྱེད་ཅག་དང་ང་ཅག་ལྟ་བུ་ལ། ཁྱེ་ཞ་དང་ང་ཞ་ལྟ་བུ་སྐྱུགས་བྲོ་བའི་ཚིག་བཀའ་བསྟན་གྱི་དག་ཆ་དང་མི་མཐུན་པ་ལྟ་བུ་ཞིག་འབྲི་ན། བོད་སྐད་དག་ཆ་ལ་གནོད་པ་མི་འདུག་གམ། ངའི་དམིགས་ཡུལ་གཙོ་བ་ནི་བཀའ་བསྟན་སོགས་ཀྱི་སྐད་ཡིག་གི་དག་ཆ་དེ་དག་རང་རེ་བོད་རིགས་ཡོངས་ལ་གཅིག་འགྱུར་འབྱུང་བ་ལ་འབད་པ་དེ་ཡིན། མ་ཤེས་པ་དང་སྐྱེན་པའི་དབང་གིས་ང་རང་གི་བྲིས་ནང་དུ་བཀའ་བསྟན་སོགས་ཀྱི་དག་ཆ་དང་མི་མཐུན་པ་ཤོར་བ་དག་ལ་སྐྱོན་བརྗོད་མཛད་དགོས་པ་ཡིན།
བོད་སྤྱི་སྐད་དང་ལུང་སྐད་ཀྱི་དག་ཆ་དག་ལ་ཁྱད་པར་མཁྱེན་འདོད་དང་བླང་དོར་དངོས་མ་ཡོད་ན། དཔེར་ན། བདག་སྒྲ་ལྟ་བུ་ལ། སྔོན་གྱི་མཁས་པ་དག་གི་གསུང་རྩོམ་དག་ཕྱིས་ཀྱི་ལྷད་མ་ཞུགས་པ་དག་ལྟ་ཅི། བདག་གི་མི་ཚེ་འདིའི་བསྟོད་དུ་བཞུགས་པ། མདོ་སྨད་པ་དགེ་བའི་བཤེས་གཉེན་རྡོ་བིས་ཤེས་རབ་རྒྱ་མཚོའི་ཞབས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསུང་འབུམ་ཤིང་སྤར་དུ་འཐོན་པ་དག་ལ་གཟིགས་པར་ཞུ།
ཁ་སང་གཏུམ་ཆེན་རྡོ་རྗེ་མེ་འབར་ཟེར་བ་ཞིག་གིས་ཁོ་བའི་ཚིག་བརྗོད་ཀྱི་འགྲོ་སྟངས་ལ་སྐྱོན་བརྗོད་བྱས་འདུག་པར་དགའ་བསུ། དོན་དངོས་་རང་རེས་ཡི་གེའི་དག་ཆ་ལ་རྩོད་པས། ཚིག་དག་་གི་དག་ཆ་ལ་སྐྱོན་བརྗོད་དགོས་པ་ཡིན་གྱི། ཚིག་རྩོམ་སྟངས་ལ་མ་ཡིན། ཚིག་གི་རྩོམ་སྟངས་ལ་བོད་ཀྱི་མཁས་པ་དག་གི་རྩོམ་དག་ལ་ཡང་མི་འདྲ་བ་མི་འདྲ་བ་ངེས་པར་དུ་ཡོད་དགོས། དཔེར་ན། ཀློང་ཆེན་རབ་འབྱམས་པ་དང་མཁས་གྲུབ་རྗེ་གཉིས་ལ་རྩོམ་སྟངས་ལ་མི་འདྲ་བ་ཡོད་ཀྱང་། དག་ཆ་ལ་མཐུན་པ་དཔེར་ན། དིང་སང་ཞེས་པ་གཉིས་ཀའི་གསུང་དག་ཏུ་མཐུན་པར་འདུག དེ་བཞིན་རྒྱ་གར་དུ། སངས་རྒྱས་པའི་སྙན་དངགས་པ་མང་པོ་བཞུགས་པ་ནས། སློབ་དཔོན་རྟ་དབྱངས་དང་། རྒྱ་གར་ན་གྲགས་ཆེ་བའི་སྙན་དངགས་པ་ནག་མོ་འཁོལ་རྩོམ་སྟངས་འདྲ་བ་འདུག་ཟེར། གཉིས་ཀ་དུས་སོ་སོར་བྱུང་། རྟ་དབྱངས་སྔ་མ་དང་ནག་མོ་འཁོལ་ཕྱིས་སུ་བྱུང་། བར་དུ་ལོ་ངོ་བཞི་བརྒྱ་ཙམ་ཡོད་འདུག དེས་ན་ཁྱེད་ཅག་གིས་བདག་གི་ཡི་གེའི་དག་ཆ་ལ་ཡི་གེ་མ་དག་པ་བཀའ་བསྟན་གྱི་དག་ཆ་དང་འགལ་བ་དག་གཟིགས་ཚེ་ངེས་པར་དུ། བོད་གངས་ཅན་པའི་སྐད་ལ་གཅེས་པ་དག་གིས། བོད་ཀྱི་ཡི་གེའི་དག་ཆ་དག ཤར་མདོ་སྨད་ཡུལ་གྲུ་ཆེན་མོ་ནས་ནུབ་མངའ་རིས་བར་དུ་གཅིག་འགྱུར་འབྱུང་བ་ལ་འབད་པར་འཚལ་ཞེས་ཞུ་བ་ལགས་སོ།།
སྐྱར་ཞུ་སྔོན་མ་དྲ་རྒྱ་བརྒྱུད་ཆེད་དུ་བརྗོད་པའི་ཚོམས། ཞུས་དག་མ་སོང་བ་ཞིག་ཕུལ་ཡོད་པ་དེ་ན། བདག་རང་གིས་ཨིན་སྐད་དུ་སྒྱུར་སྐབས་སུ་མ་དག་པ་མང་དུ་མཐོང་བ་དཔེ་གཞན་དང་བསྡུར་ནས་བཅོས་པ་དེ་ལ་ཡང་མཁས་པ་དག་ཞུས་དག་མཛད་པར་འབུལ་ངེས་ལགས། དི་རིང་དེ་ཉིད་ཨིན་སྐད་རྫོགས་པར་བསྒྱུར་ཟིན་པ་ཨ་རི་པ་མཁས་པ་ཚིག་དག་པ་དང་སྙན་པོ་གང་ཐུབ་བྱེད་པར་གཏོང་ངེས་ཀྱི་གནས་ཚུལ་ཞུ།
དགེ་ཆོས་ཀྱི་གསུང་འབུམ་༡༩༩༠ལོར་སྤར་པ་ལ་ཕྱིས་ཀྱི་འགྱུར་བཅོས་པའི་ལྷད་མ་ཞུགས་པར་མངོན་དེ་དག་ལ་གཟིགས།
ཡི་གེ་གང་ཞིག་ཡིན་ཡང་ཞབས་ཞུ་ཞུ་ས་དེ་ནི་ཡིག་རིགས་དེའི་བདག་པོར་གྱུར་པའི་མི་རིགས་དེ་ཡིན་དགོས་པས། བཀའ་བསྟན་སྒྱུར་དུས་ཀྱི་མི་རིགས་དེས་བཀའ་བསྟན་དག་དེ་དུས་ཀྱི་མི་རབས་དེའི་ཁ་སྐད་ལྟར་བྲིས་པ་ཞིག་ཡིན་པ་དང་། དེང་སྐབས་ཀྱི་མིས་བཀའ་བསྟན་དག་དེང་སྐབས་ང་ཚོས་རྗོད་བཞིན་པའི་སྐད་འདིའི་ནང་དུ་ཚུར་གདན་འདྲེན་ཞུས་ཏེ་ལོ་སྔོན་སྟོང་ཕྲག་གཅིག་གི་ཡས་མས་སུ་བོད་དབུས་གཙང་གི་ཕྱོགས་སུ་བེད་སྤྱོད་བྱེད་བཞིན་ཡོད་ཀྱང་དེང་སྐབས་སྤྱི་ཁྱབ་ནས་སྐད་ཆ་འཆད་བཞིན་པའི་སྐབས་སུ་བེད་སྤྱོད་མི་བྱེད་པའི་རིགས་འདོར་དགོས་ངེས་རེད། དེ་ལྟར་མ་བྱས་པར་བཀའ་བསྟན་གྱི་ཚིག་རེད་ཅེས་རྩ་ཆེན་པོར་བརྩིས་ནས་འདོར་ལེན་ཅི་ཡང་བྱེད་མ་ནུས་པར་བསྡད་ན་ང་ཚོའི་མི་རབས་འདིའི་རིང་ལ་བཀའ་བསྟན་དག་བེད་མེད་ཆགས་འགྲོ་བ་ནི་དེང་སང་མཐོང་བཞིན་པ་འདི་རེད། དེ་ལས་བཀའ་བསྟན་དག་གནའ་སྔ་མོའི་དབུས་པའི་སྐད་དུ་ཡོད་པ་དེ་དེབ་སྐབས་ཀྱི་དབུས་པའི་སྐད་དུ་བྲིས། དེ་ནས་དེང་སྐབས་ཀྱི་ཨ་མདོ་བ་དང་ཁམས་པའི་སྐད་དུ་ཡང་འབྲི་ཐུབ་ན་བཀའ་བསྟན་ལ་དེ་ལས་ལྷག་པའི་གཅེས་སྤྲས་བྱེད་སྟངས་ཤིག་མི་འདུག བཀའ་བསྟན་རྒྱ་ཡིག་དང་དབྱིན་ཡིག་སོགས་ཡིག་རིགས་གཞན་པར་བསྒྱུར་ཆོག་ན། བཀའ་བསྟན་ཨམ་སྐད་དང་ཁམས་སྐད་སོགས་བོད་ནང་ཁུལ་གྱི་སྐད་རིགས་མི་འདྲ་བའི་སྟེང་དུ་འབྲི་མི་ཆོག་པའི་གནས་ཤུགས་ཤིག་གང་ནས་རྙེད། བཀའ་བསྟན་གྱི་སྙིང་པོ་ངོ་མ་དེ་ནི་བཀའ་བསྟན་གྱི་བརྗོད་བྱའི་ནང་དོན་དེ་དག་རེད་མ་གཏོགས་རྗོད་བྱེད་ཀྱི་སྐད་ཡིག་ནི་གང་ཞིག་གིས་མི་དམངས་ལ་ཕན་འདོག་ཐུབ་ན་དེ་དང་དེའི་སྐད་དང་ཡིག་རིགས་སུ་བསྒྱུར་མི་ཆོག་པ་་ཞིག་རྩ་བ་ནས་མེད་པ་ནི། བཟང་སྤྱོད་སྨོན་ལམ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན། །སོགས་གསུངས་པས་ཤེས་ཐུབ། དེ་བས། ལོ་ངོ་གཅིག་སྟོང་སྔོན་དུ་བསྒྱུར་པ་ཡི། །རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་རྣམས། །དབུས་གཙང་སྐད་དང་ཨ་མདོ་ཁམས་པའི་སྐད། །སྐད་རིགས་སྣ་ཚོགས་ནང་དུ་འབེབ་ནུས་ཤོག །ཅེས་སྨོན་ལམ་འདེབ་དགོས་པ་མ་ཟད་ལག་ལེན་དུ་འང་འབེབ་དགོས་ཀྱི་འདུག དེ་མིན་དབུས་སྐད་གཅིག་པོས་བོད་ཁམས་ཡོངས་ཀྱི་སྐད་ཡིག་ལག་ལེན་གྱི་དབང་ཆ་སྒེར་གཅོད་བྱས་ནས་བསྡད་ན་འགྲིག་ཐབས་རྩ་བ་ཉིད་ནས་མི་འདུག དཔེར་ན། ཨམ་སྐད་དུ་ཕུང་པོ་ལ་ཧུང་ངོ་ཟེར་བས། བཀའ་བསྟན་ནང་གི་ཕུང་པོ་ལྔ་ཞེས་པ་དེ་ཨམ་སྐད་ཀྱི་ཧུང་ངོ་ཞེས་པར་བྲིས་པ་ཡིན་ན་ཨམ་མདོ་བ་ཞིག་གིས་དེ་ལ་གོ་རྒྱུ་ཞིག་ཡོད་པ་མ་གཏོགས། ཨ་མདོ་རིག་གནས་མི་ཤེས་པ་ཞིག་གི་རྣ་ལམ་དུ་ཕུང་པོ་ལྔ་ཞེས་ལོ་ངོ་སྟོང་ཕྲག་ལ་བཏོན་ཡང་དེ་ལ་གོ་རྒྱུ་གང་ཡང་མི་འདུག དེ་བཞིན་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ་ཞེས་པ་ཡང་ཨམ་སྐད་ཀྱི་སངས་རྒྱས་ཀིས་བཀའ་གནང་ནི་རེད་ལྟ་བུར་འབྲི་དགོས་ཀྱི་འདུག དེ་ལྟར་གནའ་སྔ་མོའི་དབུས་པའི་ཡིག་སྐད་དུ་ཡོད་པའི་བཀའ་བསྟན་རིགས་ཆོལ་ཁ་རེ་རེའི་སྐད་དུ་མ་ཕབ་བར་དུ་བཀའ་བསྟན་འདི་ཚོ་གྲྭ་པ་ཨ་ནེ་དེ་དང་སློབ་མའི་སྡེ་རུ་བེད་སྤྱོད་ཕྲན་བུ་ཞིག་བྱེད་ཐུབ་པ་མ་གཏོགས་མི་དམངས་སྤྱི་ལ་ཕན་ཐོགས་པའི་དངོས་པོ་ཞིག་ཏུ་འགྱུར་རྒྱུ་ནི་ཧ་ཅང་དཀའ་བར་འདོད། ཕྱག་མཆོད་ཙམ་བྱས་ན་ཡང་ཕན་ཡོན་ལོས་ཡོད་དེ་དེའི་དགོས་པ་གཙོ་བོ་དེ་མ་ཡིན་པའི་ཕྱིར།
དེབ་སྐབས་་་་དེང་སྐབས་་་
ཨ་ནེ་དེ་དང་་་་་་་་་་་་ཨ་ནེ་དེ་ཚོ་དང་་་་
ལོ་སྔོན་་་་་་་ལོ་ངོ་་་་
ལ་འཇམ་ལགས། སྐད་ཡིག་གཅིག་གྱུར་གྱི་སྐད་ཆ་བཤད་མི་ཆོག་པ་ག་ལ་ཡིན། སུས་བཤད་ན་རྗེས་སུ་ཡི་རངས་ཡོད། དངོས་གནས་སྐད་ཡིག་གཅིག་གྱུར་གྱི་ལས་དོན་བསམས་ནས་ལས་ཀ་བྱེད་བཞིན་ཡོད་ན། ད་ཐེངས་ངས་ཁྱེད་ཀྱི་ནོར་འཁྲུལ་ཁ་ཤས་མ་གཏོགས་འབྲི་ཁོམ་མི་འདུག མི་ཚེའི་བསྟོད་ལ་མི་ཚེའི་སྟོད། ཤིང་སྤར་ལ་ཤིང་དཔར་ཞེས་ཕྲིས། ཡང་། ཞུས་དག་ལ་ཞུ་དག་ཞེས་བྲི་དགོས་ཏེ། ཞུ་དག་ནི་མིང་ཚིག་བརྗོད་པ་གསུམ་ལས་མིང་དུ་གྱུར་ཟིན་པས་མིང་བཟོ་སྐབས་དག་ཆ་ཐག་ཆོད་བྱེད་སྟངས་དང་མཐུན་པས་སོ། ཁྱོད་ཀྱི་ལུང་པའི་སྐད་ཡིན་ན་དག་ཆ་ནོར་བ་བྲིས་ཆོག་གི་ཡོད་ན་ཡ་མཚན་རེད། ངོ་མ་བཤད་ན། རྩོམ་ཡིག་གི་ལམ་ནས་བོད་ཀྱི་སྐད་ཡིག་གཅིག་གྱུར་གྱི་སྐད་ཆ་བཤད་རྒྱུ་སྔ་དྲགས་འདུག ངས་བལྟས་ན། ཁྱེད་ཀྱི་ཀླད་པའི་ནང་དུ་སི་ཏུ་འགྲེལ་ཆེན་གྱི་ཁྲིད་རྒྱུན་ཟིན་བྲིས་ཤོག་ལྷེ་འགའ་ལས་ཅི་ཡང་མེད་པ་ཟུར་བལྟས་ལེབ་མཐོང་རེད། ཁྱེད་ལས་ངེད་ཚང་གི་ཨ་ཁུ་ཀླུ་སྨྱོན་སོགས་ཀྱིས་ཀྱང་སྐད་ཡིག་གཅིག་གྱུར་ཐད་གྲུབ་འབྲས་གང་འཚམ་བཞག་ཡོད་པ་ཚང་མས་མཁྱེན་གསལ་རེད། བདེ་མོ།
དགེ་བཤེས་ཤེས་རབ་རྒྱ་མཚོས། ལུང་བ་རེ་ལ་སྐད་རེའི་དཔེ་དོན་བཞིན་ཕལ་སྐད་མཐའ་དག་གི་རྗེས་འདེད་བགྱིད་པར་སུ་ཞིག་གིས་སྤོབས། འོན་ཀྱང་རང་སྐད་བསྒྱུར་རྒྱུ་དང་གཅིག་སྐད་ཀུན་གོ་ཧ་ཅང་དཀའ་ངལ་ཆེ་བས་གང་ལ་གང་འོས་སུ་ཡུལ་སོ་སོའི་བརྡའང་མ་བཀོལ་ན་མཐར་གང་ལ་ཡང་ཕན་མི་ཐོགས་པའི་ཡ་མ་ཆ་ཞིག་ཏུ་བསྒྱུར་ཉེན་མཆིས། དེའི་ཕྱིར་བཀའ་དང་བསྟན་བཅོས་ལ་གྲགས་པའི་ཡུལ་དབུས་ཀྱི་མིང་ཚིག་རྣམ་དག་གང་ཐོན་སྲོག་ཏུ་བཟུང་ནས་སྟེང་ནས་མཁན་པོ་འཇམ་པའི་དབྱངས་ཀྱི་ཞལ་གསལ་གོང་དུ་སྨྲས་པ་དེ་དག་དང་། བདག་གཞན་དུས་གསུམ་གྱི་གསང་གནད་གོ་རྟོག་དཔྱིས་ཕྱིན་རྨ་ལ་བཙགས་ཚུགས་ཟུང་དུ་འབྲེལ་བས་གདམ་ང་ཧྲལ་ཧྲོལ་དང་ཕལ་སྐད་རང་ལྟ་མཆོག་འཛིན་གྱི་རིགས་དོར་ན་ལེགས། ཞེས་དང་། མཁས་དབང་དགེ་ཆོས་ཚང་གིས། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྡ་མཛོད་དང་གླེགས་བམ་དུ་བསྡེབས་པ་འདི་རིགས། བརྒྱ་ལ་དར་སོ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མིའདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དངསྤྱོད་ལམ་སོགས་ཀྱང་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་བ་དེ་འདྲ་ཞིག་བོད་ཡུལ་ཀུན་དུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ཞེས་གསུངས་པ་ལྟར་ཧི་མ་ལའི་ཕར་ཕྱོགས་ཀྱི་བོད་མི་རིགས་དང་ཚུར་ཕྱོགས་ཀྱི་བླ་དྭགས་སོགས་སྐད་རིགས་གཅིག་གི་འོག་ཏུ་གནས་པའི་མི་རིགས་ཚང་མས་གོང་སྨོས་མཁས་དབང་འདི་གཉིས་ཀྱིས་གསུངས་པ་དེ་ལ་གཙིགས་སུ་འཛིན་དགོས་བར་མཐོང་ངོ།
དགོངས་དག གོང་ནས་ཡིག་ནོར་ཁག་གཉིས་བྱུང་འདུག་པ། ༼སྲོག་ཏུ་བཟུང་བའི་སྟེང་ནས༽ ༼སྐད་མཛོད༽ཞེས་བར་བཅོས་རོགས་གནང་།